Sunday, November 22, 2020

བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད།

 ༄༅།  །ནམོ་གུརུ།  བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད་ནི། 

 རྙེད་པ་དང་བཀུར་སྟི་ལ་ཆགས་ཤིང་ཞེན་པའི་སྒོ་ནས་བདག་བསྟོད་གཞན་སྨོད་བྱེད་པ། 

 མགོན་མེད་པའི་སེམས་ཅན་གཞན་སློང་བའི་ཕྱིར་འོངས་པ་ན་ཆགས་པ་དང་སེར་སྣས་ཆོས་ནོར་གང་རུང་མི་སྟེར་བ། 

 གཞན་གྱིས་རང་ལ་གནོད་པ་བྱས་པ་སླར་སྙིང་ནས་བཟོད་པ་གསོལ་བ་ལ་བཤད་སྦྱང་མི་ལེན་པར་ཁོན་དུ་འཛིན་ཅིང་གནོད་པར་བྱེད་པ། 

 བྱང་སེམས་ཀྱི་སྡེ་སྣོད་ལ་སྨོད་ཅིང་དམ་པའི་ཆོས་ལྟར་བཅོས་ནས་གཞན་ལ་སྟོན་པ། 

 དཀོན་མཆོག་གསུམ་དང་སོ་སྐྱེའི་དགེ་སློང་བཞི་ཡན་གྱི་དཀོར་མ་བྱིན་པར་ལེན་པ། 

 ཤེས་བཞིན་དུ་ཐེག་པ་གསུམ་པོ་གང་རུང་གི་སངས་རྒྱས་ཀྱི་བཀའ་སྤོང་བ། 

 རབ་ཏུ་བྱུང་བའི་གོས་ངུར་སྨྲིག་སོགས་འཕྲོག་གམ་འཕྲོག་ཏུ་འཇུག་པ་དང་རྡེག་འཚོག་སོགས་བྱེད་པ། 

 མཚམས་མེད་ཀྱི་ལས་ལྔ་བོ་གང་རུང་བྱེད་པ། 

 དཀོན་མཆོག་དང་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ལ་ཡིད་མི་ཆེས་ཤིང་ལོག་ལྟ་བྱེད་པ། 

༡༠ གནོད་སེམས་ཀྱིས་གྲོང་དང་གྲོང་ཁྱེར་སོགས་འཇིག་པར་བྱེད་པ། 

༡༡ སྟོང་ཉིད་ཟབ་མོ་ལ་མི་དད་པའི་གང་ཟག་ལ་དེ་བསྟན་ནས་སྐྲག་པར་བྱས་ཏེ་རྫོགས་བྱང་ལས་ཕྱིར་ལྡོག་པ། 

༡༢ ཐེག་ཆེན་གྱི་ཆོས་ལ་མོས་པ་བཟློག་ནས་ཐེག་དམན་དུ་བསྒྱུར་བའོ། 

༡༣  སོ་ཐར་གྱི་སྡོམ་པ་བསྲུང་བ་གཏོང་དུ་བཅུག་ནས་ཉམས་པར་བྱེད་པ། 

༡༤ ཐེག་དམན་ལམ་གྱིས་ཉོན་མོངས་ཐམས་ཅད་སྤོང་ནུས་པ་མི་སྲིད་ཅེས་སྐུར་བ་འདེབས་པ། 

༡༥ རང་གིས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་བཞིན་དུ་རྟོགས་སོ་ཞེས་གཞན་ལ་སྨྲས་པ། 

༡༦ དགེ་སྦྱོང་ལ་ཆད་པ་གཅོད་ཅིང་དཀོན་མཆོག་གི་དཀོར་རྐུར་བཅུག་པ་རང་གིས་ལེན་པ། 

༡༧ ཞི་ལྷག་གི་བསམ་གཏན་ལ་བརྩོན་པའི་དགེ་སྦྱོང་ལ་གནོད་པའི་ཁྲིམས་འཆའ་ཞིང་དེའི་རྫས་འཕྲོག་ནས་ཁ་ཏོན་ཙམ་བྱེད་པ་ལ་སྦྱིན་པར་བྱེད་པ། 

༡༨ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་གྱི་སྨོན་སེམས་འདོར་བ་རྣམས་སོ༎ 

       དེ་དག་ལས་ལོག་ལྟ་དང་སེམས་འདོར་ལ་ནི་ཉེས་པ་བྱུང་བ་ཙམ་གྱིས་རྩ་ལྟུང་དུ་གྱུར་ལ། གཞན་རྣམས་རྩ་ལྟུང་དུ་འགྱུར་བ་ལ་ཀུན་དཀྲིས་ཆེན་པོ་ཚང་དགོས་སོ༎ 

བརྒལ་ལན་མེས་པོའི་ཞལ་ཆབ་ལས། རྩོམ་ཤོག་གཉིས་པ།

 

༄༅།   །ནམོགུརུམཧཱཀརུཎིཀཡ། 

རིན་ཆེན་སེམས་མཆོག་ཕྱིན་དྲུག་བསྡུ་བ་བཞིས༎ 

ཐུགས་རྒྱུད་གཏམས་པས་ཕྱི་ནང་མཛད་པ་ཀུན༎ 

བསྟན་དང་འགྲོ་བའི་གསོས་སུ་རྟག་འཆར་བ༎ 

རྣམ་འདྲེན་བླ་མ་བསྟན་འཛིན་རྒྱ་མཚོར་འདུད༎ 


       ཡང་འདིར་བརྒལ་ལན་མེས་པོའི་ཞལ་ཆབ་ཅེས་བྱ་བའི་དཔྱད་རྩོམ་དེའི་སྔ་མའི་འཕྲོ་འཐུད་ནས་འཆད་པ་ལ་འཇུག་པ་ལ། དེ་ཡང་མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་བའི་གསུང་། སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། ༣༩༣-༥༨༥) ལས་བོད་སྔ་མའི་སེམས་བསྐྱེད་ཀྱི་ཆོ་གའི་ཁྱད་པར་ལ་དགག་བཞག་རྒྱས་པར་མཛད་པ་ལ། མཚམས་འདིར་དེ་ལ་པཎ་ཆེན་ཤཱཀ་མཆོག་པས་དགག་ལན་རྒྱས་པར་མཛད་དོ༎ 


༡༽ བོད་སྔ་ཕྱིའི་བཞེད་པ་བཀོད་ནས་གླེང་བསླང་བ། 


       དེ་ཡང་བོད་སྔ་མ་མང་པོས། བྱང་སྡོམ་གྱི་བརྒྱུད་པ་ལ་དབུ་མ་ལུགས་དང་སེམས་ཙམ་ལུགས་ཞེས་ལུགས་མི་འདྲ་བ་གཉིས་སུ་བྱས་ནས་སྡོམ་པ་བླང་ཡུལ་བཤེས་གཉེན་གྱི་ཁྱད་པར་དང་། ལེན་པ་པོ་སློབ་མའི་ཁྱད་པར། བླང་བའི་ཆོ་ག །བསྲུང་བྱའི་ཚུལ་ཁྲིམས་ཀྱེ་གྲངས། ཉམས་ན་ཕྱིར་བཅོས་ཚུལ་བཅས་ཐམས་ཅད་མི་མཐུན་པར་བཞེད། རྗེ་ཙོང་ཁ་པ་ཡབ་སྲས་ནི་སྡོམ་པ་འབོགས་པའི་ཆོ་ག་ཅུང་ཟད་མི་འདྲ་བ་ཙམ་མ་གཏོགས་ཁྱད་པར་ཆེར་ཡོད་པར་མི་བཞེད་ཅིང་། བཞེད་ཚུལ་སྔ་མ་ལ་དགག་པ་ཡང་མཛད་དོ༎ དེ་ལ་བརྟེན་ནས་པཎ་ཆེན་ཤཱཀ་མཆོག་པས་གོང་མའི་བཞེད་པ་སྐྱོང་བའི་ཕྱིར་དུ་སྨོན་འཇུག་གི་ཆོ་གའི་ཁྱད་པར་ལ་དཔྱད་པ་མཛད་པ་ན། ལུང་རིགས་རོལ་མཚོར། (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༢༡་༡༧)

གཉིས་པ་དེ་ལ་གཞན་གྱིས་བཏགས་པའི་མཐའ་སེལ་བ་ནི། བོད་ཕྱི་མ་ཁ་ཅིག་ན་རེ།ཞེས་སོགས་ཀྱིས་སྤྱིར་རྗེ་ཙོང་ཁ་པ་ཆེན་པོའི་གསུང་བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་དང་། ལྷག་པར་མཁས་གྲུབ་ཆོས་རྗེའི་གསུང་སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར་ནས་གསུངས་པ་རྣམས་གཞུང་ཚིག་ཕལ་ཆེར་བཀོད་པས། གཙོ་བོར་དེ་ཉིད་ཕྱོགས་སྔ་བླངས་ནས། དེའི་རྗེས་སུ་དེ་དག་ལ་དགག་པ་རྒྱས་པར་མཛད་དོ༎ 

       དེ་ལ་ཐོག་མར་རྗེ་བླ་མའི་བཞེད་པ་འགོད་པ་ནི། གཞུང་ལམ་ (རྗེ་ཙོང་ཁ་པའི་བཀའ་འབུམ་དཔེ་བསྡུར་མ།༢༠༢༠ པོད་ཀ་པ། བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ། ༤༡༡་༡༠) ལས། 

འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཆོ་གའི་ཁྱད་པར་འགའ་ཞིག་མི་འདྲ་བ་མ་གཏོགས་པ་སྡོམ་པ་འཐོབ་པའི་ཆོ་ག་ལ་དོན་ལ་ཁྱད་པར་མེད་དོ༎ དེས་ན་ལུགས་དེ་གཉིས་ལ་དབུ་མའི་ལུགས་དང་སེམས་ཙམ་ལུགས་ཀྱི་ཐ་སྙད་བྱས་ནས། བླང་བའི་ཡུལ་དང་། ལེན་པའི་ཆོ་ག་དང་། རྩ་ལྟུང་མི་མཐུན་པར་སྨྲ་བ་ནི་མ་བརྟགས་པ་ཆེན་པོའོ༎ 

ཞེས་སོགས་གཞུང་འདིའི་སྔ་ཕྱི་མང་པོར་བཞེད་ཚུལ་སྔ་མ་ལ་དགག་་པ་མཛད་པ་འོག་ཏུ་རིམ་པ་བཞིན་དགོད་པར་འདོད་ལ། དེའི་རྗེས་སུ་མཁས་གྲུབ་རྗེས་ཀྱང་ཕྱོགས་སྔ་མའི་འདོད་ཚུལ་དེ་དོན་ཚན་དྲུག་ཏུ་ཕྱེ་སྟེ་ཕྱོགས་སྔ་མ་རྒྱས་པར་བཀོད་ནས་རེ་རེ་ཞིང་འགོག་པར་མཛད་དེ། བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར། ༤༩༠་༨) ལས། 

གངས་རིའི་ཁྲོད་འདིར་བླ་མ་སྔ་མ་མང་པོ་ཞིག་གི་ལུགས་ཀྱིས་སྲོལ་ཆེན་པོ་གཉིས་སུ་སྨྲ་སྟེ། ཐེག་པ་ཆེན་པོ་སེམས་ཙམ་པའི་ལུགས་དང༌། དབུ་མ་པའི་ལུགས་སོ༎ དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་འགའ་ཞིག་གི་རྗེས་སུ་འབྲངས་ནས། འཕགས་པ་བྱམས་པའི་གསུང༌། སློབ་དཔོན་ཐོགས་མེད་ལས་བརྒྱུད་པ། སློབ་དཔོན་ཙནྡྲ་གོ་མིའི་རྗེས་སུ་འབྲངས་ནས་ཇོ་བོ་རྗེ་ལ་སོགས་པའི་ཕྱག་ལེན། དགེ་བའི་བཤེས་གཉེན་བཀའ་གདམས་པས་མཛད་པ་དེ་ཡིན་ལ། ཐེག་པ་ཆེན་པོ་དབུ་མ་པའི་སེམས་བསྐྱེད་ནི། མདོ་སྡེ་སྡོང་པོ་བཀོད་པ་དང་ནམ་མཁའི་སྙིང་པོའ་རྗེས་སུ་འབྲངས་ནས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་གསུང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ལས་བྱུང་བ། སློབ་དཔོན་ཞི་བ་ལྷའི་རྗེས་སུ་འབྲངས་ནས། སློབ་དཔོན་ཛེ་ཏ་རི་དང་ཇོ་བོ་པུཎྱ་ཤྲཱི་ལ་སོགས་པ་ལས་བརྒྱུད་པ་ཕྱག་ལེན་དུ་མཛད་པ་འདི་ཡིན་ནོ༎ འདི་གཉིས་ལ་ལྟ་བའི་ཁྱད་པར་བཞིན་དུ་སྤྱོད་པ་ལ་ཡང་ཁྱད་པར་ཡོད་དེ། དེ་ཡང་བླང་བར་བྱ་བའི་ཡུལ་མི་འདྲ། ལེན་པའི་གང་ཟག་མི་འདྲ། བླང་བའི་ཆོ་ག་མི་འདྲ། བླངས་ནས་བསྲུང་ཚུལ་མི་འདྲ། ཉམས་ན་ཕྱིར་བཅོས་ཚུལ་མི་འདྲའོ༎ 

ཞེས་སོགས་རྒྱ་ཆེར་གསུངས་སོ༎ དེ་ལ་འདིར་ཕྱོགས་སྔའི་བཞེད་པ་བཀོད་པ་རྣམས་ཚིག་རེ་ཙམ་མ་གཏོགས་རྗེ་བཙུན་ས་པཎ་གྱི་གསུང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད་དང་པོ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག ༣༠༤ -༣༣༧) ཞེས་བྱ་བའི་ཚིག་རིས་ཇི་ལྟ་བ་བཞིན་སྣང་བས། གཞུང་དེ་ཉིད་ཕྱོགས་སྔ་བླངས་པར་ངེས་སོ༎ གཞུང་གཉིས་སུ་དོན་ཚན་གཉིས་པ་མན་ཆད་གྱི་དགག་པ་དང་དགག་ལན་རྣམས་འདྲེས་ནས་ཚན་པ་སོ་སོར་མཚམས་མ་བཅད་པས། འདིར་དགག་བཞག་སྤོང་གསུམ་ལ་འཇུག་པ་བདེ་བའི་ཕྱིར་བྱི་དོར་ལས་གསུངས་པའི་དོན་ཚན་དྲུག་སོ་སོར་ཕྱོགས་སྔའི་འདོད་པ་དང་། དེའི་དགག་པ། དེ་ལ་པཎ་ཆེན་གསེར་མདོག་ཅན་པས་དགག་པ། ཡང་དེ་ལ་ཁོ་བོས་རྩོད་སྤོང་རྣམས་དཀྱུས་གཅིག་འགོད་པར་བྱའོ༎ 


༢༽ བྱང་སྡོམ་གང་ལས་བླང་བའི་ཡུལ་ལ་དཔྱད་པ། 


       དེ་ལ་དང་པོ་སྡོམ་པ་བླང་བའི་ཡུལ་གྱི་ཁྱད་པར་ལ། ཕྱོགས་སྔའི་འདོད་པ་བརྗོད་པ་ནི། བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར། ༤༩༠་༡༩) ལས། 

དང་པོ་ནི། མགོན་པོ་བྱམས་པས། (སྡེ་བསྟན། སེམས་ཙམ། ཕི་པ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན། འཕགས་པ་བྱམས་པ། ༢༥ བ ༢) བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ༎ ཞེས་སོགས་གསུངས་པའི་མཚན་ཉིད་དང་ལྡན་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། (སྡེ་བསྟན། སྐྱེས་རབས། གེ་པ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། འཕགས་པ་ཀླུ་སྒྲུབ། ༡༢༥ བ ༣) ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན༎ ཉོན་མོངས་སེལ་བའི་ཤེས་རབ་ཅན༎ ཞེས་གསུངས་པ་དང་ལྡན་པའོ༎ 

ཞེས་རྒྱན་དང་རིན་ཆེན་ཕྲེང་བ་གཉིས་ལས་གསུངས་པའི་བཤེས་གཉེན་གྱི་མཚན་ཉིད་བསྟན་པའི་གཞུང་ཚིག་རྣམས་སྔ་མ་སེམས་ཙམ་ལུགས་དང་། ཕྱི་མ་དབུ་མ་ལུགས་ཀྱི་བྱང་སྡོམ་བླང་ཡུལ་གྱི་བླ་མའི་མཚན་ཉིད་བསྟན་པར་ཕྱོགས་སྔར་བཀོད་དོ༎ འོན་ཀྱང་ལུང་རིགས་རོལ་མཚོར་རང་ལུགས་བཞག་པ་ན་ནི། གོང་གི་གཞུང་ཚིག་དེ་དག་མ་དྲངས་པར་སྡོམ་པ་ཉི་ཤུ་པ་དང་། སྤྱོད་འཇུག་གི་གཞུང་ཚིག་བཀོད་ནས་ལུགས་གཉིས་ཀྱི་བླ་མའི་མཚན་ཉིད་མི་འདྲ་བར་སྒྲུབ་སྟེ། དེ་ཉིད་ (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༡༧་༨) ལས། 

དང་པོ་ཇི་སྐད་དུ། (སྡེ་བསྟན། སེམས་ཙམ། ཧི་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། སློབ་དཔོན་ཙན་དྲ་གོ་མི། ༡༦༦ བ ༢) བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་དང་། (སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཞི་བ་ལྷ། ༡༤ ན ༥) རྟག་པར་དགེ་བའི་བཤེས་གཉེན་ནི། །ཞེས་སོགས་ཀྱི་ཁྱད་པར་ལས་དང་།

ཞེས་སོ༎ དེ་ནི་ཆོས་རྗེ་ས་ཎ་གྱིས། (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད་དང་པོ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག ༣༡༤་༡༧) རྒྱན་དང་སྡོམ་པ་ཉི་ཤུ་པ་སེམས་ཙམ་ལུགས་དང་། རིན་ཕྲེང་དང་སྤྱོད་འཇུག་དབུ་མ་ལུགས་སུ་བྱས་ནས་ལུང་དྲངས་པ་ལ། མཁས་གྲུབ་རྗེས་རྒྱན་དང་རིན་ཕྲེང་དྲངས་ནས་ཕྱོགས་སྔ་བཀོད་ཅིང་། ཤཱཀ་མཆོག་པས་སྡོམ་པ་ཉི་ཤུ་པ་དང་སྤྱོད་འཇུག་དྲངས་ནས་རང་ལུགས་བཞག་་པ་ཙམ་་མོ༎ 


       དེ་དག་ལ་མཁས་གྲུབ་ཆོས་རྗེས་དགག་པ་མཛད་ཚུལ་ནི། བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། ༤༩༣་༡༡) ལས། 

ལུགས་འདི་ནི་ཤིན་ཏུ་ལེགས་པ་མ་ཡིན་ཏེ། རྣམ་པར་དཔྱད་ན་ལྷག་མ་མ་ལུས་པར་འཇིག་པར་འགྱུར་བས། བརྟག་ཅིང་དཔྱད་པའི་དཔུང་ཅུང་ཟད་ཀྱང་མི་བཟོད་པའི་ཕྱིར་རོ༎ དེ་ཡང་འདི་ལྟར། དང་པོ་ཁོ་ནར་བླང་བའི་ཡུལ་མི་འདྲ་བའི་ཚུལ་སྨྲས་པ་དེ་མི་འཐད་དེ། ལུང་(རྒྱན་དང་རིན་ཕྲེང་།)དེ་གཉིས་ཚིག་ཐ་དད་པ་ཙམ་དུ་ཟད་ཀྱི། ཚིག་གཉིས་ཀྱིས་བསྟན་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཅུང་ཟད་རྒྱས་བསྡུས་མ་གཏོགས་དོན་གཅིག་ཏུ་སྣང་བའི་ཕྱིར་རོ༎ 

ཞེས་སོ༎ དེ་ལ་ལུང་གཉིས་པོའི་ཚིག་དོན་ཤེས་པ་གལ་ཆེ་ལ། དེ་ཡང་ལུང་དང་པོ་ནི་མདོ་སྡེ་རྒྱན་གྱི་གཞུང་ཚིག་ཡིན་ཏེ། ཇི་སྐད་དུའང་དེ་ཉིད་ (སྡེ་བསྟན། སེམས་ཙམ། ཕི་པ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན། འཕགས་པ་བྱམས་པ། ༢༥ བ ༢) ལས། 

བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ༎ ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན༎ བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་སྟེན༎ 

ཞེས་སོ༎ དེའི་དོན་ནི། དབྱིག་འགྲེལ་ (སྡེ་བསྟན། སེམས་ཙམ། ཕི་པ། མདོ་སྡེའི་རྒྱན་གྱི་བཤད་པ། སློབ་དཔོན་དབྱིག་གཉེན། ༢༡༢ ན ༤) ལས། 

བསྟེན་པའི་རྟེན་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བཤེས་གཉེན་ཡིན་ཏེ། དུལ་བ་ནི། ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དབང་པོ་དུལ་བས་སོ༎ ཞི་བ་ནི། ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་སེམས་ནང་དུ་ཞི་བར་གནས་པས་སོ༎ ཉེ་བར་ཞི་བ་ནི། ཤེས་རབ་དང་ལྡན་པའི་ཕྱིར་ཉོན་མོངས་པ་ཉེ་བར་གནས་པ་ཉེ་བར་ཞི་བས་སོ༎ ཡོན་ཏན་ལྷག་པ་ནི། མཉམ་པའམ་ཆུང་བ་མ་ཡིན་པའོ༎ བརྩོན་པ་དང་བཅས་པ་ནི། གཞན་གྱི་དོན་ལ་གཡེང་བ་མ་ཡིན་པའོ༎ ལུང་གིས་ཕྱུག་པ་ནི། ཐོས་པ་ཉུང་ངུ་མ་ཡིན་པའོ༎ དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་ནི། དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ༎ སྨྲ་མཁས་པ་དང་ལྡན་པ་ནི། སྨྲ་མཁས་པ་དང་ལྡན་པའོ༎ བརྩེ་བའི་བདག་ཉིད་ནི། ཟང་ཟིང་གི་སེམས་མེད་པའི་ཕྱིར་རོ༎ སྐྱོ་བ་སྤངས་པ་ནི། རྟག་ཏུ་ཆོས་སྟོན་པའི་ཕྱིར་རོ༎ 

ཞེས་གསུངས་སོ༎ ལུང་གཉིས་པ་ནི་རིན་ཆེན་ཕྲེང་བ་ (སྡེ་བསྟན། སྐྱེས་རབས། གེ་པ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། འཕགས་པ་ཀླུ་སྒྲུབ། ༡༢༥ བ ༣) ལས། 

དགེ་བའི་བཤེས་གཉེན་དེ་དག་གི། མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད༎ ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན༎ ཉོན་མོངས་སེལ་བའི་ཤེས་རབ་ཅན༎ དེ་དག་གིས་ནི་ཁྱོད་བསྟེན་ན༎ ཁྱོད་ཀྱིས་མཁྱེན་གྱི་གུས་པར་མཛོད༎ 

ཞེས་སོ༎ དོན་ནི། དེའི་དར་ཊཱིཀ་ (རྒྱལ་ཚབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཀ་པ། དབུ་མ་རིན་ཆེན་ཕྲེང་བའི་རྣམ་བཤད། ༣༠༤་༡༢) ལས། 

གཉིས་པ་ (བཤེས་གཉེན་གྱི་མཚན་ཉིད།) ནི། འོ་ན་དགེ་བའི་བཤེས་གཉེན་ཇི་ལྟ་བུ་བསྟེན་པར་བྱ་ཞེ་ན། དགེ་བའི་བཤེས་གཉེན་དག་གི་མཚན་ཉིད་མདོར་བསྡུས་པ་ཆོས་བཞི་དང་ལྡན་པ་མཁྱེན་པར་མཛོད་ཅིག །ཇི་ལྟ་བུ་ཞེ་ན། ཆོག་ཤེས་ཆེ་བ་རྙེད་བཀུར་མི་འདོད་པ་དང་། སྙིང་རྗེ་ཆེ་བ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། སློབ་མའི་ཉོན་མོངས་སེལ་བའི་ཤེས་རབ་ཅན་དེ་དག་གིས་ནི་ཁྱོད་ལ་གདམས་པ་དང་རྗེས་སུ་བསྟན་ན། ཁྱོད་ཀྱིས་མཁྱེན་པར་གྱིས་ལ་གུས་པར་མཛོད་ཅིག་པའོ།།

ཞེས་བཤེས་གཉེན་ཆོས་བཞི་ལྡན་དུ་གསུངས་སོ།། 

       འོ་ན་ལུང་གཉིས་ཀྱིས་བསྟན་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཅུང་ཟད་རྒྱས་བསྡུས་མ་གཏོགས་དོན་གཅིག་པ་ཡིན་ན། རྒྱན་ནས་གསུངས་པའི་ཆོས་བཅུ་པོ་རིན་ཕྲེང་ནས་གསུངས་པའི་ཆོས་བཞིར་བསྡུ་ཚུལ་ཇི་ལྟར་ཡིན་ཞེ་ན། དེའི་ཚུལ་ཡོད་དེ། ཆོག་ཤེས་ཆེ་བས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། སྙིང་རྗེ་ཆེ་བས། བརྩོན་པ་དང་བཅས་པ། བརྩེ་བའི་བདག་ཉིད། སྐྱོ་བ་སྤངས་པ་སྟེ་གསུམ་དང་། ཚུལ་ཁྲིམས་དང་ལྡན་པས། ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་དང་། ཤེས་རབ་ཅན་གྱིས། ལྷག་པ་ཤེས་རབ་ཀྱིབསླབ་པ། ཡོན་ཏན་ལྷག་པ། ལུང་གིས་ཕྱུག་པ། དེ་ཁོ་ན་ཉིད་རྟོགས་པ། སྨྲ་མཁས་པ་དང་ལྔ་བསྡུས་པའི་ཕྱིར་རོ༎ 


       དེ་ལ་པཎ་ཆེན་ཤཱཀ་མཆོག་པས་དགག་པ་མཛད་པ་ནི། ལུང་རིགས་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། ༢༢༣་༡༣) ལས། 

དང་པོ་ཡུལ་དགེ་བའི་གཤེས་གཉེན་གྱི་མཚན་ཉིད་གཅིག་པ་ལུང་དེ་གཉིས་ཀྱི་དགོངས་པ་མ་ཡིན་ཏེ། སྡོམ་པ་ཉི་ཤུ་པ་ལས། ནུས་དང་ལྡན་ལས་བླང་བར་བྱ༎ ཞེས་ཚིག་འབུར་དུ་དོད་པ་འབྱུང་ལ། དེའི་དོན་ཡང་། བྱང་སའི་ལུགས་ལ་སློབ་དཔོན་གྱི་ལུས་ཀྱི་བྱ་བ་ཕྱོགས་བཞིར་ཕྱག་འཚལ་བ་དང་། མེ་ཏོག་འཐོར་དགོས་པ་ལ་སོགས་པ་ལུས་ཀྱི་བྱ་བ་མང་པོ་དགོས་པས། དེ་ལྟར་ནུས་པ་ལས་ལེན་ཞེས་པའི་དོན་ཡིན་ལ། ཅིག་ཤོས་ལ་དེ་མི་དགོས་པའི་ཕྱིར་རོ༎ 

ཞེས་སོ༎ 


       ད་ནི་འདི་དག་ལ་ཅུང་ཟད་དཔྱད་ན། དེ་ཡང་མཁས་གྲུབ་རྗེས། རྒྱན་དང་རིན་ཕྲེང་ལས་གསུངས་པའི་བླ་མའི་མཚན་ཉིད་གསུངས་པ་རྒྱས་བསྡུས་ཙམ་མ་གཏོགས་དོན་གཅིག་པར་གསུངས་པ་ལ།  དེའིགནོད་བྱེད་དུ། ཡུལ་དགེ་བའི་གཤེས་གཉེན་གྱི་མཚན་ཉིད་གཅིག་པ་ལུང་དེ་གཉིས་ཀྱི་དགོངས་པ་མ་ཡིན་པ་དང་། དེའི་ཤེས་བྱེད་དུ་སྡོམ་པ་ཉི་ཤུ་པ་དྲངས་པ་ནི་འབྲེལ་བ་མེད་དེ། དེ་ལ་བརྟེན་ནས་རྒྱན་དང་རིན་ཕྲེང་གི་ལུང་གཉིས་ཀྱིས་བསྟན་པའི་དགེ་བའི་བཤེས་གཉེན་དོན་གཅིག་པར་གསུངས་པ་ལ་ཅི་ཡང་མི་གནོད་པའི་ཕྱིར། 

       གཞན་ཡང་ཁྱེད་ཀྱིས། ནུས་པ་དང་ལྡན་ཞེས་པ་ཕྱོགས་བཞིར་ཕྱག་འཚལ་བ་དང་། མེ་ཏོག་འཐོར་བ་ལ་སྦྱར་བ་འདི་ལ་ཡང་བརྟག་དགོས་ཏེ། སློབ་དཔོན་བྱང་ཆུབ་བཟང་པོའི་དཀའ་འགྲེལ་ (སྡེ་བསྟན། སེམས་ཙམ། ཧི་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། སློབ་དཔོན་བྱང་ཆུབ་བཟང་པོ། ༡༩༦ ན ༥) ལས། 

དེ་སུ་ཞིག་ལས་བླང་བར་བྱ་ཞེ་ན། བླ་མ་སྡོམ་པ་ལ་གནས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་ལྡན་པ་ཆོས་མཐུན་པ་ལས་ཏེ། སྡོམ་པ་དེ་གཏོང་བའམ། ཚུལ་ཁྲིམས་འཆལ་པའམ། དབང་དུ་གྱུར་པ་མ་ཡིན་པའི་ཕྱིར། ཆོས་མཐུན་པ་མ་ཡིན་པ་གཞན་ལས་ནི་མ་ཡིན་ནོ༎ སྡོམ་པ་ལ་གནས་ནས་ཀྱང་ཐམས་ཅད་ལས་མ་ཡིན་པས། མཁས། ཞེས་བྱ་བ་སྨོས་ཏེ། གང་ཞིག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡང་དག་པར་བླང་བའི་ཆོ་ག་ལ་མཁས་པ་ཉིད་ལས་འདི་མནོད་པར་བྱ་ཞེས་བྱའོ༎ དེ་ཉིད་ཀྱི་ཕྱིར་མཁས་པ་མ་ཡིན་པ་ལས་ནི་ཆོ་ག་ཉམས་པས། སྡོམ་པ་འཐོབ་པར་མི་འགྱུར་རོ། །དེ་ལྟར་ན་ཡང་ཐམས་ཅད་ལས་མ་ཡིན་པས། ནུས་དང་ལྡན་ལ། ཞེས་བྱ་བ་སྨོས་ཏེ། ནུས་པ་ནི་སྟོབས་ཏེ། འབོགས་པར་འོས་ཤིང་འཚམ་པ་ཞེས་བྱ་བའི་དོན་ཏོ༎ དེ་ཉིད་ཀྱིས་ནི་ཡོན་ཏན་དང་ལྡན་པ་མ་ཡིན་པ་དང༌། བླང་བར་འོས་པ་མ་ཡིན་པའི་ཕྱིར། གཞན་ལས་ནི་མ་ཡིན་ནོ༎ དེ་ལ་བསམ་པ་དང༌སྦྱོར་བ་ཕུན་སུམ་ཚོགས་པ་ནི་འོས་པ་ཡིན་པར་རིག་པར་བྱའོ༎ དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི། དད་པ་ཉིད་དང༌། བསམ་པ་ཐག་པས་བྱེད་པ་ཉིད་དང༌། མ་ཆགས་པ་དང༌། སྙིང་རྗེ་དང་ལྡན་པ་ཉིད་དེ། གང་གིས་རེ་ཞིག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་མནོད་པ་ལྷག་པར་མོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་སོགས་པ་ལ་སྐུར་པ་མི་འདེབས་ཤིང་དད་པ་དང་ལྡན་པ་དང༌། བསླབ་པ་རྣམས་ལ་གུས་ཤིང་འཇུག་པ་ལ་རྟོག་པ་དང་། རང་བཞིན་གྱིས་འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། ཟང་ཟིང་ལྟར་ལེན་པ་མ་ཡིན་པ་དང༌། སྙིང་རྗེ་དང་ལྡན་པར་གྱུར་པ་དང༌། སྐྱོ་བ་མེད་པ་དང༌། ཕ་རོལ་གྱི་ཉེས་པ་བཟོད་པ་དང༌། ཁྲོ་བ་མེད་པ་དང༌། ཁོན་དུ་འཛིན་པ་མེད་པ་ཞེས་བྱའོ༎ སྦྱོར་བ་ཕུན་སུམ་ཚོགས་པ་ནི། དགེ་བའི་ཆོས་རྣམས་ཀྱི་ཕྱིར་རབ་ཏུ་སྤེལ་བ་དང༌། གུས་ཤིང་རབ་དུ་འཇུག་པ་དང༌། ཅི་ནས་ཀྱང་འདི་ལ་བསླབ་པའི་གཞི་གང་ཡང་རུང་བ་རྣམས་རྟོགས་པར་བྱ་བ་ལ་ཡང་རྨོངས་པར་མི་འགྱུར་བ་དང༌། སྤྲོ་བ་དང་བཅས་པ་ཡིན་ཞིང་། སྙོམ་ལས་མི་བྱེད་པ་དང༌། འདོད་པའི་བདེ་བ་དང༌འདུ་འཛི་ལ་མངོན་པར་མི་དགའ་བ་དང༌། སེམས་རྣམ་པར་མ་གཡེངས་པའོ༎ ནུས་པ་དང་ལྡན་པ་ཡིན་ཡང༌ཐམས་ཅད་ལ་མནོད་པར་བྱ་བ་མ་ཡིན་པས། བླ་མ། ཞེས་བྱ་བ་སྨོས་ཏེ། བླ་མར་བྱ་བའི་གནས་སུ་གྱུར་པ་ཉིད་ལས་མནོད་པར་བྱའི། གཞན་ལས་ནི་མ་ཡིན་ཏེ། མཉམ་པ་ཉིད་ཀྱིས་བླ་མར་མི་འཛིན་པས། འདི་དེའི་རྗེས་སུ་སློབ་པའི་ཚུལ་ཅན་དུ་མི་འགྱུར་ཏེ། དེས་བྱས་པ་རྣམས་ལ་གུས་པ་ཆེན་པོར་མི་བྱེད་པའི་ཕྱིར་རོ༎ 

ཞེས་རང་ལས་ཡོན་ཏན་ལྷག་ཅིང་དད་གུས་འོས་པའི་བླ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པ་སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་པ། བསམ་པ་དང་སྦྱོར་བའི་ནུས་སྟོབས་ཕུན་སུམ་ཚོགས་པ་ཞིག་ལས་བྱང་སྡོམ་བླང་བར་བྱ་བར་གསུངས་ཤིང་། དེའི་འཕྲོར་ (སྡེ་བསྟན། སེམས་ཙམ། ཧི་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། སློབ་དཔོན་བྱང་ཆུབ་བཟང་པོ། ༡༩༦ བ ༦) ཡང་། 

དེ་ལ། སྡོམ་ལ་གནས། ཞེས་བྱ་བ་འདིས་ནི། འདིའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏེ། མཁས། ཞེས་བྱ་བས་ནི། མཁས་ཤིང་བྱང་བའོ༎ ནུས་དང་ལྡན། ཞེས་བྱ་བས་ནི། ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། གསུམ་པོ་དེ་དག་གི་ཁྱད་པར་རྟོགས་པར་བྱེད་པ་ཉིད་དོ༎ བླ་མ། ཞེས་བྱ་བ་ནི། རྟེན་འཛིན་པ་ཉིད་དོ༎

ཞེས་དོན་བསྡུ་བར་མཛད་དེ། འདིར་ནུས་པ་དང་ལྡན་པའི་དོན་བསྨ་པ་ཕུན་ཚོགས་དད་པ་དང་སྙིང་རྗེ་སོགས་དང་སྦྱོར་བ་ཕུན་ཚོགས་གུས་ཤིང་འཇུག་པ་དང་བསླབ་པའི་གཞི་མ་རྨོངས་པ་སོགས་ལ་གསུངས་པ་མ་གཏོགས་ཕྱག་ལེན་ཕྲན་ཚེགས་ལ་སྦྱར་བ་མི་སྣང་ཞིང་།  ཤཱནྟ་རཀྵི་ཏས་སྡོམ་པ་ཉི་ཤུ་པའི་འགྲེལ་པར་ཡང་། ངག་གི་རིག་བྱེད་ཀྱི་དོན་འཛིན་པ་དང་གོ་བར་ནུས་པ་ལ་སྦྱར་བའི་ཕྱིར་ཏེ། དེ་ཉིད་ (སྡེ་བསྟན། སེམས་ཙམ། ཧི་པ། སྡོམ་པ་ཉི་ཤུ་པའི་འགྲེལ་པ། སློབ་དཔོན་ཤཱནྟ་རཀྵི་ཏ། ༡༦༧ བ ༡) ལས། 

དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ་རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་བསླབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་སློབ་པར་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་བྱང་ཆུབ་སེམས་དཔའི་སྨོན་ལམ་བཏབ་པའི་ཕྱིར་ཆོས་མཐུན་པ་སྡོམ་པ་བླངས་པ་མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང་གོ་བར་ནུས་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་ཐོག་མར་ཕྱག་བྱས་ནས་གསོལ་བ་གདབ་པར་བྱ་སྟེ། 

ཞེས་གསུངས་པའི་ཕྱིར་དང་། དོན་ལ་བསམ་ན་ཡང་གདུལ་བྱའི་རྒྱུད་ལ་བྱང་སྡོམ་སྐྱེད་ནུས་པ་ཞིག་ལ་གོ་དགོས་ཀྱི། ཕྱག་འཚལ་ནུས་པ་དང་མེ་ཏོག་འཐོར་ནུས་པ་ལ་ཟེར་བ་མ་ཡིན་སྙམ་མོ༎ དེས་ན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ། པོད་ལྔ་པ། སྡོམ་པ་ཉི་ཤུ་པའི་རྣམ་བཤད། ༢༤༨་༡༣) ལས། 

ནུས་པ་དང་ལྡན་པ་སྟེ། སྡོམ་པ་འབོགས་ནུས་པ་དང་། 

ཞེས་གསུངས་པ་ལྟར། རང་ལ་བྱང་སྡོམ་མ་ཉམས་པར་ཡོད་པ་གཞིར་བྱས། སྡོམ་པ་འབོགས་པའི་ཆོ་ག་རང་གི་ངག་གིས་ཐོན་པ་ཞིག་དང་། དེའི་དོན་སློབ་མ་ལ་གོ་བར་བྱེད་ནུས་པ་ཞིག་ནི་ངེས་པར་དགོས་ཀྱི། ཕྱག་ལེན་ཕྲན་ཚེགས་རྣམས་སྒྲུབ་མི་ནུས་ན་རྒྱས་བསྡུས་བྱ་ཆོག་པའི་གནང་བ་ཡོད་པར་སེམས་སོ༎ 


༣༽ བྱང་སྡོམ་ལེན་པའི་གང་ཟག་ལ་དཔྱད་པ། 


       གཉིས་པ་ལེན་པའི་གང་ཟག་གི་སྐོར་ལ་མཁས་གྲུབ་རྗེས་ཕྱོགས་སྔ་བླངས་པ་ནི། བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར། ༤༩༡་༢) ལས། 

གཉིས་པ་ལེན་པའི་གང་ཟག་མི་འདྲ་སྟེ། སེམས་ཙམ་པའི་སྐབས་སུ་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་ནས། (སྡེ་བསྟན་། དབུ་མ། ཁི་པ། བྱང་ཆུབ་ལམ་གྱི་སྒྲོན་མ། དཔལ་མར་མེ་མཛད་ཡེ་ཤེས། ༢༣༩ ན ༤) སོ་སོ་ཐར་པ་རིགས་བདུན་གྱི༎ རྟག་ཏུ་སྡོམ་གཞན་ལྡན་པ་ལ༎ བྱང་ཆུབ་སེམས་དཔའི་སྡོམ་པ་ཡི༎ སྐལ་བ་ཡོད་ཀྱི་གཞན་དུ་མིན༎ ཞེས་གསུངས་པས། བྱང་སེམས་ཀྱི་སྡོམ་པ་ལེན་པ་ལ་སོ་ཐར་རིགས་བདུན་གང་རུང་གཅིག་རྟེན་དུ་དགོས་པར་བཞེད་ལ། དབུ་མ་པ་ནི། ལྷ་དང་ལྷ་མ་ཡིན་ལ་སོགས་པ་རིགས་དྲུག་མཐའ་དག་དང༌། སོ་སོ་ཐར་པ་བསྲུང་མི་ནུས་པ་རྒྱལ་པོ་ནས་ཤན་པའི་བར་ཐམས་ཅད་ལ་སྐྱེ་བར་བཞེད་དེ། མདོ་སྡེ་བསྐལ་བཟང་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ༎ དེ་བཞིན་གཤེགས་པ་རིན་ཆེན་དཔལ་དེ་ལ༎ ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་སུ༎ དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༎ ཞེས་གསུངས་པ་ལྟར་རོ།།

ཞེས་སོ༎ དོན་བསྡུ་ན། སེམས་ཙམ་ལུགས་ཀྱི་བྱང་སྡོམ་སྐྱེ་བ་ལ་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་དང་ལྡན་དགོས་པ་དང་། དབུ་མ་ལུགས་ཀྱི་དེ་སྐྱེ་བའི་རྟེན་ལ་ནི། སོར་སྡོམ་བསྲུང་ནུས་མི་ནུས་ཀུན་དང་། འགྲོ་བ་རིགས་དྲུག་ཐམས་ཅད་རུང་ཞེས་པའོ༎ 

       ཡང་ཤཱཀ་མཆོག་པས་ལེན་པའི་གང་ཟག་མི་འདྲ་བའི་ཁྱད་པར་བཤད་པ་ནི། རོལ་མཚོར། (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། ༢༡༧་༡༨) 

གཉིས་པ་ནི། ཇི་སྐད་དུ། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །ཞེས་སོགས་དང་། མདོ་ལས་ལྷ་དང་ལྷ་མིན་ལ་སོགས་པ་འགྲོ་བ་མཐའ་དག་ལ་སྐྱེ་བར་བཤད་པའི་ཁྱད་པར་ལས་དང་། 

ཞེས་པ་སྟེ། ཚིག་རྒྱས་བསྡུས་ཙམ་ལས་དོན་གོང་དུ་ཕྱོགས་སྔ་བཀོད་པ་དང་ཁྱད་པར་ཆེར་མེད་ཅིང་། དབུ་མ་ལུགས་ལ་འགྲོ་བ་ཐམས་ཅད། ཅེས་རྗེ་བཙུན་གྲགས་རྒྱན་པས་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ཀྱི་ཚིག་ཟིན་བཀོད་པ་འོག་ཏུ་བརྟག་པར་འགྱུར་རོ༎ 

       འདིར་མཁས་གྲུབ་རྗེས་ཕྱོགས་སྔ་འགོད་པ་ན། (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད་དང་པོ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག ༣༡༥་༡༠) 

རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ༎ 

དེ་བཞིན་གཤེགས་པ་རིན་ཆེན་དཔལ་དེ་ལ༎ 

ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་སུ༎ 

དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༎ 

ཞེས་དྲངས་ཀྱང་ཚིག་དོན་གང་གི་ཆ་ནས་འདི་དང་ཆ་མཐུན་པ་ཞིག་མདོར་བཙལ་ཀྱང་མ་རྙེད་དོ༎ འོན་ཀྱང་ལུང་སྦྱོར་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད་དང་པོ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའི་ལུང་སྦྱོར། ༣༤༣་༡༨) དུ། 

རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ༎ 

དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ༎ 

ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ཀྱང༌༎ 

དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༎ 

ཞེས་དྲངས་ནས་དབུ་མ་པའི་སེམས་བསྐྱེད་གང་ཟག་སོ་སོར་ཐར་པའི་སྡོམ་པ་དང་མི་ལྡན་པ་རྣམས་ལ་ཡང་སྐྱེ་བར་སྒྲུབ་པ་དེ་ནི་ད་ལྟའི་བསྐལ་བཟང་ (སྡེ་བཀའ། མདོ་སྡེ། ཀ་པ། འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ༢༩༣ བ ༡) ལས། 

དེ་བཞིན་གཤེགས་པ་ཕན་བཞེད་གྲོང་དཔོན་བུར་གྱུར་ཚེ༎ 

དེ་བཞིན་གཤེགས་པ་བསོད་ནམས་འོད་ཅེས་བྱ་བ་ལས༎ 

ཉིན་གཅིག་སྲོག་གཅོད་སྤོང་བའི་བསླབ་གཞི་མནོས་ནས་ཀྱང་༎ 

དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༎ 

ཞེས་འབྱུང་བ་དང་ཕལ་ཆེར་ཚིག་སྣ་རྒྱས་བསྡུས་ཙམ་མ་གཏོགས་དོན་གཅིག་ཏུ་སྣང་ངོ་༎ དེ་ལྟར་ན་ལུང་ཚིག་སྔ་མ་ནི། མདོ་སྡེབསྐལ་པ་བཟང་པོར། (སྡེ་བཀའ། མདོ་སྡེ། ཀ་པ། འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ༣༠༥ ན ༣)

དེ་བཞིན་གཤེགས་པ་འགྲོས་མཆོད་གདོལ་བུའི་ཚེ༎ 

ཉི་མ་འགའ་ཞིག་བསླབ་པ་ལྔ་མནོས་ནས༎ 

དེ་བཞིན་གཤེགས་པ་མེ་ཏོག་དཔལ་དེ་ལ༎

དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༎ 

ཞེས་འབྱུང་བ་འདི་དང་འདྲ་ཆོས་ཧ་ཅང་མང་བས་འདྲེས་པ་ཡིན་ནམ་སྙམ་སྟེ། སེམས་བསྐྱེད་ཀྱི་རྐྱེན་ཚུལ་ཁྲིམས་སུ་འདྲ་བ་དང་། དེ་ཡང་ཉིན་མོའི་ཁྱད་པར་དང་འབྲེལ་བ་འདྲ་བ་དང་། རིན་ཆེན་དཔལ་དེ་ལ༎ ཞེས་པ་དང་། མེ་ཏོག་དཔལ་དེ་ལ༎ ཚིག་རྐང་གི་མཇུག་འདྲ་བ་དང་། འགྲོས་མཆོད་གདོལ་བུའི། ཞེས་པ་དང་། ཕན་བཞེད་གྲོང་དཔོན་གཉིས་སྐད་གདངས་འདྲ་ཚད་ཚད་པ་དང་བཅས་འདི་དང་སྔ་མ་གཉིས་བསྲེས་ནས་འདོན་པ་འདྲ་སྙམ་མོ༎ དེ་ཡངསྔོན་དུས་ཡི་གེ་ཕབ་བཤུའི་བྱ་བ་དེང་སང་ལྟར་སྟབས་བདེ་པོའང་མེད་ལ། ལུང་ཚིག་རྣམས་ངག་རྒྱུན་དུ་གྲགས་པའམ། ཡང་ན་གཞུང་གཞན་དུ་དྲངས་པ་ཞིག་བསྐྱར་དུ་ལུང་འདྲེན་བྱས་ན་འཐུད་པ་ལས། བཀའ་དང་དགོངས་འགྲེལ་གྱི་རྩ་བའི་མ་ཕྱི་སྒྲ་ཇི་བཞིན་དུ་འགོད་དགོས་པའི་ཁྲིམས་སྲོལ་མ་ཆགས་པས་ཡིན་ནོ་ཞེས་པ་ནི་ཞར་བྱུང་དུ་ཐལ་ལོ༎ 


       ཕྱོགས་སྔ་མའི་འདོད་པ་དེ་ལ་མཁས་གྲུབ་ཆོས་རྗེས་དགག་པ་མཛད་ཚུལ་ནི། བྱང་ས་ནས་གསུངས་པའི་བྱང་སྡོམ་གྱི་ཆོ་ག་ལས་བྱང་སྡོམ་སྐྱེ་བའི་རྟེན་གྱི་གང་ཟག་ལ་སོ་ཐར་སྡོམ་ལྡན་དགོས་པར། སོ་སོ་ཐར་པ་རིགས་བདུན་གྱི༎ ཞེས་སོགས་ལམ་སྒྲོན་གྱི་ལུང་དྲངས་ནས་སྒྲུབ་པ་མི་འཐད་པར་ཐལ། ལུང་དེའི་དོན་ནི་བྱང་སྡོམ་གྱི་རྟེན་ཁྱད་པར་ཅན་ལ་སོ་ཐར་རིས་བདུན་གང་རུང་དགོས་པར་བསྟན་གྱི། བྱང་སྡོམ་གྱི་རྟེན་ཙམ་ལ་དེ་ལྟར་དགོས་པ་མ་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་ལམ་སྒྲོན་འགྲེལ་པ་ལས་ཤིན་ཏུ་གསལ་བའི་ཕྱིར་དང་། ལམ་སྒྲོན་འགྲེལ་པར་བྱང་བཟང་དྲངས་པ་ལས་ཀྱང་། སོ་ཐར་རིགས་བདུན་གང་རུང་དང་་ལྡན་པ་ལ་སྲོག་གཅོད་སྤོང་བའི་ཆོ་ག་ལོགས་སུ་མི་དགོས་ལ། སྡོམ་པ་དང་མི་ལྡན་པས་སྔོན་དུ་སྲོག་གཅོད་སྤོང་བར་ཁས་བླངས་ནས་སྡོམ་པ་སྦྱིན་གྱི། དེ་ཁས་མི་ལེན་པ་ལ་སྡོམ་པ་མི་སྦྱིན་པར་གསུངས་པས་ཀྱང་བྱང་སའི་ལུགས་ཀྱི་སྡོམ་པ་སྐྱེ་བ་ལ་སོ་ཐར་སྡོམ་པ་ངེས་པར་མི་དགོས་པ་བདེ་བླག་ཏུ་གྲུབ་པའི་ཕྱིར། དེ་དག་ནི་བྱི་དོར་(མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། ༤༩༣་༡༧) ལས། 

གཉིས་པ་ལེན་པའི་གང་ཟག་གི་ཁྱད་པར་སྨྲས་པ་མི་འཐད་དེ། ལམ་སྒྲོན་ (སྡེ་བསྟན་། དབུ་མ། ཁི་པ། བྱང་ཆུབ་ལམ་གྱི་སྒྲོན་མ། དཔལ་མར་མེ་མཛད་ཡེ་ཤེས། ༢༣༩ ན ༤) ལས། སོ་སོ་ཐར་པ་རིགས་བདུན་གྱི༎ རྟག་ཏུ་སྡོམ་གཞན་ལྡན་པ་ལ༎ བྱང་ཆུབ་སེམས་དཔའི་སྡོམ་པ་ཡི༎ སྐལ་པ་ཡོད་ཀྱི་གཞན་དུ་མིན༎ ཞེས་གསུངས་པ་ནི། ལས་དང་པོ་པ་ལ་སོ་ཐར་རིགས་བདུན་གང་རུང་གཅིག་མེད་ན་བྱང་སེམས་ཀྱི་སྡོམ་པ་ཙམ་དང་ཁྱད་པར་བ་གཉིས་སུ་ཕྱེ་བའི་ནང་ནས་ཁྱད་པར་ཅན་སྐྱེ་བའི་སྐལ་བ་མེད་ཅེས་བསྟན་ནས། བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་རྟེན་ཁྱད་པར་ཅན་ངོས་འཛིན་པ་ཡིན་གྱི། རྟེན་ཙམ་ངོས་འཛིན་པ་མ་ཡིན་ཏེ། འགྲེལ་པའི་ (སྡེ་བསྟན། དབུ་མ། ཁི་པ། ལམ་སྒྲོན་རང་འགྲེལ། དཔལ་མར་མེ་མཛད་ཡེ་ཤེས།  ༢༥༨ ན ༥) མཚམས་སྦྱོར་དུ། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས། ཞེས་གསུངས་པ་ལྟར་རོ༎ བྱང་ས་ལས། དེའི་ཕྱིར་སོ་སོ་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ལ། བསླབ་པའི་ཚིག་འདི་ཡང་སྦྱིན་པར་བྱ་ཞེས་བྱ་བའི་དོན་ནོ༎ འདི་ལ་སྲོག་གཅོད་པ་ལས་ལྡོག་པའི་ཆོ་ག་གཞན་པ་ཉིད་ནི་མ་ཡིན་ཞིང༌། དེ་ལས་ཀྱང་ལྡོག་པ་མ་ཡིན་པ་ལ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ཡང་ཡོད་པ་མ་ཡིན་ནོ༎ ཞེས་གསུངས་པ་འདིས་སོ་ཐར་གྱི་སྡོམ་པའི་རིགས་བདུན་གང་རུང་དང་ལྡན་པའི་ལེན་པ་པོ་ནི་མཆོག་ཡིན་ཞིང་། དེ་ལ་སོ་ཐར་གྱི་སྡོམ་པའི་ནང་དུ་འདུས་པས། སྲོག་གཅོད་པ་སྤོང་བ་ཁས་ལེན་པ་ཟུར་དུ་མི་དགོས་ལ། སོ་ཐར་གྱི་སྡོམ་པ་དང་མི་ལྡན་ན་སྔོན་དུ་སྲོག་གཅོད་སྤོང་བར་ཁས་བླངས་ནས། དེ་ནས་བྱང་སེམས་ཀྱི་སྡོམ་པ་སྦྱིན་དགོས་ཀྱི། སྲོག་གཅོད་པ་ལས་ཀྱང་ལྡོག་འདོད་མེད་པ་ལ་བྱང་སེམས་ཀྱི་སྡོམ་པ་མི་སྐྱེ་བས། སྡོམ་པ་དེའི་སྣོད་དུ་གྱུར་པ་ཡོད་པ་མ་ཡིན་ནོ་ཞེས་གསལ་བར་བཤད་པས། སོ་ཐར་རིགས་བདུན་གང་རུང་ངེས་པར་རྟེན་དུ་དགོས་པ་དེའི་ལུགས་མིན་པར་བདེ་བླག་ཏུ་འགྲུབ་པའི་ཕྱིར་དང༌། 

ཞེས་སོ༎

        འདིར་པར་མ་རྣམས་ལྟར་ན། བྱང་ས་ལས། དེའི་ཕྱིར་སོ་སོ་ཐར་པའི་སྡོམ་པ། ཞེས་སོགས་ལུང་ཚིག་དེ་རྣམས་བྱང་ས་ལས་དྲངས་པ་ལྟར་སྣང་ཡང་བརྟག་དགོས་ཏེ། ལུང་ཚིག་དེ་རྣམས་བྱང་སར་མི་སྣང་ཞིང་། སློབ་དཔོན་བྱང་ཆུབ་བཟང་པོའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་ (སྡེ་བསྟན། སེམས་ཙམ། ཧི་པ། སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། སློབ་དཔོན་བྱང་ཆུབ་བཟང་པོ། ༡༨༦ བ ༤) དུ། 

སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ཕྱོགས་གཅིག་ཉིད་དུ་རིག་པར་བྱའོ༎ དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས། 

ཞེས་སོགས་ལྷག་མ་གོང་དུ་དཀྱུས་ན་གསལ་བ་ལྟར་གསལ་བར་འབྱུང་ཞིང་། དེར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་དགུར་ཕྱེ་བའི་གཉིས་པ་ཚུལ་ཁྲིམས་ཐམས་ཅད། ཅེས་པའི་འགྲེལ་བཤད་དུ་གསུངས་པ་དང་། ལམ་སྒྲོན་འགྲེལ་པར་ (སྡེ་བསྟན། དབུ་མ། ཁི་པ། ལམ་སྒྲོན་དཀའ་འགྲེལ། དཔལ་མར་མེ་མཛད་ཡེ་ཤེས། ༢༥༨ བ ༧) ཡང་། 

འདིའི་དོན་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོས་སྡོམ་པ་ཉི་ཤུ་པའི་འགྲེལ་པར་གསུངས་ཏེ། འདི་སྐད་དུ། སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའ་སྡོམ་པའི་ཡན་ལག་ཏུ་གྱུར་པ་སྟེ། ཕྱོགས་གཅིག་ཉིད་དུ་ཤེས་པར་བྱའོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས། 

ཞེས་རང་གི་བླ་མ་བྱང་ཆུབ་བཟང་པོའི་གསུང་ལུང་འདྲེན་མཛད་པའི་ཕྱིར། དེས་ན་ ‘བྱང་ས། ‘ ཞེས་པ་ཡི་གེ་ནོར་བའམ་པར་མ་དག་པ་གང་རུང་དུ་ངེས་ཤིང་། ངེད་ཀྱི་ལྟར་ན་མཛད་པ་པོའི་མཚན་བསྟན་བཅོས་ལབཏགས་པ། དབུ་མ་རྩ་བའི་འགྲེལ་པ་བུདྡྷཔལིཏ དང་། ཤེས་རབ་སྒྲོན་མའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་དང་། མཛོད་ཀྱི་འགྲེལ་བཤད་རྒྱས་པོའི་སྲས་དང་གང་སྤེལ་ཞེས་བརྫོད་པ་བཞིན་དུ། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པས་འགྲེལ་པ་ཡིན་པས་ ‘བྱང་བཟང་།’ ཞེས་བཏགས་པ་ཡིན་ནམ་སྙམ་མོ༎ 

       དཀྱུས་ལ་འཇུག་ན། གཞན་ཡང་བྱང་སའི་ལུགས་ཀྱི་བྱང་སྡོམ་གྱི་རྟེན་ལ་སོ་ཐར་སྡོམ་ལྡན་དགོས་པར་བཤད་པ་མི་འཐད་པར་ཐལ། སོ་ཐར་སྡོམ་ལྡན་ལ་བྱང་སྡོམ་སྐྱེ་བ་མ་གཏོགས་གཞན་ལ་བྱང་སྡོམ་མི་སྐྱེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་རྗེས་འབྲང་གི་གཞུང་དུ། བྱང་སྡོམ་གྱི་རྟེན་ལ་སྐྱབས་འགྲོ་དགོས་པ་གསུངས་པ་བཞིན་དུ་སོར་སྡོམ་ཡང་གསུངས་དགོས་པ་ལས་མ་གསུངས་པས། བྱང་སྡོམ་གྱི་རྟེན་ལ་སོ་ཐར་སྡོམ་ལྡན་དགོས་པ་མི་འཐད་པར་ཐུབ་པ་དགོངས་རྒྱན་ལས་གསུངས་པའི་ཕྱིར་དང་། དེས་བྱང་སའི་རྗེས་སུ་འབྲངས་ནས་བྱང་སེམས་ཀྱི་སྡོམ་པའི་རྣམ་གཞག་འཆད་པའི་ཕྱིར་རོ༎ གཞན་ཡང་དེ་མི་འཐད་པར་ཐལ། ལྷའི་རྟེན་ལ་བྱང་སྡོམ་སྐྱེ་བ་ཡོད་པར་ཤིང་རྟ་ཆེན་པོ་མཐའ་དག་བཞེད་པའི་ཕྱིར་རོ༎ དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། ༤༩༤་༡༢) ལས། 

བྱང་སའི་རྗེས་སུ་འབྲངས་ནས་བྱང་སེམས་ཀྱི་སྡོམ་པའི་རྣམ་གཞག་འཆད་པའི་ཐུབ་པ་དགོངས་རྒྱན་ (སྡེ་བསྟན། དབུ་མ། ཨ་པ། ཐུབ་པའི་དགོངས་པའི་རྒྱན། འཇིགས་མེད་འབྱུང་གནས་སྦས་པ། ༨༢ ན ༣) ལས། གང་ཞིག་དགེ་བསྙེན་དང་དགེ་བསྙེན་མ་དང༌། དགེ་ཚུལ་དང་དགེ་ཚུལ་མ་དང༌། དགེ་སློབ་མ་དང༌། དགེ་སློང་དང་དགེ་སློང་མའི་དབྱེ་བས་ཇི་སྲིད་འཚོ་བ་པའི་སོ་སོ་ཐར་པ་བདུན་པོ་རྣམས་ལས་གང་ཡང་རུང་བའི་སོ་སོ་ཐར་པའི་སྡོམ་པ་ལ་གནས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བ་བྱའི། གཞན་གྱིས་མ་ཡིན་ཏེ། གཞན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ༎ ཞེས་ཟེར་བ་དེ་ནི། ཐེག་པ་ཆེན་པོ་ལ་ཡོངས་སུ་ངལ་བ་མང་པོ་མ་བྱས་པ་སྟེ། གལ་ཏེ་སོ་སོ་ཐར་པའི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་ན་ནི། དེའི་ཚེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་དང༌། དེའི་རྗེས་སུ་འབྲང་བའི་གཞུང་དུ། འདི་དེའི་རྩ་བར་བཤད་པར་འགྱུར་རོ།། དགོས་པ་ནི་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ཏེ། དཔེར་ན། ཐེག་པ་ཆེན་པོའ་ིབྱང་ཆུབ་ཀྱི་བར་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ༎ ཞེས་གསལ་བར་གསུངས་སོ༎ སོ་ཐར་རིགས་བདུན་གང་རུང་བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་རྟེན་དུ་ངེས་པར་དགོས་ན། ལྷ་ལ་བྱང་སེམས་ཀྱི་སྡོམ་པ་སྐྱེ་བ་མི་སྲིད་པར་བཞེད་དགོས་ཀྱང༌། ལྷ་ལ་བྱང་སེམས་ཀྱི་སྡོམ་པ་སྐྱེ་བ་ནི་ཡོད་པར་ཐེག་པ་ཆེན་པོའི་་ཤིང་རྟ་མཐའ་དག་བཞེད་པའི་ཕྱིར། ལུགས་དེ་ནི་བྱང་ས་རྗེས་འབྲང་དང་བཅས་པའི་དགོངས་པ་གཏན་མ་ཡིན་ནོ༎ 

ཞེས་སོ༎ 

       ཡང་གོང་དུ་ཕྱོགས་སྔས། དབུ་མ་ལུགས་་ཀྱི་སྡོམ་པ་རིགས་དྲུག་མཐའ་དག་ལ་སྐྱེ་བར་འདོད་པ་ལ་གནོད་པ་བརྗོད་པ་ནི། གཟུགས་མེད་གྱི་ལྷ་ལ་བྱང་སྡོམ་སྐྱེ་བ་ཡོད་པར་ཐལ། རིགས་དྲུག་མཐའ་དག་ལ་དེ་ཡོད་པའི་ཕྱིར། རྟགས་ཁས། དེ་ལ་ཁོ་ན་རེ། མཐའ་དག་ཅེས་པ་རིགས་དྲུག་གང་རུང་ལ་དེ་ཡིན་པས་ཁྱབ་ཟེར་བ་མིན་གྱི། ལྷ་ལྷ་མིན་མི་ངན་སོང་གསུམ་བཅས་སུ་བྱང་སྡོམ་སྐྱེ་བ་ཡོད་པས་དེའི་ཆ་ནས་མཐའ་དག་ཅེས་བརྗོད་དོ་ཟེར་ན། འོ་ན་རིགས་དྲུག་གི་སེམས་ཅན་ཐམས་ཅད་གནས་སྐབས་་ཐེག་ཆེན་རིགས་ཅན་ཡིན་པར་ཐལ། རྟགས་དེའི་ཕྱིར། ཁྱབ་པ་ཁས། གལ་ཏེ་རང་ཉིད་ཀྱིས་སྡོམ་པ་ལེན་པ་ན་སེམས་ཅན་ཐམས་ཅད་ཀྱིས་ལེན་པར་མོས་པ་བྱེད་པས་དེ་དག་གིས་ཐོབ་པར་འདོད་ན་ནི། སོ་ཐར་དང་སྔགས་ཀྱི་སྡོམ་པ་ལའང་མཚུངས་ཤིང་། བྱང་སའི་ལུགས་ཀྱི་སེམས་བསྐྱེད་ལའང་དེ་ཡོད་པར་མཚུངས་སོ༎ དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། ༤༩༥་༦) ལས། 

འགྲོ་བ་རིགས་དྲུག་པོ་ཐམས་ཅད་ད་ལྟ་དབུ་མ་ལུགས་ཀྱི་བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་རྟེན་དུ་སྨྲ་བ་ནི། ཆེས་ངོ་མཚར་ཏེ། གཟུགས་མེད་ཁམས་ཀྱི་ལྷ་ལ་སྡོམ་པ་འབོགས་པའི་ཆོ་ག་སུ་ཞིག་གིས་ཚུལ་ཇི་ལྟར་བསྒྲུབ་པར་བྱ། ཆོ་ག་ལ་ལུས་ངག་གི་རྣམ་པར་རིག་བྱེད་ཅུང་ཟད་ཙམ་ཞིག་མི་དགོས་སམ། ལེགས་པར་སོམས་ཤིག། 

ཞེས་སོགས་དང་། དེའི་སྐྱོན་སྤོང་གི་ལན་དགག་པ་ནི་དེ་ཉིད་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། ༤༩༥་༡༢) ལས། 

གལ་ཏེ་བྱང་སེམས་ཀྱི་སྡོམ་པ་ད་ལྟ་སྐྱེ་བའི་ལྷ་ཡང་ཡོད། དེ་བཞིན་དུ་མི་དང་ངན་སོང་གི་འགྲོ་བ་ལ་སོགས་པ་ཡང་ཡོད་པས་དེ་ལྟར་སྨྲས་ཀྱི། སེམས་ཅན་ཡིན་ན་ད་ལྟ་བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་རྟེན་ཡིན་པས་ཁྱབ་པར་ཁས་མི་ལེན་ནོ་ཞེ་ན། འོ་ན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གནས་སྐབས་ཐེག་ཆེན་དུ་རིགས་ངེས་པར་ཐལ། གནས་སྐབས་ཐེག་ཆེན་དུ་རིགས་ངེས་པའི་མི་ཡང་ཡོད། ལྷ་མ་ཡིན་ཀྱང་ཡོད། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ཡང་ཡོད་པའི་ཕྱིར། ཞེས་སོགས་དུ་མ་ཞིག་བརྗོད་པར་བྱས་ན་ལན་ཅི་ཞིག་ཡོད། 

ཞེས་སོགས་གསུངས་སོ༎

       ཡང་མདོ་སྡེ་བསྐལ་བཟང་ལུང་དྲངས་ནས་དབུ་མ་ལུགས་ཀྱི་བྱང་སྡོམ་ལ་སོ་ཐར་སྡོམ་ལྡན་མི་དགོས་པར་སྒྲུབ་པ་འབྲེལ་མེད་དུ་བསྟན་པ་ནི། སོ་ཐར་སྡོམ་པ་བསྲུང་མི་ནུས་པའི་རྒྱལ་པོ་སོགས་ཀྱིས་དབུ་མ་ལུགས་ཀྱི་བྱང་སྡོམ་སྐྱེ་བའི་རྟེན་རུང་བའི་ཤེས་བྱེད་དུ། རྒྱལ་བ་ཕན་བཞེད་གྲོང་དཔོན། ཞེས་སོགས་མདོ་བསྐལ་བཟང་དྲངས་པ་ནི་འབྲེལ་བ་མེད་པ་ཡིན་ཏེ། དེ་ནི་སྨོན་སེམས་བསྐྱེད་པ་ཙམ་ཡིན་གྱི། དེ་ལ་བྱང་སྡོམ་གྱི་དོན་དང་ཐ་སྙད་གང་ཡང་མི་སྣང་བའི་ཕྱིར། གཞན་ཡང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ༎ ཞེས་སོགས་རིན་ཆེན་ཕྲེང་བའི་གཞུང་ཚིག་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བྱང་སྡོམ་སྐྱེ་བའི་རྟེན་དུ་སྒྲུབ་མི་ནུས་ཏེ། དེ་གཞུང་ཚིག་མ་དག་པ་ཡིན་པའི་ཕྱིར་དང་། དག་ཏུ་ཆུག་ཀྱང་སེམས་ཅན་ཐམས་ཙད་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ན། ཞེས་གསུངས་པ་དེ་ཙམ་གྱིས་ད་ལྟ་སེམས་ཅན་ཐམས་ཅད་བྱང་སྡོམ་སྐྱེ་བའི་རྟེན་དུ་སྒྲུབ་མི་ནུས་པའི་ཕྱིར། མ་གྲུབ་ན། སྐྱེ་བོ་ཐམས་ཅད་ཚངས་སྤྱོད་ཀྱི་རྟེན་དུ་རུང་བར་ཐལ། འགྲེལ་ཆུང་ (སྡེ་བསྟན། ཤེར་ཕྱིན། ཇ་པ། འགྲེལ་པ་དོན་གསལ། སློབ་དཔོན་སེང་གེ་བཟང་པོ། ༡༣༥ ན ༤) ལས། 

སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་པ་དང༌། 

ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། དེ་དག་ནི་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༢༠ ཁ་པ། ༤༩༦་༢) ལས། 

སྔོན་སྟོན་པ་འདིས་དམྱལ་བའི་མེའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པ་ན་ཐུགས་བསྐྱེད་པར་བཤད་པ་དང༌། བསྐལ་བཟང་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ༎ དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ༎ ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ཀྱང༌༎ དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༎ ཞེས་བྱ་བ་ལ་སོགས་པ་ནི། སྨོན་པའི་སེམས་བསྐྱེད་པ་ཙམ་དང༌། དམྱལ་བའི་གྱད་གྲོགས་ལ་དམིགས་ནས་བདག་པས་གཞན་གཅེས་པའི་ཐུགས་འཁྲུངས་པ་ལ་སེམས་བསྐྱེད་ཀྱི་ཐ་སྙད་བཏགས་པ་ཙམ་དུ་སྣང་གི །དེ་དག་ལ་བྱང་སེམས་ཀྱི་སྡོམ་པའི་མིང་དང་དོན་གང་ཡང་མི་སྣང་ལ། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ༎ སེམས་བསྐྱེད་བཅུག་ནས་བསྙེན་བྱས་ན༎ རི་དབང་རྒྱལ་པོ་ལྟར་བརྟན་པའི༎ བྱང་ཆུབ་སེམས་དང་རྟག་ལྡན་འགྱུར༎ ཞེས་འདྲེན་པ་ནི། གཞུང་བག་མེད་པར་ཀློག་པ་སྟེ། རིན་ཆེན་ཕྲེང་བའི་གཞུང་དག་པ་ཕལ་ཆེ་བ་ལས། སེམས་ཅན་རྣམས་ནི་བྱང་ཆུབ་ཏུ༎ སེམས་བསྐྱེད་བཅུག་ཅིང་བརྟན་བྱས་ན༎ རི་དབང་རྒྱལ་པོ་ལྟར་བརྟན་པའི༎ བྱང་ཆུབ་སེམས་ནི་རྟག་ཏུ་འཐོབ༎ ཅེས་མཐུན་པར་འབྱུང་བའི་ཕྱིར་རོ༎ སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ན། ཞེས་གསུངས་པ་ཙམ་གྱིས་ད་ལྟ་སེམས་ཅན་ཐམས་ཅད་བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་རྟེན་དུ་གསུངས་པར་འགྲོ་དགོས་ན། སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་པ་དང༌། ཞེས་གསུངས་པས་སྐྱེ་བོ་ཐམས་ཅད་ད་ལྟ་ཚངས་སྤྱོད་ཀྱི་སྡོམ་པའི་རྟེན་དུ་རུང་བར་ཡང་གསུངས་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར། 

ཞེས་སོགས་གསུངས་སོ༎ གོང་དུ་རིན་ཆེན་ཕྲེང་བའི་གཞུང་ཚིག་མ་དག་པར་གསུངས་པའི་གཞུང་ཚིག་དེ་ས་པཎ་གྱི་སེམས་བསྐྱེད་ཆོ་གའི་ལུང་སྦྱོར་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད་དང་པོ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའི་ལུང་སྦྱོར། ༣༤༤་༣) དུ་དྲངས་སོ༎


       དེ་དག་པཎ་ཆེན་ཤཱཀ་མཆོག་པས་འགོག་ཚུལ་ནི། དགག་པ་དེ་ངེད་ལ་མི་འཇུག་སྟེ། ངེད་ཀྱི་ལུགས་ལ། སོ་སོ་ཐར་པ་རིགས་བདུན་གྱི།། ཞེས་པའི་སོ་ཐར་དེ་ཐེག་པ་ཐུན་མོང་བ་འདུལ་བའི་སོ་ཐར་མིན་གྱི། ཐེག་པ་ཆེན་པོའི་སོ་ཐར་ལ་བཞེད་པའི་ཕྱིར་ཏེ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ལས་གསུངས་པའི་ཕྱིར་ཏེ། དེ་ཉིད་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ། པོད་ལྔ་པ། སྡོམ་པ་ཉི་ཤུ་པའི་རྣམ་བཤད། ༢༤༦་༦) ལས།

དེ་ལ་སོ་སོར་ཐར་པ་ནི་གཉིས་ཏེ། ཉན་ཐོས་ཀྱི་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། འདིར་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ནི་སྡོམ་པ་ཐོབ་པ་དང་། གནས་པ་གཉིས་གའི་རྟེན་དུ་རུང་གི་སྔ་མ་ནི་དེ་ལྟ་མ་ཡིན་པས། 

ཞེས་གསུངས་པ་ལྟར་འདོད་པའི་ཕྱིར། དེ་ལྟར་ཡང་ལུང་རིགས་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། ༢༢༣་༡༨) ལས། 

གཉིས་པ་གང་གིས་ལེན་པའི་རྟེན་གྱི་ཁྱད་པར་ལ། རྒོལ་བའི་ཀླན་ཀ་དེ་ཡང་འཇུག་པ་མ་ཡིན་ཏེ། དེའི་རྟེན་དུ་དགོས་པའི་སོ་སོར་ཐར་པ་དེ་ཐེག་པ་ཐུན་མོང་གི་འདུལ་བ་ལས་འབྱུང་བའི་སོ་སོར་ཐར་པ་ལ་མི་འཆད་པར། ཐེག་པ་ཆེན་པོའི་སོ་སོར་ཐར་པ་ལ་དགོས་པར། རྗེ་བཙུན་ས་སྐྱ་པའི་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ལས་འབྱུང་བའི་ཕྱིར། 

ཞེས་སོ།། 

       གཞན་ཡང་བྱང་སྡོམ་སྐྱེ་བའི་རྟེན་ཁྱད་པར་ཅན་ལ་སོ་ཐར་སྡོམ་ལྡན་དགོས་ཟེར་བ་ལ། འོ་ན་ལྷའི་ངོ་བོར་གྱུར་པའི་བྱང་སྡོམ་སྐྱེ་བའི་རྟེན་ཁྱད་པར་ཅན་མེད་པར་ཐལ། དམ་བཅའ་དེའི་ཕྱིར། སྐལ་བ་ཡོད་ཀྱི་གཞན་དུ་མིན༎ ཞེས་ངེས་བཟུང་གི་ཚིག་སྦྱར་བ་མི་འཐད་པར་ཐལ། བྱང་སྡོམ་སྐྱེ་བ་ལ་སོར་སྡོམ་ལྡན་མི་དགོས་པའི་ཕྱིར། དེ་ཡང་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། ༢༢༤་༡) ལས། 

ཁྱེད་ཀྱིས་འཆད་པའི་རྟེན་ཁྱད་པར་ཅན་ཞེས་པ་དེ་ཡང་འཐད་པ་མིན་ཏེ། ལྷ་ལ་བྱང་སེམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་མེད་པར་ཐལ་བའི་ཕྱིར་དང་། སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པའི་ངེས་བཟུང་གི་ཚིག་དང་འགལ་བའི་ཕྱིར། 

ཞེས་སོ༎ 

       གཞན་ཡང་ཁྱེད་ཀྱིས་འཕངས་པའི་གཟུགས་མེད་ཁམས་པ་ཞེས་སོགས་ཀྱི་ཐལ་བ་དེ་ནི་སྙིང་པོ་ཅི་ཡང་མེད་དེ། ལྟག་ཆོད་འབའ་ཞིག་ཡིན་པའི་ཕྱིར་ཏེ། ཚིག་གི་སྤུ་རིས་མ་ཕྱེད་པས་འཁྲུལ་བ་དང་། གཟུགས་མེད་ཀྱི་རྟེན་ལ་བྱང་ཆུབ་སེམས་དཔའ་མེད་པར་འདོད་དགོས་པས་འཁྲུལ་པ་དང་། བྱང་སྡོམ་སྐྱེ་བ་གཞན་གྱི་ལུས་ངག་གི་རིག་བྱེད་ལ་ལྟོས་པར་འདོད་པའི་འཁྲུལ་བ་སྟེ་འཁྲུལ་བ་གསུམ་དང་ལྡན་པའི་ཕྱིར། དང་པོ་དེར་ཐལ། འགྲོ་བ་རིགས་དྲུག་པོ་ཐམས་ཅད་སྡོམ་པ་དེའི་རྟེན་ཡིན་ན། གཟུགས་མེད་ཁམས་པ་དེའི་རྟེན་ཡིན་མི་དགོས་པའི་ཕྱིར་ཏེ། དེའི་དོན་ནི་ལྷ་མི་ངན་སོང་རྣམས་སུ་བྱང་སྡོམ་སྐྱེ་རུང་བའི་དོན་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། གཟུགས་མེད་ཁམས་པ་བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་མི་རུང་ན། དེ་ན་བྱང་སེམས་ཡང་བཞག་མི་ནུས་པའི་ཕྱིར། གསུམ་པ་དེར་ཐལ། རྟེན་དེ་ལ་བྱང་སེམས་ཀྱི་སྡོམ་པ་གསར་དུ་སྐྱེ་བ་གཞན་གྱི་ཆོ་ག་ལ་མ་ལྟོས་པར་རང་ཉིད་ཀྱིས་དེར་བསྐྱེད་པས་ཆོག་པའི་ཕྱིར། གཞན་ཡང་གཟུགས་མེད་ཁམས་པ་བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་རུང་བར་ཐལ། གཟུགས་མེད་རྟེན་ཅན་གྱི་དགྲ་བཅོམ་པས་ལྷག་མེད་དུ་མྱ་ངན་ལས་འདས་པ་དེ། འདོད་གཟུགས་གང་རུང་དུ་སྐྱེ་བ་བླང་བར་འདོད་མི་ནུས་པས། ཟག་མེད་ཀྱི་ལས་ཀྱི་དབང་གིས་བྱུང་བའི་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས་ཐེག་ཆེན་ལམ་དུ་འཇུག་པར་འདོད་དགོས་ལ། རྟེན་དེ་བྱང་སེམས་ཀྱི་སྡོམ་པ་གསར་དུ་སྐྱེ་བའི་རྟེན་དུ་རུང་ན། གཟུགས་མེད་ཁམས་པ་དེར་མི་རུང་བ་ལ་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར། གཞན་ཡང་རིན་ཆེན་ཕྲེང་བར། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་བཅུག་པར་གསུངས་པ་དང་། ཡུམ་གྱི་མདོ་ལས། ལྷའི་བུ་གང་གིས་བྱང་ཆུབ་ཏུ་སེམསམ་བསྐྱེད་པས་ཀྱང་དེ་བསྐྱེད་པར་གསུངས་པ་ཡང་མི་འཐད་པར་ཐལ། ཐམས་ཅད་ཅེས་སྦྱར་བ་ཙམ་གྱིས་སྐྱོན་འཇུག་ན། ཡུམ་མདོ་དང་རིན་ཕྲེང་་ལ་ཡང་ཁྱེད་ཀྱིས་སྨྲས་པའི་སྐྱོན་དེ་ཉིད་འཇུག་པར་མཚུངས་པའི་ཕྱིར་རོ།། དེ་ལྟར་ཡང་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། ༢༢༤་༤) ལས། 

གཟུགས་མེད་ཁམས་པ་ཞེས་སོགས་ཀྱི་ལྟག་ཆོད་ལ་ནི་སྙིང་པོ་ཅི་ཡང་མི་སྣང་བས། དཔྱོད་ལྡན་གྱིས་དཔྱད་པར་བྱ་བའི་གནས་མ་ཡིན་མོད། འོན་ཀྱང་ལྟག་ཆོད་ཇི་ལྟར་ཡིན་པའི་ཚུལ་བཤད་ན། འགྲོ་བ་རིགས་དྲུག་པོ་ཐམས་ཅད་སྡོམ་པ་དེའི་རྟེན་ཡིན་ན། གཟུགས་མེད་ཁམས་པ་དེའི་རྟེན་ཡིན་པས་ཁྱབ་པར་འདོད་པ་ནི། ཚིག་གི་སྤུ་རིས་མ་ཕྱེད་པས་འཁྲུལ་བ་དང་། གཟུགས་མེད་ཁམས་པ་བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་མི་རུང་ན། རྟེན་དེ་ལ་བྱང་ཆུབ་སེམས་དཔའ་མེད་པར་འདོད་དགོས་པས་འཁྲུལ་པ་དང་། རྟེན་དེ་ལ་བྱང་སེམས་ཀྱི་སྡོམ་པ་གསར་དུ་སྐྱེ་བ་ཡོད་ན། གཞན་གྱི་ལུས་ངག་གི་རིག་བྱེད་ལ་ལྟོས་པས་ཁྱབ་པར་འདོད་པ་ཡང་འཁྲུལ་བ་ཡིན་ཏེ། གཞན་གྱི་ཆོ་ག་ལ་མ་ལྟོས་པར་རང་ཉིད་ཀྱིས་དེར་བསྐྱེད་པས་ཆོག་པའི་ཕྱིར་དང་། གཟུགས་མེད་ཁམས་ཀྱི་ཉན་ཐོས་རྟེན་དེ་ལ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་མི་སྲིད་པར་འདོད་དགོས་ལ། དེ་ལྟ་ན་དེའི་རྟེན་ཅན་གྱི་དགྲ་བཅོམ་པས་ལྷག་མེད་དུ་མྱ་ངན་ལས་འདས་པ་དེ། འདོད་གཟུགས་གང་རུང་དུ་སྐྱེ་བ་བླངས་ནས། ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་པར་ཐལ་བའམ། ཡང་ན་ཟག་མེད་ཀྱི་ལས་ཀྱི་དབང་གིས་བྱུང་བའི་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་དེ་བྱང་སེམས་ཀྱི་སྡོམ་པ་གསར་དུ་སྐྱེ་བའི་རྟེན་དུ་རུང་ན། གཟུགས་མེད་ཁམས་པ་དེར་མི་རུང་བ་ལ་རྒྱུ་མཚན་ཅི་ཡང་མེད་པས་མཚུངས་པ་ཡིན་ནོ༎ གཞན་ཡང་ལྟག་ཆོད་དེ་ལྟར་སྨྲ་བ་ཁྱེད་ཀྱི་ལྟར་ན། རིན་ཆེན་ཕྲེང་བ་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད་དང་པོ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའི་ལུང་སྦྱོར། ༣༤༤་༣) ལས། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ༎ སེམས་བསྐྱེད་བཅུག་ནས་བསྙེན་བྱས་ན༎ རི་དབང་རྒྱལ་པོ་ལྟར་བརྟན་པའི༎ བྱང་ཆུབ་སེམས་དང་རྟག་ལྡན་འགྱུར༎ ཞེས་དང་། ཡུམ་གྱི་མདོ་ སྡེ་བཀའ། ཤེར་ཕྱིན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ། ༡༩ ན ༡  “ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་སེམས་བསྐྱེད་པར་བྱའོ༎” ཞེས་སྣང་།) ལས། ལྷའི་བུ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམསམ་བསྐྱེད་པ་དག་གིས་ཀྱང་དེ་བསྐྱེད་པར་བྱའོ༎ ཞེས་གསུངས་པ་དེ་ལ་ཡང་ཁྱེད་ཀྱིས་སྨྲས་པའི་ཀླན་ཀ་དེ་ཉིད་ཀྱི་གླགས་ཡོད་པར་བྱོས་ཤིག །

ཞེས་སོ༎ 


     ད་ནི་བརྒལ་ལན་དེ་རྣམས་ལ་ཅུང་ཟད་དཔྱད་ན། སོ་སོ་ཐར་པ་རིགས་བདུན་གྱི༎ ཞེས་སོགས་བྱང་སྡོམ་གྱི་རྟེན་དུ་དགོས་པར་གསུངས་པའི་སོ་ཐར་དེ་ཐེག་ཆེན་གྱི་སོ་ཐར་ལ་བྱེད་དགོས་པར་རྗེ་བཙུན་ས་སྐྱ་པའི་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ལས་འབྱུང་བ་འདོད་པར་གསུངས་པ་ལའང་བརྟག་དགོས་ཏེ། འགྲེལ་པ་དེར་གསུངས་པ་ནི་རྒྱུད་རྡོ་རྗེ་རྩེ་མོའི་ཚིག །སྡོམ་པ་གསུམ་ལ་གནས་པ་ནི༎ དང་པོ་ཁྲུས་སུ་བཤད་པ་ཡིན༎ ཞེས་པའི་དགོངས་པ་གསུངས་པ་ཡིན་གྱི། ལམ་སྒྲོན་གྱི་སོ་སོར་ཐར་པ་རིགས་བདུན་གྱི༎ ཞེས་སོགས་ཀྱི་ལུང་དོན་འཆད་པ་མ་ཡིན་པའི་ཕྱིར་ཏེ། རྗེ་བཙུན་ཆེན་པོའི་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ། པོད་ལྔ་པ། སྡོམ་པ་ཉི་ཤུ་པའི་རྣམ་བཤད། ༢༤༥་༢༠) ལས། 

དེ་ལྟར་ན་རྡོ་རྗེ་རྩེ་མོ་ (སྡེ་བཀའ། རྒྱུད་འབུམ། ཉ་པ། གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ། ༢༠༠ ན ༧ རྒྱུད་རང་དུ། སྡོམ་པ་གསུམ་ལ་རབ་ཏུ་གནས༎ དང་པོ་ཁྲུས་སུ་བརྗོད་པ་ཡིན༎ ཞེས་སྣང་།) ལས། སྡོམ་པ་གསུམ་ལ་གནས་པ་ནི༎ དང་པོ་ཁྲུས་སུ་བཤད་པ་ཡིན༎ ཞེས་གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སྡོམ་པ་གསུམ་དང་ལྡན་པར་གསུངས་པ་དང་འགལ་ལོ་ཞེ་ན། དེའི་དོན་ནི་འདི་ཡིན་ཏེ། སྤྱིར་སོ་སོར་ཐར་པ་ཞེས་བྱ་བའི་རང་གི་ངོ་བོ་ནི། གཞན་ལ་གནོད་པ་བྱེད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་ལ། དེའི་སྟེང་དུ་ཕན་འདོགས་པར་འདོད་ཅིང་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ཞིང་། རིག་པ་འཛིན་པ་ནི་རིག་པ་འཛིན་པ་ཡིན་ནོ༎ དེ་ལ་སོ་སོར་ཐར་པ་ནི་གཉིས་ཏེ། ཉན་ཐོས་ཀྱི་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། འདིར་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ནི་སྡོམ་པ་ཐོབ་པ་དང་། གནས་པ་གཉིས་གའི་རྟེན་དུ་རུང་གི །སྔ་མ་ནི་དེ་ལྟ་མ་ཡིན་པས། རྡོ་རྗེ་རྩེ་མོའི་དགོངས་པ་ནི། བྱང་ཆུབ་སེམས་དཔའི་སོ་ཐར་རོ༎ 

ཞེས་སོ་ཐར་སྡོམ་པ་དེ་བྱང་སྡོམ་སྐྱེ་བའི་རྟེན་དང་གནས་པའི་རྟེན་གཉི་ག་མིན་པར་གསུངས་པ་ལ། གཞན་དག་གིས། རྡོ་རྗེ་རྩེ་མོར་སྡོམ་པ་གསུམ་ལྡན་གྱི་གང་ཟག་གསུངས་པ་དང་འགལ་བ་བསྟན་པའི་ལན་དུ། སོ་ཐར་ལ་གཉིས་ལས་རྩེ་མོར་གསུངས་པ་ནི་བྱང་སེམས་ཀྱི་སོ་ཐར་ལ་དགོངས་པར་གསལ་བར་གསུངས་པའི་ཕྱིར་རོ༎ གལ་ཏེ་དངོས་སུ་རྡོ་རྗེ་རྩེ་མོའི་དགོངས་པ་གསུངས་ཤིང་། དེའི་ཤུགས་ཀྱིས་ལམ་སྒྲོན་གྱི་གཞུང་ཚིག་དེའི་དོན་ཡང་དེར་བཀྲལ་ལོ་ཞེ་ན་ནི། བྱང་སའི་ལུགས་ཀྱི་བྱང་སྡོམ་གསར་དུ་སྐྱེ་བའི་རྟེན་ཡིན་ན། སོ་ཐར་སྡོམ་ལྡན་ཡིན་པས་ཁྱབ་པར་ཐལ། དེའི་བྱང་སྡོམ་སྐྱེ་བ་ལ་སྨོན་སེམས་སྔོན་དུ་འགྲོ་དགོས་པ་གང་ཞིག །སྔར་ཐེག་པ་ཐུན་མོང་བའི་སོ་ཐར་ཐོབ་པ་ཡིན་ན་བྱང་སྡོམ་ཐོབ་པ་ན། དེ་བྱང་སེམས་ཀྱི་སོ་ཐར་དུ་གནས་འགྱུར་བ་དང་། སྔར་ནས་དེ་མ་ཐོབ་ན་སྨོན་སེམས་སྐྱེས་པ་དང་བྱང་སེམས་ཀྱི་སོ་ཐར་གསར་དུ་ཐོབ་པ་དུས་མཉམ་པར་བཞེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྗེ་བཙུན་ཆེན་པོའི་རྣམ་བཤད་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ། པོད་ལྔ་པ། སྡོམ་པ་ཉི་ཤུ་པའི་རྣམ་བཤད། ༢༤༦་༡༠) ལས། 

བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་དེ་བླང་བའི་ཆོ་ག་གཞན་ཞིག་ཡོད་དམ། སོ་སོར་ཐར་པའི་སྡོམ་པ་བླང་བའི་ཆོ་ག་ཉིད་ཅེ་ན། སྔར་སོ་སོར་ཐར་པ་ཐོབ་ན་ཕྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་དུས་སུ་སྔར་གྱི་དེ་བྱང་ཆུབ་སེམས་དཔའི་སྡོམ་པར་གནས་འགྱུར་ལ། སྔར་མ་ཐོབ་ན་ནི་བྱང་ཆུབ་སེམས་དཔའི་སྨོན་པའི་སེམས་བསྐྱེད་ཀྱི་དུས་ཉིད་དུ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཐོབ་པ་ཡིན་ནོ༎

ཞེས་གསུངས་པ་ལྟར་ཁྱེད་འདོད་དགོས་པའི་ཕྱིར། གཞན་ཡང་སོ་སོར་ཐར་པ་རིགས་བདུན་གྱི༎ ཞེས་སོགས་ཐེག་པ་ཐུན་མོང་བ་འདུལ་བའི་སོ་ཐར་ལ་མི་འཆད་པར་གཞན་དུ་འགྲེལ་མི་རིགས་པར་ཐལ། ཁྱེད་ལྟར་ན་སྨོན་སེམས་ཐོབ་ན་སྡོམ་པ་ཐོབ་པས་ཁྱབ། དེ་ཐོབ་ན་སྲོག་གཅོད་སྤོང་བ་ཁས་བླངས་པས་ཁྱབ་པས། སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་དུ་སོ་ཐར་མ་ཐོབ་པས་སྲོག་གཅོད་སྤོང་བ་ཁས་མ་བླངས་ན་བྱང་སྡོམ་གྱི་སྣོད་རུང་མ་ཡིན་པར་གསུངས་པ་གཞི་མེད་པར་འགྱུར་བའི་ཕྱིར་རོ༎ ད་དུང་དོགས་པ་འདི་ལྟར་ཡང་མཆིས་ཏེ། རྗེ་བཙུན་གྲགས་རྒྱན་པས་སྔར་ནས་སོར་སྡོམ་ལྡན་ན་བྱང་སྡོམ་ཐོབ་པ་ན། སྔར་གྱི་སོ་ཐར་དེ་བྱང་སེམས་ཀྱི་སོ་ཐར་དུ་གནས་གྱུར་པ་མི་འཐད་པར་ཐལ། དེས་སྨོན་སེམས་ཐོབ་པ་ན་གནས་གྱུར་པའི་ཕྱིར་ཏེ། སྔར་སོ་ཐར་མ་ཐོབ་པས་སྨོན་སེམས་ཐོབ་པ་ན་བྱང་སེམས་ཀྱི་སོ་ཐར་གསར་དུ་ཐོབ་པ་གང་ཞིག །མཚུངས་པའི་ཕྱིར་སྙམ་པ་ནི་བློ་དམན་ལ་སྐྱེ་བའི་དོགས་པའོ༎ 

       རྟེན་ཁྱད་པར་ཅན་གྱི་སྐོར་ཐལ་བ་འཕངས་པ་རྣམས་ལ། ཁོ་བོ་ཅག་ལྷ་ཡིན་ན་བྱང་སྡོམ་གྱི་རྟེན་ཁྱད་པར་ཅན་མ་ཡིན་པས་ཁྱབ་པ་ནི་འདོད་པ་ཡིན་ལ། སྐལ་བ་ཡོད་ཀྱི་གཞན་དུ་མིན༎ ཞེས་པའི་ངེས་བཟུང་གི་ཚིག་དང་འགལ་བའི་སྐྱོན་ཡང་མེད་དེ། འགྲེལ་པའི་མཚམས་སྦྱོར་དང་ཕྱི་འགྲེལ་གཉིས་ལ་བརྟགས་ནས། སྐལ་བ་ཡོད་མེད་མི་འདྲ་བ་གཉིས་སུ་སྦྱར་དགོས་པ་མཁས་པ་གོང་མའི་གསུང་རྒྱུན་ལས་འབྱུང་བ་བཞིན། སོ་ཐར་རིགས་བདུན་གང་རུང་དང་ལྡན་ན་བྱང་སྡོམ་གྱི་རྟེན་ཁྱད་པར་ཅན་དུ་གྱུར་པའི་སྐལ་བ་ཡོད་ཀྱི། དེ་གང་རུང་མི་ལྡན་ན་རྟེན་ཁྱད་པར་ཅན་དུ་མི་རུང་། དེ་དག་གང་ཡང་མི་ལྡན་ཀྱང་རྩ་བ་བཞི་སྤོང་བ་ཡིན་ན་བྱང་སྡོམ་གྱི་རྟེན་ཙམ་དུ་གྱུར་པའི་སྐལ་བ་ཡོད་ཀྱི། གཞན་དུ་ན་དེ་ཙམ་གྱི་སྐལ་བའང་མེད་ཅེས་དགོངས་པ་འགྲེལ་བའི་ཕྱིར། དེ་དག་ཀྱང་རྗེ་བཙུམ་ཙོང་ཁ་པ་ཆེན་པོའི་བཞེད་པ་ཡིན་ཏེ། གཞུང་ལམ་ (རྗེ་ཙོང་ཁ་པའི་བཀའ་འབུམ་དཔེ་བསྡུར་མ།༢༠༢༠ པོད་ཀ་པ། བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ། ༣༨༡་༥) ལས།

དེས་ན་ལམ་སྒྲོན་དུ། སོ་སོར་ཐར་པ་རིས་བདུན་གྱི༎ རྟག་ཏུ་སྡོམ་གཞན་ལྡན་པ་ལ༎ བྱང་ཆུབ་སེམས་དཔའི་སྡོམ་པ་ཡི༎ སྐལ་བ་ཡོད་ཀྱི་གཞན་དུ་མིན༎ ཞེས་གསུངས་པ་ཡང་ལས་དང་པོ་པ་ལ་སོ་ཐར་རིས་བདུན་གང་རུང་མེད་ན་ཚུལ་ཁྲིམས་ཀྱི་སྡོམ་པ་ཁྱད་པར་ཅན་སྐྱེ་བའི་སྐལ་བ་མེད་ལ། སོ་ཐར་རིས་བདུན་དང་ཐུན་མོང་བ་རང་བཞིན་སྤོང་བ་མེད་ན་བྱང་སེམས་ཀྱི་སྡོམ་པ་ཙམ་སྐྱེ་བའི་སྐལ་བ་མེད་ཅེས་སྟོན་པ་ཡིན་གྱི། སོ་ཐར་རིས་བདུན་མཚན་ཉིད་པ་གཅིག་མེད་ན་བྱང་སེམས་ཀྱི་སྡོམ་པ་མི་སྐྱེ་བར་བཞེད་པ་མིན་ཏེ།

ཞེས་སོགས་གསུངས་པ་ལ་བརྟེན་པའོ༎ 

       ཡང་འཁྲུལ་པ་གསུམ་བསྟན་པ་ལ་བརྟག་པ་ནི། ཚིག་གི་སྤུ་རིས་མི་འབྱེད་གསུངས་ནའང་། བྱི་དོར་དུ། འགྲོ་བ་རིགས་དྲུག་པོ་ཐམས་ཅད། ཅེས་ཕྱོགས་སྔ་བླངས་འདུག་ཀྱང་། རྗེ་བཙུན་ཆེན་པོའི་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ (དཔལ་བརྩེགས་པར་མ། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ། པོད་ལྔ་པ། སྡོམ་པ་ཉི་ཤུ་པའི་རྣམ་བཤད། ༢༤༤་༡༨) དུ།

སྡོམ་པའི་རྟེན་མ་ཡིན་ཏེ། སོ་སོར་ཐར་པ་ནི་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་མ་ཡིན་པ་ལ་མི་སྐྱེ་ལ། བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་ཐམས་ཅད་ལའང་སྐྱེ་སྟེ། 

ཞེས་སོ་ཐར་སྡོམ་པ་སྐྱེ་བའི་རྟེན་མ་ཡིན་པར་སྒྲུབ་པ་ན། སོར་སྡོམ་གླིང་གསུམ་གྱི་མི་ཁོ་ན་དང་། བྱང་ཆུབ་ཀྱི་སེམས་འགྲོ་བ་ཐམས་ཅད་ལ་སྐྱེ་བར་གསུངས་པས། དོན་འགྲོ་བ་རིགས་དྲུག་ཀ་ལ་་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡོད་པ་པ་དགོངས་པ་ཡིན་ངེས་ཀྱང་། དེ་ལ་ཚིག་སྐྱོན་ཅུང་ཟད་ཅིག་ནི་འཇུག་པར་སྣང་ངོ་༎ 

       གཟུགས་མེད་ཀྱི་རྟེན་ལ་བྱང་ཆུབ་ཀྱི་སེམས་དང་བྱང་སྡོམ་གསར་དུ་སྐྱེ་བ་མེད་ན། དེར་བྱང་སེམས་མེད་པར་འདོད་དགོས་པས་འཁྲུལ་པ་ཞེས་གཟུགས་མེད་ན་བྱང་སེམས་ཡོད་པ་གཞི་བཞག་གིས་ཐལ་བ་འཕངས་པའང་བརྟགས་ན་ཅུང་ཟད་དཀའ་སྟེ། དེར་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བ་དང་བྱང་སྡོམ་གསར་དུ་སྐྱེ་བ་མེད་པ་གང་ཞིག །བྱང་སེམས་གཟུགས་མེད་དུ་སྐྱེ་བ་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ལས་ཉོན་དབང་གིས་གཟུགས་མེད་དུ་སྐྱེ་བའི་ལམ་མ་ཞུགས་ཀྱི་གང་ཟག་དེ་ལུང་ལ་བརྟེན་པ་མེད་པའི་ཕྱིར། ཁྱབ་སྟེ། སྦྱོར་ལམ་པ་ཞིག་མཐོང་ལམ་གསར་དུ་ཐོབ་པ་ལུང་ལ་བརྟེན་དགོས་ན། ལམ་མ་ཞུགས་ཚོགས་ལམ་ཐོབ་པ་ལུང་ལ་བརྟེན་མི་དགོས་པ་མི་སྲིད་པའི་ཕྱིར་དང་། དེ་ན་སྡོམ་པའི་ཆོ་ག་མེད་པས་བྱང་སྡོམ་གསར་དུ་སྐྱེ་བ་འོང་ས་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྡུད་པ་ (སྡེ་བཀའ། ཤེར་ཕྱིན་སྣ་ཚོགས། ཀ་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ། ༡༧ ན ༡) ལས། 

བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས༎ 

གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད༎ 

ཞེས་བྱང་སེམས་རྣམས་གཟུགས་མེད་དུ་སྐྱེ་བ་དོན་དུ་མི་གཉེར་བར་གསུངས་ཤིང་། ཀུན་བཏུས་ (སྡེ་བསྟན། སེམས་ཙམ། རི་པ། མངོན་པ་ཀུན་བཏུས། སློབ་དཔོན་ཐོགས་མེད། ༡༠༦ ན ༥) ལས་ཁམས་ཀྱི་དབྱེ་བས་གང་ཟག་འཆད་པ་ན་འདི་ལྟར། 

ཁམས་ཀྱིས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང༌། སློབ་པ་དང༌། མི་སློབ་པའོ། །འདོད་པ་ན་སྤྱོད་པ་ཇི་ལྟ་བར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་དེ་བཞིན་ནོ༎ འདོད་པ་དང༌། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང༌། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་གང་ཟག་གོ །

ཞེས་འདོད་གཟུགས་གཉིས་ལ་མ་གཏོགས་གཟུགས་མེད་ལ་དེ་ཡོད་པ་མ་བཤད་ཅིང་། ཀུན་བཏུས་འགྲེལ་པ་ (སྡེ་བསྟན། སེམས་ཙམ། ལི་པ། མངོན་པ་ཀུན་བཏུས་ཀྱི་རྣམ་བཤད། སློབ་དཔོན་རྒྱས་པོ་སྲས་གྲགས་པའི་བཤེས་གཉེན། ༢༥༨ བ ༤) ལས།

ཅིའི་ཕྱིར་གཟུགས་མེད་པ་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་མེད་ཅེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐུའི་ཁྱད་པར་ཐོབ་པ་རྣམས་དེར་མི་སྐྱེའོ༎ 

ཞེས་དང་། སྟོབས་བཅུ་དཔལ་ (སྡེ་བསྟན། དབུ་མ། ཧ་པ། འདུས་བྱས་དང་འདུས་མ་བྱས་རྣམ་ངེས། སྟོབས་བཅུ་དཔལ་བཤེས་གཉེན། ༢༦༡ བ ༤) གྱིས་ཀྱང་། 

གཟུགས་མེད་པ་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་མེད་པ་རྒྱུ་ཅི་ཞེ་ན། བརྗོད་དེ། ནུས་པ་ཁྱད་པར་ཅན་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྐྱེ་མཆེད་ཉེ་བར་བཟུང་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་གཟུགས་མེད་པའི་ཁམས་སུ་མི་སྐྱེ་བའི་ཕྱིར་རོ༎ 

ཞེས་གསུངས་པའི་ཕྱིར། 

       འཁྲུལ་པ་གསུམ་པའི་རྟགས་དང་པོ་གོང་དུ་བསལ་ཟིན་ཅིང་། གཟུགས་མེད་ཀྱི་ཉན་ཐོས་རྟེན་དེ་ལ་ཐེག་ཆེན་ལམ་དུ་འཇུག་པ་མི་སྲིད་པ་ནི་ཤིན་ཏུ་འདོད་ལ། གཟུགས་མེད་རྟེན་ཅན་གྱི་དགྲ་བཅོམ་པ་སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་ལ་གནས་པས། དེའི་རྟེན་ཅན་གྱི་དགྲ་བཅོམ་པ་ལྷག་མེད་དུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཆོས་ཅན་གཞི་མ་གྲུབ་པའོ༎ དེའི་རྟེན་ཅན་གྱི་དགྲ་བཅོམ་པ་འདོད་གཟུགས་གང་རུང་དུ་སྐྱེ་བ་བླངས་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་པར་ཐལ། གཟུགས་མེད་ཀྱི་ཉན་ཐོས་རྟེན་དེ་ལ་ཐེག་ཆེན་ལམ་དུ་འཇུག་པ་མི་སྲིད་པའི་ཕྱིར་ན། ཁྱབ་པ་མེད་དེ། དེའི་ཚེ་ཟག་མེད་ཀྱི་ལས་ལ་བརྟེན་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་དེ་བྱང་སེམས་ཀྱི་སྡོམ་པ་གསར་སྐྱེའི་རྟེན་དུ་རུང་ཞིང་། འོན་ཀྱང་འདི་དང་གཟུགས་མེད་གཉིས་མི་འདྲ་སྟེ། གཟུགས་མེད་ན་ལུང་མཉན་པ་མེད་ལ། འདི་ལ་ཡོད་པའི་ཕྱིར་རོ༎ 

        སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ༎ ཞེས་སོགས་ནི་གཞུང་མ་དག་པ་གོང་དུ་གསུངས་ཟིན་པས་བསྐྱར་ཟློས་མི་དགོས་ལ། རིན་ཕྲེང་མ་ཕྱི་དག་པ་ལྟར་ན། ཞེས་གསུངས་པ་ནི། ད་ལྟའི་བསྟན་འགྱུར་པར་མའི་རིན་ཕྲེང་ཀུན་མཐུན་པ་དཔེར་ན་སྡེ་དཔར་ (སྡེ་བསྟན། སྐྱེས་རབས། གེ་པ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སློབ་དཔོན་ཀླུ་སྒྲུབ། ༡༡༧ བ ༥) དུ། 

སེམས་ཅན་རྣམས་ནི་བྱང་ཆུབ་ཏུ༎ 

སེམས་བསྐྱེད་བཅུག་ཅིང་བརྟན་བྱས་ན༎ 

རི་དབང་རྒྱལ་པོ་ལྟར་བརྟན་ཞིང༌༎ 

བྱང་ཆུབ་སེམས་ནི་རྟག་ཏུ་འཐོབ༎ 

ཞེས་འབྱུང་བ་ལྟར་སྣར་ཐང་། པེ་ཀིང་། ཅོ་ནེ། ཞོལ་པར། ལེགས་སྦྱར་མ་དཔེ་ད་ཡོད་རྣམས་ཀྱང་ཚིག་རྐང་དང་པོ་ལ་མི་མཐུན་པ་མེད་ལ། ལམ་ཤེས་ཀྱི་ཡན་ལག་སྐབས་ཡུམ་གྱི་མདོར། ལྷའི་བུ་གང་གིས་ཞེས་སོགས་འབྱུང་བ་ལ་ནི། སྔར་གྱི་ཚིག་སྐྱོན་མི་འཇུག་སྟེ། འགྲོ་བ་ཐམས་ཅད་ཅེས་པ་མ་ལུས་པར་འདུ་བའི་ཚིག་ཡིན་ཀྱང་། སེམས་ཅན་རྣམས། ཞེས་པ་ནི་མང་ཚིག་ཙམ་དང་། ལྷའི་བུ་གང་གིས། ཞེས་པ་སྤྱི་སྒྲ་ཙམ་ཡིན་ཞིང་། དེ་ཡང་ལམ་ཤེས་གསུང་བའི་འཁོར་དུ་འདུས་པའི་ལྷའི་བུ་སེམས་མ་བསྐྱེད་པ་དེ་དག་ཙམ་ལ་གསུངས་པའི་ཕྱིར་རོ༎    ༎  (མུ་འགོད།) ཤུབྷཾ།