Friday, August 9, 2019

མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་སྙིང་བསྡུས།



༄༅།  །མཆིམས་ནམ་མཁའ་གྲགས་ནི། རབ་བྱུང་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༢༡༠ ལོར་གཙང་མྱང་སྟོད་སྨོན་འགྲོའི་ཁའུར་ཞེས་པའི་སར། ཡབ་དཔོན་དར་མགོན་དང་། ཡུམ་ལྷ་ས་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་ཁུ་བོ་མཆིམས་བློ་གྲོས་བསྟན་པའི་དྲུང་ནས་གསན་བསམ་སློབ་གཉེར་གྱི་དབུ་ཚུགས་ཏེ་གཞུང་ལུགས་ཀུན་ལ་སྦྱངས་བརྩོན་མཛད། དེའི་དྲུང་ནས་དགུང་ལོ་བཅུ་དྲུག་པར་རབ་ཏུ་བྱུང་ཞིང་། དགུང་ལོ་ཉི་ཤུ་པར་དཔལ་ལྡན་གྲོ་བོ་ཆེས་མཁན་པོ་དང་། བ་ཕྱར་བསོད་ནམས་གྲགས་ཀྱིས་ལས་སློབ། མཆིམས་བློ་གྲོས་བསྟན་པས་གསང་སྟོན་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་རྫོགས་ཀྱི་སྡོམ་པ་གནོས་སོ།། དགུང་ལོ་ཉེར་གཅིག་པར་སྣར་ཐང་མདོ་སྔགས་ཀྱི་གསན་བསམ་མཐར་ཕྱིན་པ་མཛད། རབ་བྱུང་བཞི་པའི་ལྕགས་ཁྱི་ ༡༢༥༠ ནས་ཞི་བར་མ་གཤེགས་བར་བགྲང་བྱ་སུམ་ཅུ་སོ་དྲུག་ཏུ་གདན་ས་པ་མཛད་དེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་ཤིན་ཏུ་ཆེན་པོ་མཛད་པས། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཆེ་དགུ་རྣམས་ཀྱིས་མཆོད་ཅིང་བཀུར་བ་དང་། གདམས་པའི་བརྒྱུད་འཛིན་སློབ་ཚོགས་རྒྱ་ཆེ་བསྐྱངས་པ་ལས་དེ་དག་གི་ནང་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་བུ་མང་དུ་ཐོན་ཏེ། གྲགས་ཆེ་བ་འགའ་ཞིག་སྨོས་ན། སྐྱིལ་ནག་གྲགས་པ་སེང་གེ  རྒྱང་རོ་པཎ་ཆེན། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། དབུས་པ་བློ་གསལ། མཆིམས་འཇམ་པའི་དབྱངས་སོགས་བྱོན་པར་སྣང་ངོ་༎ མཐར་དགུང་གྲངས་དཽན་ལྔར་ཕེབས་པ་རབ་བྱུང་ལྔ་པའི་ཤིང་བྱ་ཕྱི་ལོ་ ༡༢༨༥ ལོར་སྐུ་ཞི་བར་གཤེགས་ཚུལ་བསྟན་ཏོ།།

       གསུང་རྩོམ་ལ།  ཆོས་མངོན་པ་མཛོད་ཀྱི་ཊཱི་ཀ་ཆེན་མོ། ཆོས་མངོན་པ་མཛོད་ཀྱི་བསྡུས་དོན། དབུ་མའི་ལྟ་ཁྲིད། ཤེར་ཕྱིན་སྒོམ་དོན་རིན་ཆེན་སྤུངས་པ། སྐྱེས་བུ་གསུམ་གྱི་ལམ་རིམ། སྨོན་སེམས་ཆོ་ག །འཇུག་པ་སེམས་བསྐྱེད་ཀྱི་ཆོ་ག །བྱང་ཆུབ་སེམས་འགྲེལ་གྱི་བསྡུས་དོན། ཆོས་འཆད་ཉན་ལ་འཇུག་པའི་ཡན་ལག  །བཀའ་གདམས་ལོ་རྒྱུས་དང་འབྲེལ་བའི་བློ་སྦྱོང་། མཁན་པོ་མཆིམས་པའི་གསན་ཡིག་སོགས་གསུང་རྩོམ་མི་ཉུང་བ་ཞིག་ད་ལྟ་ཡང་མཇལ་དུ་ཡོད་པ་བཅས་སོ༎ 

༼དོགས་སེལ་ཉུང་ངུ་།༽
འདིར་དུང་དཀར་ཚིག་མཛོད་དུ་མཁས་པ་འདིའི་ངོ་སྤྲོད་དུ། འདི་དང་ཡོངས་གྲགས་སུ་མཆིམས་མཛོད་ཅེས་གྲགས་པ་མཛོད་འགྲེལ་མངོན་པའི་རྒྱན་གྱི་མཛད་པ་པོ་མཆིམས་འཇམ་པའི་དབྱངས་གཉིས་གང་ཟག་གཅིག་ཏུ་མཛད་ཅིང་། དེ་ལ་བརྟེན་ནས་དེང་སང་དེབ་ཀྱི་གླེང་བརྗོད་དང་མཚམས་སྦྱོར་འབྲི་མཁན་དག་གིས་དེ་གཉིས་གཅིག་ཡིན་ཤག་བྱས་པ་མང་ཡང་། དོན་དངོས་ཐོག་དེ་གཉིས་གང་ཟག་སོ་སོ་བ་ཡིན་པ་ནི། མཆིམས་འཇམ་པའི་དབྱངས་ཀྱིས་མཛོད་འགྲེལ་མངོན་པའི་རྒྱན་གྱི་མཛད་བྱང་དུ། “གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས། དཔའ་ས་སྐྱའི་ཆོས་གྲྭ་ཆེན་པོར་དབུ་བརྩམས་ནས། སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ།།” ཞེས་གསུངས་ལ། འདིའི་མཆིམས་ཐམས་ཅད་མཁྱེན་པ་ཞེས་པ་ནམ་མཁའ་གྲགས་ཡིན་པ་ནི། མཆིམས་བློབཟང་གྲགས་པས། མཆིམས་ཊཱིཀ་ཆུང་བའི་མཆོད་བརྗོད་དུ། “འཇིག་རྟེན་ཀུན་ལ་ཐམས་ཅད་མཁྱེན་པར་གྲགས༎ སངས་རྒྱས་མཆིམས་ལ་གུས་པས་འདིར་ཕྱག་འཚལ།།” ཞེས་གསུངས་ཤིང་། མཛད་བྱང་དུ། “ནམ་མཁའ་ལྟར་གྱུར་མཁྱེན་པ་རབ་ཡངས་གྲགས་པའི་མཐའ་ཅན་དེས་མཛད་གང་༎ སྟོན་པའི་གསུང་བཞིན་བདག་གིས་བླངས་ཞིང་གཞན་ལ་བཤད་བྱ།” ཞེས་སོགས་གསུངས་པ་གཉིས་གུང་བསྒྲིག་ན་གོ་བར་ནུས་ཤིང་། ཛ་ཡ་པཎྜིཏས་ཀྱང་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ཉུང་ངུ་ཞིག་མཛད་པར་ཡང་། “ཡོངས་གྲགས་ལ་མཆིམས་ཐམས་ཅད་མཁྱེན་པ་ཞེས་གྲགས་སོ༎” ཞེས་་ཤིན་ཏུ་གསལ་བར་གསུངས་པས། མཆིམས་ནམ་མཁའ་གྲགས་ཉིད་མཆིམས་ཐམས་ཅད་མཁྱེན་པར་ངེས་ལ། མཆིམས་འཇམ་པའི་དབྱངས་ནི་མཆིམས་ཐམས་ཅད་མཁྱེན་པའི་དངོས་སློབ་ཡིན་པ་ནི་གོང་དུ་བཀོད་པ་ལྟར་ལགས་སོ༎ 

         འདིའི་རྣམ་ཐར་རྒྱས་པ་ཤེས་འདོད་ན་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པའི་ `བླ་མ་ཡང་དག་པ་དགེ་བའི་དགེ་བའི་བཤེས་གཉེན་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུའི་རྣམ་པར་ཐར་པ་ཡོན་ཏན་བསྔགས་པའི་ཕྲེང་བ་ཞེས་བྱ་བ་’ ལས་ཤེས་པར་བྱའོ༎     ༎


Thursday, August 8, 2019

༧རྒྱལ་མཆོག་སྐུ་ཕྲེང་བདུན་པའི་རྣམ་ཐར་སྙིང་བསྡུས།



༧རྒྱལ་མཆོག་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་མཆོག་ནི། སྤྱི་ལོ་ ༡༧༠༨ ལོ་སྟེ་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་བའི་ལོར་མདོ་ཁམས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་ལྷ་ཞོལ་དུ་ཡབ་བསོིད་ནམས་དར་རྒྱས་དང་ཡུམ་བསོད་ནམས་ཆོས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཨ་ཞང་ཨ་དགེ་མཆོག་ནས་བསྐལ་བཟང་རྒྱ་མཚོ་ཞེས་མཚན་གསོལ།
རིང་པོར་མ་ལོན་པར་ལྷ་བླ་མའི་ལུང་ལྟར་༧གོང་ས་དྲུག་པ་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་ཞུས།  སྤྱི་ལོ་ ༡༧༡༦ ལོར་དགུང་ལོ་དགུ་པའི་ཐོག་ཆུ་བཟང་ནོ་མོན་ཧན་གྱིས་མཁན་པོ་མཛད་དེ་རབ་ཏུ་བྱུང་། མཚན་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེ་ནས་ཆུ་བཟང་ནོ་མོན་ཧན་ལས་བསྡུས་གྲྭ་ནས་བཟུང་གཞུང་ཆེན་མོར་གསན་སྦྱོང་གི་དབུ་བཙུགས།
སྤྱི་ལོ་ ༡༧༢༠ ལོར་ལྷ་ལྡན་དུ་ཕེབས། ལོ་དེར་༧པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་མཆོག་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། དེ་ནས་༧པཎ་ཆེན་བློ་བཟང་ཡེ་ཤེས་དང་ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིན་པ་མཛད། དགུང་ལོ་བཅུ་དགུ་སོན་པ་ན་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གིས་མཁན་པོ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་བསྒྲུབས། སྤྱི་ལོ་ ༡༧༢༨ ལོར་སྐབས་དེར་ཆབ་སྲིད་ཡོ་ལང་ཧ་ཅང་འཚུབ་པས་རྩེ་ཕོ་བྲང་གི་རྟེན་གཙོ་སྤྱན་རས་གཟིགས་ཁ་སར་པ་ཎིའི་དྲུང་དུ་འཕགས་མཆོག་སྤྱན་རས་གཟིགས་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཕན་བདེའི་ཆར་འབེབ་མཛད། སྐབས་དེར་༧གོང་ས་མཆོག་གིས་ཐུགས་སྐྱོ་བས་སྤྱན་ཆབ་བསིལ་བཞིན་གསུང་བ་དང་། གངས་ཅན་རི་ཡི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནས་མོད་ཀྱི། །ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུ་ངོ་ཚ་སྤངས་ནས་ནི། །ཁྱིམ་པ་རྣམས་བསྙེས་ཅིང་ངོར་ལྟ་དམ་པས་སྨད་པའི་ལས་ལ་འཇུག །ཅེས་པའི་ཚིག་མཚམས་སུ་སླེབས་སྐབས་སྤྱན་རས་གཟིགས་ཁ་སར་པཱ་ཎི་ཡང་སྤྱན་ཆབ་བསིལ་བར་གྲགས་ལ། དེ་མན་ཆད་༧གོང་ས་བདུན་པ་མཆོག་དང་སྤྱན་རས་གཟིགས་ཁ་སར་པཱ་ཎི་ལྷན་དུ་གསུངས་པས་གསུང་རྩོམ་འདི་མགོན་པོ་མཆོག་གི་གསུང་དུ་མའི་ནང་ནས་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད། འཕགས་བསྟོད་གསུངས་གྲུབ་རྗེས་ཉེན་གཡོལ་གྱི་ཆེད་དུ་དབུས་ནས་ཆིབས་ཁ་བསྒྱུར་ཏེ་འགར་ཐར་དུ་ཕེབས།
སྤྱི་ལོ་༡༧༣༥ ལོར་རྩོད་རྙོག་ཅུང་ཟད་ཞི་འཇགས་སུ་སོང་བས་མགོན་པོ་མཆོག་དབུས་འགྱུར་ལྷ་ལྡན་ཞིང་དུ་སླར་ཡང་ཕེབས་ནས་བསྟན་འགྲོར་སྨན་པའི་མཛད་རྗེས་རླབས་ཆེན་བསྐྱངས། སྤྱི་ལོ་ ༡༧༥༡ ལོར་བོད་ཀྱི་སྲིད་དབང་བཞེས་ནས་བཀའ་བློན་སེར་སྐྱ་བཞི་བསྐོས་ཀྱིས་བཀའ་ཤག་གི་སྲོལ་གསར་གཏོད་གནང་། སྤྱི་ལོ་ ༡༧༥༤ ལོར་རྩེ་སློབ་གྲྭ་གསར་འཛུགས་གནང་། སྤྱི་ལོ་ ༡༧༥༥ ལོར་ནོར་བུ་གླིང་ཁ་གསར་འདེབས་མཛད། བསྟན་འགྲོའི་དོན་དུ་སྐུ་ཚེ་ཧྲིལ་པོར་ཆབ་སྲིད་ཀྱི་མཛད་པ་སྐྱོང་བཞིན་པར་ཡང་ཐུབ་པའི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་སྐྱོང་བའི་མཛད་པསདུས་འདའ་བར་མཛད། མཐར་དགུང་ལོ་ལྔ་བཅུ་པར་ཕེབས་པ་ན་སྤྱི་ལོ་ ༡༧༥༧ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ།། ལེགས་བཤད་གསུང་འབུམ་རྣམ་ཐར་དང་བཅས་པའི་པོད་བཅུ་གསུམ་བཞུགས།

Wednesday, August 7, 2019

བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ།

བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ནི།

རྗེ་བཙུན་གྱི་བྱམས་ཆོས་སྡེ་ལྔ། ཐོགས་མེད་ཀྱི་ས་སྡེ་ལྔ། སྡོམ་རྣམ་གཉིས། དབྱིག་གཉེན་གྱི་པྲ་ཀ་ར་ཎ་སྡེ་བརྒྱད་རྣམས་སོ༎

དེ་ལ་བྱམས་ཆོས་སྡེ་ལྔ་ནི།
༡ མངོན་རྟོགས་རྒྱན། ༢ མདོ་སྡེ་རྒྱན། ༣ དབུས་མཐའ་རྣམ་འབྱེད། ༤ ཆོས་ཉིད་རྣམ་འབྱེད། ༥ རྒྱུད་བླ་མ་དང་ལྔའོ།།

ས་སྡེ་ལྔ་ནི།
༡ སའི་དངོས་གཞི། ༢ གཞི་བསྡུ་བ། ༣ སྒོ་བསྡུ་བ། རྣམ་གྲངས་བསྡུ་བ། ༥ གཏན་ལ་དབབ་པའི་བསྡུ་བ་དང་ལྔའོ༎

སྡོམ་རྣམ་གཉིས་ནི།
༡ ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་བཏུས། ༢ ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་གཉིས་སོ༎

པྲ་ཀ་ར་ཎ་སྡེ་བརྒྱད་ནི།
༡ ཉི་ཤུ་པ། ༢ སུམ་ཅུ་པ། ༣ ལས་གྲུབ་པའི་རབ་བྱེད། ༤ རྣམ་བཤད་རིགས་པ། ༥ ཕུང་པོ་ལྔའི་རབ་བྱེད། ༦ རྟེན་འབྲེལ་མདོ་འགྲེལ། ༧ མདོ་སྡེ་རྒྱན་གྱི་འགྲེལ་པ། ༨ དབུས་མཐའི་འགྲེལ་པ་དང་བརྒྱད་དོ༎ 

Monday, August 5, 2019

རིག་པའི་གནས་བཅོ་བརྒྱད།

རིག་པའི་གནས་བཅོ་བརྒྱད་ནི། 

རོལ་མོ་དང་། འཁྲིག་ཐབས་དང་། སོ་ཆིས་དང་། གྲངས་ཅན་དང་། སྒྲ་དང་། གསོ་བ་དང་།ཆོས་ལུགས་དང་། བཟོ་དང་། འཕོང་དཔྱད་དང་། གཏན་ཚིགས་དང་། སྦྱོར་བ་དང་། ཐོས་པ་དང་། དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། སྔོན་འབྱུང་བ་དག་ཡིན་ཏེ། རིག་པ་བཅོ་བརྒྱད་དེ་དང་དེ༎ སྔོན་གྱི་དྲང་སྲོང་དག་གིས་བཤད༎ མྱུར་དུ་ཁོང་དུ་ཆུད་པར་བྱེད་པའི་བློ་གང་ལ་ཡོད་པ་དེ་ནི་བློ་རྣོ་བ་ཡིན་ལ། བྱེ་བྲག་ཁོང་དུ་ཆུད་པར་བྱེད་པ་ནི་གསལ་བ་ཡིན་ནོ༎ 

ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ལས་བཏུས། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད། (སྡེ་བསྟན། འདུལ་བ། ཛི་པ།ཙ༡༢༩ བ ༥)