༡ ཕྱི་ལོ ༡༩༧༤ ཟླ་བ་ ༡༡ ཚེས་ ༡ ཉིན་རྒྱ་གར་དྷ་རམ་ས་ལར་སྐྱེས།
༢ ཆུང་དུས་ཌལ་ཧོ་སི་གཏན་སློབ་ཏུ་གཞི་རིམ་འཛིན་གྲྭ་བཞི་པའི་བར་ཕྱིན།
༣ ཕྱི་ལོ་ ༡༩༨༥ རང་ལོ་ ༡༡ ཐོག་དྷ་ས་ཚེ་མཆོག་གླིང་གྲྭ་ཚང་དུ་ཆོས་ཞུགས་བགྱིས་ཏེ་ལོ་བདུན་རིང་བོད་དབྱིན་གྱི་རྨང་གཞིའི་རིག་གནས་དང་། ལྷག་པར་མཐོང་བརྒྱུད་ཆོ་ག་ཕྱག་ལེན་དང་ཐིག་རྡུལ་ཚོན་སོགས་གསང་ཆེན་སྨད་རྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་བསླབས།
༤ ཕྱི་ལོ་ ༡༩༨༧ ལོར་༧གོང་ས་མཆོག་གི་དྲུང་ནས་རབ་བྱུང་བསྒྲུབས་ཞིང་། ཁོང་གི་བཀའ་དགོངས་བཞིན་དགོན་དེར་མཚན་ཉིད་སློབ་གཉེར་གསར་འཛུགས་སྐབས་ཐེངས་དང་པོའི་སློབ་གཉེར་བའི་གྲས་སུ་ཞུགས།
༥ ཕྱི་ལོ་ ༡༩༩༢ རང་ལོ་ ༡༨ ཐོག་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་བསྡུས་གྲྭ་བློ་རྟགས་ནས་བཟུང་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་བྱེད་འགོ་ཚུགས།
༦ ཕྱི་ལོ་ ༡༩༩༧ ལོར་༧གོང་ས་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ཐོབ་པའི་སྐལ་བཟང་མངོན་དུ་གྱུར།
༧ ཕྱི་ལོ་ ༢༠༠༦ ནས་ ༢༠༡༣ བར་ལོ་བདུན་གྱི་རིང་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་དབུ་མཛད་ཆེན་མོ་བའི་ལས་འགན་འཁུར།
༨ ཕྱི་ལོ་ ༢༠༠༧ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ནས་ཕྱི་ལོ་ ༢༠༡༢ ལོར་རྒྱུགས་སྤྲོད་ལེགས་པར་ཐོན་ཏེ། རང་ལོ་ ༣༩ ཐོག་ཕྱི་ལོ་ ༢༠༡༣ ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དམ་འཇོག་གིས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ།
༩ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཁྲིད་བསྩལ་པ་དེའི་ཕྱག་དཔེ་ ‘བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་’ གླེགས་བམ་ལྔའི་ཞུ་ཆེན་པའི་འགན་ཁུར་བླངས་པ་སོགས་སྔ་ཕྱིར་ཕྱག་དཔེ་ཁ་ཤས་ཀྱི་ཞུ་སྒྲིག་པ་ཡང་བྱས།
༡༠ ཕྱི་ལོ་ ༢༠༡༤ ལོར་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་ལོ་གཅིག་རིང་གསང་སྔགས་ཀྱི་སློབ་གཉེར་ཚུལ་བཞིན་བྱས།
༡༡ ཕྱི་ལོ་ ༢༠༡༥ ནས་གྲྭ་ཚང་བློ་གསལ་གླིང་གི་གསང་སྔགས་འཛིན་གྲྭར་ཞུགས་ཏེ། ཕྱི་ལོ་ ༢༠༡༧ ལོར་གསང་སྔགས་རབ་འབྱམས་པའི་རྩེ་ཕུད་དང་པོའི་མཚན་གནས་ཐོབ།
༡༢ ཡང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༥ ནས་ ༢༠༡༩ བར་ལོ་བཞིའི་རིང་ཕར་ཕྱིན་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་ནང་ཞུགས།
༡༣ ད་ལྟ་ནི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སློབ་བུ་མི་ཉུང་བ་ཞིག་ལ་མདོ་སྔགས་གཞུང་ཆེན་ཁག་དང་། བརྡ་དག འདོན་ཆོག་དང་རྟ་དབྱངས་སོགས་སློབ་ཁྲིད་བྱེད་བཞིན་གནས་སོ།།