Monday, December 21, 2020

དཔེ་དགུ་དོན་དགུ་སྦྱོར་ཚུལ། ༦ ༧ ༨ ༩



 ༄༅།   །ནམོགུརུ།  (དཔེ་དགུ་དོན་དགུའི་བདུན་པ་༼མཐོང་སྤང་གློ་བུར་བར་དཔེས་བསྒྲུབ་པ་༽ལ་བསྟན་བཤད་གཉིས་ཀྱི། དང་པོ་བསྟན་པ་ལ་དཔེ་ནི། རྩ་བ་ལས།) 

ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ།།

ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས།།

ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གི།

རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར།།

(ཞེས་གསུངས། དོན་ནི།) ཇི་ལྟར་(ཏེ་དཔེར་ན་)ཨ་མྲ་(དང་)ལ་སོགས་(པས་བསྡུས་པ་མ་དུ་ཀ་ལ་སོགས་པའི་)ཤིང་འབྲས་ལ་ཡོད་པའི་ས་བོན་མྱུ་གུ་(སྐྱེ་བའི་ནུས་པ་)འཇིག་(པ་)མེད་(པའི་)ཆོས་(དེ་ཉིད། ལྷན་ཅིག་བྱེད་རྐྱེན་)ས་རྨོས་(པ་དང་།) ཆུ་(དང་)སོགས་(ཀྱིས་བསྡུས་པ་ལུད་དང་དྲེད་གཤེར་སོགས་དང་)ལྡན་པའི་(སྒོ་ནས་བཏབ་པ་ལས།) ལྗོན་ཤིང་གི་རྒྱལ་པོའི་དངོས་པོ་རིམ་གྱིས་འགྲུབ་པ་ལྟར། (ཞེས་པའོ།།)


(དོན་ནི། རྩ་བ་ལས། 

སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི།། 

པགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་།།

དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས།། 

རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར།། 

ཞེས་གསུངས། དོན་ནི།) སེམས་ཅན་རྣམས་ཀྱི་(རྒྱུད་ཀྱི་)མ་རིག་(པ་ལ་)སོགས་(པའི་ཉོན་མོངས་པའི་དྲི་མ་ཤིང་)འབྲས་ཀྱི་པགས་(པའི་)སྦུབས་(དང་འདྲ་བའི་)ནང་(དུ་)ཆུད་(པའི་རང་བཞིན་གྱིས་རྣམ་པར་དག་པའི་)ཆོས་ཁམས་དགེ་བ་(དེ་)ཡང་དེ་བཞིན་(དུ། རིགས་སད་པའི་རྐྱེན་དད་པ་དང་སྙིང་རྗེ་ནས་བཟུང་སྟེ། ཐེག་པ་ཆེན་པོའི་ལམ་གྱི་)དགེ་བ་དེ་(དང་)དེ་ལ་བརྟེན་ནས་རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར(བ་ཡིན་ནོ།། ཞེས་པའོ།།)


(གཉིས་པ་དེ་ཉིད་འཆད་པ་ནི། རྩ་བ་ལས།)

ཆུ་དང་ཉི་མའི་འོད་དང་རླུང་དང་ས་དུས་ནམ་མཁའི་རྐྱེན་རྣམས་ཀྱིས།།

ཏཱ་ལ་དང་ནི་ཨ་མྲའི་འབྲས་སྦུབས་གསེབ་ནས་ཤིང་རྐྱེན་ཇི་ལྟ་བར།།

སེམས་ཅན་ཉོན་མོངས་འབྲས་ལྤགས་ནང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང་།།

དེ་བཞིན་དགེ་རྐྱེན་དེ་དང་དེ་ཡིས་ཆོས་མཐོན་འཕེལ་བར་འགྱུར་བ་ཡིན།།

(ཞེས་གསུངས། དོན་ནི། དཔེར་ན།)ཆུ་དང་། ཉི་མའི་འོད་དང་། རླུང་དང་། ས་(དང་། ནམ་)དུས་(དང་། གོ་འབྱེད་པར་བྱེད་པ་)ནམ་མཁའི་(ཁམས་སྟེ་ལྷན་ཅིག་བྱེད་)རྐྱེན་རྣམས་ཀྱིས་(གྲོགས་བྱེད་པ་ལ་བརྟེན་ནས། ཉེར་ལེན་ཤིང་)ཏཱ་ལ་དང་ནི་ཨ་མྲའི་འབྲས་(བུའམ་ས་བོན་གྱི་)སྦུབས་གསེབ་ནས་(ལྗོན་)ཤིང་(དེ་དང་དེ་)སྐྱེ་(བ་)ཇི་ལྟ་བར། སེམས་ཅན་(རྣམས་ཀྱི་)ཉོན་མོངས་པ་(ཤིང་)འབྲས་ཀྱི་ཤུན་)ལྤགས་(དང་འདྲ་བ་དེའི་)ནང་(དུ་)ཆུད་(པའི་)རྫོགས་(པའི་)སངས་(རྒྱས་ཀྱི་)ས་བོན་(ཁམས་བདེ་གཤེགས་སྙིང་པོ་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་)མྱུ་གུ་(འགྲུབ་པ་)ཡང་། (དཔེའི་སྐབས་སུ་བཤད་པ་)དེ་བཞིན་(དུ་ཐོས་བསམ་སྒོམ་གསུམ་གྱི་)དགེ་(བའི་)རྐྱེན་དེ་དང་དེ་ལས་ཆོས་(རྣམས་ཀྱི་གནས་ལུགས་མཐར་ཐུག་པ་དེ་ཉིད་དང་པོར་མངོན་སུམ་དུ་)མཐོང་(བ་དང་། རིམ་གྱིས་གོང་ནས་གོང་དུ་)འཕེལ་བར་(འགྱུར་ཞིང་། མཐར་སངས་རྒྱས་ཐོབ་པར་)འགྱུར་བ་ཡིན་(ནོ།། ཞེས་པའོ།། 

འདིར་སྒྲིབ་བྱེད་མཐོང་སླང་ནི་ཤུན་པའི་སྦུབས་དང་འདྲ་ལ། བསྒྲིབ་བྱ་དེ་བཞིན་གཤེགས་པའི་ཁམས་ནི་ས་བོན་འདྲ་བར་སྦྱར་བའོ།། དེས་ན་འདི་དག་གིས་ནི་མཐོང་སྤང་ཀུན་བརྟགས་ཀྱིས་ནོན་པའི་སེམས་ཀྱི་སྙིང་པོ་དེ་ཤུན་པགས་ཀྱིས་བཏུམས་པའི་ས་བོན་གྱི་དཔེས་མཚོན་ནས་མཐོང་སྤང་གི་དྲི་མ་གློ་བུར་བར་བསྟན་པར་སེམས་སོ།།)


(དཔེ་དགུ་དོན་དགུའི་དྲུག་པ་༼སྒོམ་སྤང་གློ་བུར་བར་དཔེས་བསྒྲུབ་པ་༽ལ་བསྟན་བཤད་གཉིས་ཀྱི། དང་པོ་བསྟན་པ་ལ་དཔེ་ནི། རྩ་བ་ལས།)

ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས།།

གོས་ཧྲུལ་དྲི་ངན་གྱིས་ནི་བཏུམས་གྱུར་པ།།

ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར།།

ལམ་གནས་དོན་དེ་དེ་ལ་སྨྲ་བ་ལྟར།།

(ཞེས་གསུངས། དོན་ནི།) ཇི་ལྟར་(ཏེ་དཔེར་ན་གསེར་དངུལ་སོགས་)རིན་ཆེན་ལས་བྱས་(པའི་)རྒྱལ་བའི་གཟུགས་(ཞིག་)གོས་རུལ་དྲི་ངན་གྱིས་ནི་བ ཏུམས་(པར་)གྱུར་པ་(འབྲོག་དགོན་པའི་)ལམ་(ན་)གནས་(པ་མི་རྣམས་ཀྱིས་འགོམ་ཞིང་འགྲོ་བ་ལམ་དེ་ན་ཡོད་པའི་)ལྷ་ཡིས་མཐོང་ནས་(སྒྲིབ་བྱེད་དང་འགོམ་པ་དེ་ལས་)གྲོལ་(བར་)བྱ(་བ)འི་ཕྱིར་ལམ་(ན་རྒྱལ་བའི་སྐུ་གཟུགས་)གནས་(པའམ་བཞུགས་)པའི་དོན་དེ་(མི་དེ་(རྣམས་)ལ་སྨྲས་པ་ལྟར། (ཞེས་པའོ།།)

(དོན་ནི། རྩ་བ་ལས།)

ཐོགས་མེད་སྤྱན་མངའ་རྣམ་པ་སྣ་ཚོགས་ཀྱི།། ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད།།

དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ།།

ཐར་པར་བྱ་བའི་དོན་དུ་ཐབས་སྟོན་མཛོད།།

(ཅེས་གསུངས། དོན་ནི། དཔེ་)དེ་བཞིན་དུ་ཐོགས་(པ་)མེད་(པའི་སངས་རྒྱས་ཀྱི་)སྤྱན་མངའ་(བའི་དེ་བཞིན་གཤེགས་པས་(རྣམ་པ་སྣ་ཚོགས་ཀྱི་ཉོན་མོངས་ཀྱིས་བཏུམས་(པའི་ཁམས་)བདེ་གཤེགས་སྙིང་པོའམ་)དངོས་པོ་(དེ་)ཉིད་དུད་འགྲོ་ལ་ཡང་གཟིགས་ནས། (དཔེའི་སྐབས་སུ་བཤད་པ་)དེ་བཞིན་དུ་(སངས་རྒྱས་སྙིང་པོ་ཅན་གྱི་ལུས་ཅན་དེ་(རྣམས་ཉོན་མོངས་པའི་གོས་ཧྲུལ་ལས་)ཐར་བར་བྱ་བའི་དོན་དུ་(སངས་རྒྱས་རྣམས་ཀྱིས་རིགས་ཅན་གསུམ་གྱི་ལམ་གྱིས་བསྡུས་པའི་)ཐབས་སྟོན་(པར་)མཛད་(དོ།།) ཞེས་པའོ།། 


(གཉིས་པ་དེ་ཉིད་འཆད་པ་ནི། རྩ་བ་ལས།) 

ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ངན་གོས་གཏུམས་པ།།

ལམ་གནས་ལྷ་ཡི་མིག་གིས་མཐོང་ནས་ཐར་ཕྱིར་མི་ལ་སྟོན་པ་ལྟར།།

དེ་བཞིན་ཉོན་མོངས་གོས་ཧྲུལ་གྱིས་གཏུམས་འཁོར་བའི་ལམ་ན་གནས་པའི་ཁམས།།

དུད་འགྲོ་ལ་ཡང་གཟིགས་ནས་ཐར་པར་བྱ་ཕྱིར་རྒྱལ་བ་ཆོས་སྟོན་ཏོ།། 

(ཞེས་གསུངས། དོན་ནི།) ཇི་ལྟར་(ཏེ་དཔེར་ན་)རིན་ཆེན་རང་བཞིན་གྱི་དེ་བཞིན་གཤེགས་པའི་སྐུ་(གཟུགས་)དྲི་(མ་)ངན་པ་ཅན་གྱི་གོས་ཀྱིས་བཏུམས་པ་(ཞིག་མི་རྣམས་འགྲོ་བའི་)ལམ་(ན་)གནས་(པའམ་ཡོད་པ་དེ་དེར་ཡོད་པའི་)ལྷ་ཡི་ལྷའི་མིག་གིས་མཐོང་ནས་(སྒྲིབ་བྱེད་ལས་)ཐར་(བའི་)ཕྱིར་མི་ལ་སྟོན་པ་ལྟར། (དཔེ་)དེ་བཞིན་དུ་ཉོན་མོངས་(པའི་)གོས་ཧྲུལ་གྱིས་བཏུམས་(ནས་)འཁོར་བའི་ལམ་ན་གནས་་པའི་ཁམས་(བདེ་གཤེགས་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པ་དེ་མི་ལྟ་ཅི་སྨོས།) དུད་འགྲོ་ལ་ཡང་(ཡོད་པར་སངས་རྒྱས་ཀྱིས་)གཟིགས་ནས་(ལུས་ཅན་རྣམས་འཁོར་བ་ལས་)ཐར་པར་བྱ་(བའི་)ཕྱིར་རྒྱལ་བ་(དེ་བཞིན་གཤེགས་པས་གདུལ་བྱ་རྣམས་ལ་སྐལ་བ་དང་འཚམས་པའི་)ཆོས་སྟོན་ཏོ།། (ཞེས་པའོ།། 

འདིར་སྒྲིབ་བྱེད་སྒོམ་སྤང་ནི་གོས་ཧྲུལ་པ་དང་འདྲ་ལ། བསྒྲིབ་བྱ་དེ་བཞིན་གཤེགས་པའི་ཁམས་ནི་རིན་པོ་ཆེའི་སྐུ་གཟུགས་དང་འདྲ་བར་སྦྱར་བའོ།། དེས་ན་འདི་དག་གིས་ནི་སྒོམ་སྤང་ལྷན་སྐྱེས་ཀྱིས་བཅིངས་པའི་སེམས་ཀྱི་སྙིང་པོ་དེ་དག་དཀའ་བའི་དྲི་ངན་ཅན་གོས་ཧྲུལ་གྱིས་བསྒྲིལ་བའི་སྐུ་གཟུགས་ཀྱི་དཔེས་མཚོན་ནས་སྒོམ་སྤང་གི་དྲི་མ་གློ་བུར་བར་བསྟན་པར་སེམས་སོ།།)


(དཔེ་དགུ་དོན་དགུའི་བརྒྱད་པ་༼ མ་དག་པའི་ས་ལ་བརྟེན་པའི་དྲི་མ་གློ་བུར་བར་དཔེས་བསྒྲུབ་པ་༽ལ་བསྟན་བཤད་གཉིས་ཀྱི། དང་པོ་བསྟན་པ་ལ་དཔེ་ནི། རྩ་བ་ལས།)

ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ།།

མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ།།

མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པས།།

རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར།།  

 (ཞེས་གསུངས། དོན་ནི།) ཇི་ལྟར་(ཏེ་དཔེར་ན་)མི་མོ་(བུད་མེད་བྱད་)གཟུགས་ངན་(ཞིང་དབུལ་ལ།) མགོན་མེད་(པ་)འགའ་(ཞིག་ལ།) རྡུག་འཕོངས་ལས་སྐྱོབ་པའི་)མགོན་(བྱེད་པ་སུ་ཡང་)མེད་(པའི་ཁྱིམ་གྱི་)འདུག་གནས་སུ་ནི་འདུག་(པར་)གྱུར་ལ། (རང་གི་)མངལ་གྱིས་(འཁོར་ལོས་བསྒྱུར་བའི་)རྒྱལ་བོའི་དཔལ་ནི་(མེར་མེར་པོ་ལ་སོགས་པའི་ངོ་བོར་)འཛིན་པར་བྱེད་པས་རང་གི་ལྟོ་(བ་)ན་(གླིང་བཞིའི་)མི་བདག་(ཏུ་འགྱུར་བའི་ཆོས་ཡོད་པ་)་མི་ཤེས་པ(ས་སྡུག་བསྔལ་བ་)ལྟར། ཞེས་པའོ།། 


(དོན་ནི། རྩ་བ་ལས།)

སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ།།

མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན།།

དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ།།

དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན།།

(ཞེསགསུངས། དོན་ནི། ཁམས་གསུམ་གྱི་)སྲིད་པར་སྐྱེས་པ་(ནི།) མགོན་མེད་(པའི་ཁྱིམ་(ན་)གནས་(པ་)བཞིན་(ཏེ་འདྲ་ལ། གློ་བུར་གྱི་དྲི་མས་)མ་དག་(པའི་)སེམས་ཅན་་(ནི།) མངལ་(ན་འཁོར་བསྒྱུར་དང་)ལྡན་(པའི་)བུད་མེད་བཞིན་(ནོ།། དེ་ལ་གང་ཞིག་ཡོད་པས་(མཐར་རིམ་གྱིས་)མགོན་(དང་)བཅས་པ(ར་འགྱུར་བ་རང་བཞིན་གྱིས་)དྲི་(མ་)མེད་(པའི་)ཁམས་(བདེ་གཤེགས་སྙིང་པོ་)ནི། (བུད་མེད་)དེ་ཡི་མངལ་(ན་མི་བདག་གི་ས་བོན་མེར་མེར་པོ་ལ་སོགས་པའི་ངོ་བོར་)གནས་(པ་)བཞིན་(ནོ།། ཞེས་པའོ།།)


(གཉིས་པ་དེ་ཉིད་འཆད་པ་ནི། རྩ་བ་ལས།)

ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གྱོན་མི་སྡུག་གཟུགས་ལྡན་པ།།

ས་བདག་མངལ་ན་གནས་ཀྱང་མགོན་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར།།

དེ་བཞིན་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ།།

འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བས་སྡུག་བསྔལ་གཞི་ལ་གནས།།

(ཞེས་གསུངས། དོན་ནི།) ཇི་ལྟར་(ཏེ་དཔེར་ན་)བུད་མེད་(ཀྱི་)ལུས་ལ་དྲི་(མ་དང་)བཅས་(པའི་)གོས་གྱོན་(ཅིང་།) མི་སྡུག་(པའི་)གཟུགས་(དང་)ལྡན་པ། ས་(ཡི)བདག་(པོ་)མངལ་(གྱི་ནང་)ན་གནས་ཀྱང་། (དེར་)མི་ཤེས་(པར་སྐྱོབ་པའི་)མགོན་མེད་(པའི་)ཁང་པར་སྡུག་བསྔལ་མཆོག་(ཡིད་མི་བདེ་བ་)མྱོང་བ་ལྟར།

(དཔེ་)དེ་བཞིན་(དུ་སེམས་ཅན་)བདག་རང་(གི་ནང་)ན་(བདེ་གཤེགས་སྙིང་པོ་)གནས་(པས་)མགོན་ཡོད་པར་གྱུར་ཀྱང་། (བདག་ལ་)མགོན་མེད་(དོ་སྙམ་པའི་)པའི་བློ་དང་ལྡན་པ། འགྲོ་བ་ཉོན་མོངས་(པའི་)དབང་གིས་ཡིད་(ཀྱི་རྒུད་པ་མཐའ་དག་)མ་ཞི་བས། (འཁོར་བའི་སྡུག་བསྔལ་(གྱི་)གཞི་ལ་གནས་(པ་རྣམས་ཀྱི་ཉོན་མོངས་པ་ཞི་བའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པར་མཛད་དོ།། ཞེས་པའོ།། རྩ་བར། སྒྲིབ་པ་སེལ་བྱེད་དངོས་སུ་མ་སྨོས་ཀྱང་གོང་འོག་ལྟར་ཤེས་པར་བྱ་བར་རྒྱུད་བླ་ཐོགས་འགྲེལ་ལས་སོ།། 

འདིར་སྒྲིབ་བྱེད་མ་དག་པའི་སའི་དྲི་མ་ནི་སེམས་ཅན་ཞུགས་པའི་བུད་མེད་དང་འདྲ་ལ། བསྒྲིབ་བྱ་དེ་བཞིན་གཤེགས་པའི་ཁམས་ནི་མེར་མེར་པོ་སོགས་ལ་གནས་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲ་བར་སྦྱར་བའོ།། དེས་ན་འདི་དག་གིས་ནི་བདེན་འཛིན་གྱི་དྲི་མ་དང་བཅས་པའི་མ་དག་པའི་ས་པའི་སེམས་ཀྱི་སྙིང་པོ་དེ་བུད་མེད་ངན་མའི་ལྟོ་ན་གནས་པའི་འཁོར་སྒྱུར་གྱི་དཔེས་མཚོན་ནས་མ་དག་པའི་ས་་ལ་བརྟེན་པའི་དྲི་མ་གློ་བུར་བར་བསྟན་པར་སེམས་སོ།།) 

(དཔེ་དགུ་དོན་དགུའི་དགུ་པ་༼དག་པའི་ས་ལ་བརྟེན་པའི་དྲི་མ་གློ་བུར་བར་དཔེས་བསྒྲུབ་པ་༽ལ་བསྟན་བཤད་གཉིས་ཀྱི། དང་པོ་བསྟན་པ་ལ་དཔེ་ནི། རྩ་བ་ལས།) 

ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ།།

ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན།།

མཐོང་ནས་དེ་ཤེས་པ་དག་ནང་གི་གསེར།།

སྦྱང་ཕྱིར་ཕྱི་རོལ་སྒྲིབ་པ་སེལ་བྱེད་ལྟར།།

(ཞེས་གསུངས། དོན་ནི།) ཇི་ལྟར་(ཏེ་དཔེར་ན་འཇིམ་པའི་)ནང་གི་གསེར་ཞུན་(མ་ལས་བྱས་པའི་དེ་བཞིན་གཤེགས་པའི་སྐུ་)གཟུགས་(ཡན་ལག་ཐམས་ཅད་རྫོགས་པས་)རྒྱས་པ། (གསེར་གྱི་སྐྱོན་)ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན་(འཇིམ་པས་གཡོགས་པ་)མཐོང་ནས་དེ་ཤེས་པ་དག་(གིས་ནི་)ནང་གི་གསེར་སྦྱང་(བའི་)ཕྱིར་ཕྱི་རོལ་(གྱི་)སྒྲིབ་པ་སེལ་བ(ར་བྱེད་པ་)ལྟར། (ཞེས་པའོ།།)


(དོན་ནི། རྩ་བ་ལས།)

རང་བཞིན་འོད་གསལ་དྲི་མེད་རྣམས་ཀྱང་ནི།།

གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས།།

རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས།།

སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག།

(ཞེས་གསུངས། དོན་ནི།) སེམས་ཀྱི་རང་བཞིན་འོད་གསལ་(སྒྲིབ་བྱེད་ཀྱི་)དྲི་མ་རྣམས་ཀྱང་ནི། (སེམས་དང་འབྲལ་རུང་གི་)གློ་བུར་བར་ནི་རྣམ་པར་གཟིགས་(པར་)གྱུར་ནས། (སངས་རྒྱས་ཆོས་སྐྱེ་རུང་གི་གནས་སུ་གྱུར་པས།) རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས་སྒྲིབ་པ་དག་ལས་སྦྱོང་(བར་)མཛད་(ཅིང་།) ༡ བྱང་ཆུབ་མཆོག་(དག་པ་གཉིས་ལྡན་དེ་ཐོབ་པར་མཛད་དོ།། ༢ ཡང་ན་གང་གིས་སྒྲིབ་པ་སྦྱོང་བར་མཛད་ཅེ་ན།) བྱང་ཆུབ་མཆོག་(སངས་རྒྱས་ཀྱིས་སོ།།)


(གཉིས་པ་དེ་ཉིད་འཆད་པ་ནི། རྩ་བ་ལས།) 

ཇི་ལྟར་དྲི་མེད་གསེར་འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས།།

ཞི་དེ་རང་བཞིན་མཁས་པས་རིག་ནས་ས་དག་སེལ་བར་བྱེད་པར་ལྟར།།

དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས།།

ཆོས་འཆད་ཚུལ་གྱིས་བརྡེག་སྤྱད་སྒྲུབ་པས་སྒྲིབ་པ་དག་ནི་སེལ་བར་མཛད།།

ཅེས་གསུངས། དོན་ནི།) ཇི་ལྟར་(ཏེ་དཔེར་ན་)དྲི་(མ་)མེད་(པའི་)གསེར་འབར་(བ་)ལས་བྱས་པ། སའི་ནང་དུ་ཆུད་(པར་)གྱུར་(པའི་)གཟུགས་(མཛེས་ཤིང་)ཞི་(བ་(དེ་(རིན་པོ་ཆེ་བརྟག་དཔྱད་ཀྱི་)རང་བཞིན་(ལ་)མཁས་པས་རིག་ནས་ས་དག་སེལ་བར་བྱེད་པ་ལྟར། (དཔེ་)དེ་བཞིན་(དུ་)ཀུན་མཁྱེན་(གྱིས་)དག་པའི་གསེར་(དང་)འདྲ་(བ་)ཞི་བའི་ཡིད་(རང་བཞིན་རྣམ་དག་)ནི་མཁྱེན་(པར་)གྱུར་ནས་(རིན་པོ་ཆེ་ལ་ཡོད་པའི་)ས་དག་(ལག་ཆས་)སེལ་བར་བྱེད་པ་ལྟར། (དཔེ་)དེ་བཞིན་(དུ་)ཀུན་མཁྱེན་(སངས་རྒྱས་ཀྱིས་)དག་པའི་གསེར་(དང་)འདྲ་(བ་)ཞི་བའི་ཡིད་(རང་བཞིན་རྣམ་དག་)ནི་མཁྱེན་(པར་)གྱུར་ནས། (གློ་བུར་གྱི་དྲི་མ་སྦྱོང་བྱེད་ཐེག་གསུམ་གྱི་ལམ་འབྲས་བུ་དང་བཅས་པའི་)ཆོས་འཆད་(པའི་)ཚུལ་གྱིས་རྡེག་སྤྱད་བསྒྲུབས་པས་སྒྲིབ་པ་དག་ནི་སེལ་བར་མཛད་(པར་ཤེས་པར་་་་བྱའོ།། ཞེས་པའོ།། 

འདིར་སྒྲིབ་བྱེད་དག་སའི་དྲི་མ་ནི་སའི་འདམ་གོས་པ་དང་འདྲ་ལ། བསྒྲིབ་བྱ་དེ་བཞིན་གཤེགས་པའི་ཁམས་ནི་དག་པའི་གསེར་གྱི་སྐུ་གཟུགས་འདྲ་བར་སྦྱར་བའོ།། དེས་ན་འདི་དག་གིས་ནི་བདེན་འཛིན་མེད་ཀྱང་བག་ཆགས་དབང་གིས་བདེན་སྣང་གིས་བསླད་པའི་དག་སའི་སེམས་ཀྱི་སྙིང་པོ་དེ་རག་གན་སོགས་ལྷད་ཀྱི་དྲི་མ་མེད་ཀྱང་ས་རྡུལ་གྱིས་གོས་པའི་གསེར་གྱི་སྐུ་གཟུགས་ཀྱི་དཔེས་མཚོན་ནས་དག་སའི་དྲི་མ་གློ་བུར་བར་བསྟན་པར་སེམས་སོ།།)


Saturday, December 12, 2020

འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་རྫོགས་རིམ་དང་འབྲེལ་བ།

 ༄༅།   །ནམོགུརུབཛྲབྷཻརཝཡ། (འདིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་བསྒོམ་ཚུལ་ ྋགུ་ཤྲཱི་ཆོས་རྗེ་བློ་བཟང་ལྷུན་གྲུབ་ཀྱི་རྫོགས་རིམ་གྱི་ཁྲིད་ལས་འབྱུང་བ་རྣམས་ངག་འདོན་གྱི་རིམ་པར་ཁོལ་དུ་ཕྱུང་སྟེ་འགོད་པ་ལ། སྤྱིར་ཐར་འདོད་རྣམས་ཀྱིས་ལམ་གང་དང་གང་བསྒོམས་ཀྱང་། སྒྲིབ་སྦྱང་ཚོགས་གསོག་གི་ཆོ་ག་ལ་ནན་ཏན་དུ་བྱ་བར་གསུངས་པས། སྒྲིབ་སྦྱང་གི་ཆོ་ག་ནི་རྡོར་སེམས་བསྒོམ་བཟླས་ཡིན་ལ། ཚོགས་བསགས་པ་ལ་ནི་བླ་མའི་རྣལ་འབྱོར་ལ་བརྟེན་པ་གཙོ་བོ་ཡིན་ནོ།། དེས་ན་ཐར་འདོད་རྣམས་ཀྱིས་ལྷ་གང་དང་གང་བསྒོམ་པ་དང་། སངས་རྒྱས་བྱང་སེམས་གང་དང་གང་ལ་ཕྱག་མཆོད་སོགས་གང་བྱས་ཀྱང་། ཡུལ་དེ་ཉིད་རང་གི་བླ་མ་དང་དབྱེར་མེད་དུ་བལྟས་ནས་བྱ་བ་གནད་ཆེ་བས། འདིར་ཡང་བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེའོ།། དེའི་ཚུལ་ནི། མདུན་དུ་བླ་མ་གཤིན་རྗེ་གཤེད་བསྒོམ་སྟེ་ཕྱག་མཆོད་སོགས་བྱ་བ། ཚོགས་ཞིང་སྤྱི་བོར་སྤྱན་དྲངས་ཏེ་འདོད་དོན་གསོལ་བ། མཐར་སྙིང་གར་བསྟིམ་ནས་བསྔོ་སྨོན་གྱིས་རྒྱས་འདེབས་པ་དང་གསུམ་ལས། དང་པོ་ནི། ཐོག་མར། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་བླ་མ་རྒྱལ་བ་སྲས་བཅས་སོགས་སྐྱབས་ཡུལ་དུ་འོས་པ་ཐམས་ཅད་བཞུགས་པར་ཡིད་ཀྱིས་གསལ་བཏབ་ལ། དེ་ལ་རང་དང་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་སུ་འགྲོ་བར་བསམ་ལ།)

      ཕྱོགས་བཅུའི་ཞིང་ན་བཞུགས་པའི་བླ་མ་དང་།། ཡི་དམ་སངས་རྒྱས་ལུང་རྟོགས་དམ་པའི་ཆོས།། འཕགས་པའི་དགེ་འདུན་མཁའ་འགྲོ་ཆོས་སྲུང་ལ།། བདག་སོགས་སེམས་ཅན་ཐམས་ཅད་སྐྱབས་སུ་མཆིའོ།། (ཞེས་སྐྱབས་འགྲོ་ལན་གསུམ།)   སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། (ཞེས་ཚད་མེད་བཞི་ལན་གསུམ།   བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བྱའོ།། (ཞེས་སེམས་བསྐྱེད་ལན་གསུམ་སོགས་བྱའོ།། 

       དེ་ནས་ཚོགས་ཞིང་གསལ་འདེབས་པ་ནི།)   ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུད་དྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར་(པར་བསམས་ལ།) འཁོར་འདས་ཆོས་ཀུན་སྟོང་པའི་ངང་ཉིད་ལས།། མདུན་གྱི་ལྷ་ལམ་མཆོད་སྤྲིན་འཁྲིགས་པའི་དབུས།། བཞི་ཟུང་གདོང་ལྔས་བཏེགས་པའི་རཏྣའི་ཁྲིར།། སྣ་ཚོགས་པདྨ་ཟླ་བ་ཉི་མའི་སྟེང་།། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས།། རྩ་བའི་བླ་མ་ཡི་དམ་གཤིན་རྗེའི་གཤེད།། སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི།། གྲི་ཐོད་ལ་སོགས་ཕྱག་མཚན་སྣ་ཚོགས་འཛིན།། ཞབས་ནི་བཅུ་དྲུག་སྲོག་ཆགས་སྣ་ཚོགས་སྟེང་།། མེ་ཕུང་འབར་དབུས་གཡས་བསྐུམས་གཡོན་བརྐྱངས་བཞུགས།། དེ་ཡི་ཐུགས་ཀར་འཇམ་དཔལ་གཞོན་ནུ་སེར།། ཞལ་གཅིག་ཕྱག་གཉིས་རལ་གྲི་གླེགས་བམ་འཛིན།། འཇམ་དཔལ་ཐུགས་ཀར་ཧཱུཾ་ཡིག་མཐིང་ག་སྟེ།། སེམས་དཔའ་སུམ་བརྩེགས་རྡོ་རྗེ་འཇིགས་བྱེད་ཀྱི།། པང་ན་ཡུམ་ཆེན་རྡོ་རྗེ་རོ་ལངས་མ།། གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པར་གྱུར།། སྤྱི་མགྲིན་ཐུགས་ཀ་ལྟེ་བ་གསང་གནས་ལྔའི།། རྩ་འདབ་འཁོར་ལོར་དབུས་སུ་རིམ་པ་བཞིན།། ཨོཾ་དཀར་ཨཱཿདམར་ཧཱུཾ་སྔོན་སྭཱ་སེར་དང་།།  ཧཱ་ཡིག་ལྗང་གུ་རྣམས་ཀྱིས་མཚན་པར་གྱུར།། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས།། རྒྱལ་བ་སྲས་བཅས་སྐྱབས་ཡུལ་སྤྱན་དྲངས་ཏེ།། མདུན་གྱི་བླ་མ་རྡོ་རྗེ་འཇིགས་བྱེད་ལ།། ཐིམ་པས་སྐྱབས་ཡུལ་ཀུན་འདུས་ངོ་བོར་གྱུར།། (དེ་ནས།)   སྐྱབས་གནས་ཀུན་འདུས་བླ་མ་འཇིགས་བྱེད་ཀྱི།། མཚན་དང་དཔེ་བྱད་བཟང་པོས་སྤྲས་སྐུ་ནི།། བལྟ་བས་མི་ངོམས་མཐོང་བ་ཙམ་གྱིས་ཀྱང་།། དད་པའི་སྤུ་ལོང་གཡོ་བའི་གཟི་བརྗིད་ལྡན།། ཕུང་པོ་རིགས་ལྔ་ཁམས་བཞི་ལྷ་མོ་བཞི།། སྐྱེ་མཆེད་སེམས་དཔའ་ཡན་ལག་ཁྲོ་བོའི་དབང་།། བ་སྤུ་དགྲ་བཅོམ་ཉི་ཁྲི་ཆིག་སྟོང་ཉིད།། བ་སྤུའི་ཁུང་རེར་སངས་རྒྱས་གྲངས་མེད་བཞུགས།། ཐོས་པས་མི་ངོམས་གསུང་དབྱངས་དྲུག་ཅུ་ནི།། ཐོས་པ་ཙམ་གྱིས་སྲིད་ཞིའི་འཇིགས་པ་འཕྲོག། གྲངས་མེད་གདུལ་བྱའི་སྒྲིབ་གཉིས་བག་ཆགས་བཅས།། དྲི་མ་སེལ་བྱེད་ངེས་དོན་བདུད་རྩི་ཡིན།། མཁྱེན་བརྩེའི་དཔལ་ལྡན་ཟབ་ཡངས་ཐུགས་མཆོག་ནི།། ཇི་ལྟ་བ་ལ་རྟག་ཏུ་མཉམ་བཞག་ཀྱང་།། ཇི་སྙེད་ཆོས་ཀུན་ལག་མཐིལ་སྐྱུ་རུ་བཞིན།། མངོན་སུམ་མཁྱེན་པའི་ཡོན་ཏན་མ་ལུས་རྫོགས།། (ཞེས་སོགས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་བསམ། སླར་ཡང་བསྒྱུར་ཏེ་གསལ་འདེབས་པ་ནི།)  ཡོན་ཏན་ཕུང་པོ་བླ་མ་འཇིགས་བྱེད་དེ།། སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་འདྲ།། དྭངས་ཤིང་གསལ་བ་གཡའ་དག་དགུང་སྔོན་བཞིན།། མདུན་གྱི་གདན་ལ་མངོན་སུམ་བཞུགས་པར་གྱུར།། (ཅེས་གསལ་སྣང་དང་དད་པ་ཤུགས་དྲག་བྱུང་བྱུང་གི་བར་དུ་དལ་བུས་གསལ་བཏབ་ལ། 

       དེ་ནས་ཡན་ལག་བདུན་པ་བྱ་བ་ལ། ཐོག་མར་ཕྱག་འཚལ་བའི་ཡན་ལག་ནི།) སངས་རྒྱས་ཐམས་ཅད་འདུས་པའི་སྐུ།། རྡོ་རྗེ་འཛིན་པའི་ངོ་བོ་ཉིད།། དཀོན་མཆོག་གསུམ་རྩ་བ་སྟེ།། བླ་མ་རྣམས་ལ་ཕྱག་འཚལ་ལོ།། གང་གི་དྲིན་གྱིས་བདེ་ཆེན་ནི།། སྐད་ཅིག་གིས་ནི་འཐོབ་འགྱུར་བ།། བླ་མ་རིན་ཆེན་ལྟ་བུ་ཡི།། རྡོ་རྗེ་ཅན་ཞབས་པད་ལ་འདུད།། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ།། དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན།། གདུལ་དཀའ་འདུལ་བའི་དོན་མཛད་པ།། རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ།། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ།། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།། སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཆལ་ལོ།། 

(མཆོད་པའི་ཡན་ལག་ལ་བཞི་ལས། ཕྱིའི་མཆོད་པ་ནི། རང་གི་སྙིང་ག་ནས་མཆོད་ལྷ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་མཆོད་པར་བསམས་ལ།) ཆུ་བཞི་ཉེར་སྤྱོད་འདོད་ཡོན་སྣ་ལྔ་དང་།། རིན་ཆེན་བདུན་སོགས་ལྷ་མིའི་མཁོ་དགུའི་རྫས།། ཁྱད་པར་གསུམ་ལྡན་མཆོད་པར་བྱིན་བརླབས་ཏེ།། བླ་མ་འཇིགས་བྱེད་ལྷ་ཚོགས་རྣམས་ལ་འབུལ།། (ཞེས་དང་།     ནང་གི་མཆོད་པ་ནི། ཡང་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩིས་གང་བའི་ཐོད་པ་ཐོགས་པའི་ལྷ་མོ་རྣམས་སྔར་ལྟར་སྤྲོས་ཏེ་མཆོད་པར་བསམས་ལ།)  རིགས་ལྔ་ཡབ་ཡུམ་ས་བོན་ལས་བྱུང་བའི།། དངོས་གྲུབ་དགུག་གསལ་ཤ་ལྔ་བདུད་རྩི་ལྔ།། རྡོ་རྗེ་གསུམ་གྱིས་སྦྱངས་རྟོགས་སྦར་བྱས་ཏེ།། བླ་མ་འཇིགས་བྱེད་ལྷ་ཚོགས་རྣམས་ལ་འབུལ།། (མཆོད་ལྷ་རྣམས་སྙིང་གར་བསྡུའོ།།     གསང་བའི་མཆོད་པ་ནི། རང་གི་སྙིང་ག་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་གཞོན་ནུ་མ་མཛེས་ཤིང་ཡིད་དུ་འོང་བ་མཚན་ཉིད་དང་ལྡན་པ་དཔག་ཏུ་མེད་པ་སྤྲོས་ཏེ། བླ་མ་འཇིགས་བྱེད་ཀྱི་ཡུམ་ལ་ཐིམ་པས། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དེ་སྔར་ལས་ཀྱང་ཆེར་སྐྱེས་པ་དེས་བླ་མའི་སྐུ་ལ་གནས་པའི་ལྷ་ཐམས་ཅད་མཉེས་ཤིང་ཚིམ་པར་བསམས་ལ།) ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞིའི།། འདོད་པའི་སྒྱུ་རྩལ་ཡོན་ཏན་ཚང་བ་ཡི།། བཅུ་དྲུག་ལོ་ལོན་མཛེས་སྡུག་ཕྱག་རྒྱ་རྣམས།། བླ་མ་འཇིགས་བྱེད་ལྷ་ཚོགས་རྣམས་ལ་འབུལ།། (ཞེས་དང་།     དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། བླ་མ་ཡབ་ཡུམ་དང་བླ་མའི་སྐུ་ལ་གནས་པའི་ལྷ་ཐམས་ཅད་ཀྱིས། སྔར་གསང་བའི་མཆོད་པའི་སྐབས་སུ་མྱོང་བའི་ལྷན་སྐྱེས་ཀྱི་བདེ་བ་དེས་སྟོང་ཉིད་ལ་མཉམ་པར་བཞག་པས། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྔར་ལས་ཀྱང་ཆེས་ལྷག་ཏུ་གྱུར་པར་བསམ་ལ།) སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེ།། ཆོས་ཀུན་རང་བཞིན་སྤྲོས་དང་བྲལ་བའི་དབྱིངས།། དབྱེར་མེད་ལྷུན་གྲུབ་དོན་དམ་བྱང་ཆུབ་སེམས།། བླ་མ་འཇིགས་བྱེད་ལྷ་ཚོགས་རྣམས་ལ་འབུལ།། (ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་འབུལ།

སྡིག་པ་བཤགས་པའི་ཡན་ལག་ནི།) དུག་གསུམ་དབང་གིས་སྒོ་གསུམ་སྡིག་པའི་ལས།། མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ།། སོ་སོར་ཐར་དང་བྱང་སེམས་རིག་འཛིན་གྱི།། བསླབ་གསུམ་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས།། ཁྱད་པར་བླ་མ་མཆོག་གསུམ་དཀོར་ལ་སྤྱད།། སྐུ་ལ་བསྡོས་ཤིང་གསུང་བཅག་ཐུགས་དཀྲུག་སོགས།། མི་བཟད་དམྱལ་བའི་མེ་ནང་བསྲེག་རྒྱུ་ལས།། གང་བྱས་སྙིང་ནས་འགྱོད་པ་དྲག་པོས་བཤགས།། (ཞེས་དུག་ཁོང་དུ་སོང་བ་ལྟར་འགྱོད་སེམས་དྲག་པོས་བརྗོད།། རྗེས་སུ་ཡི་རང་བའི་ཡན་ལག་ནི། རང་གཞན་སྐྱེ་འཕགས་མཐའ་དག་གི་དགེ་རྩ་ལ་སྙིང་ཐག་པ་ནས་དགའ་བའི་བསམ་པས།) ཆོས་རྣམས་རང་བཞིན་མཚན་མ་ཀུན་བྲལ་ཡང་།། རྨི་ལམ་ཇི་བཞིན་སྐྱེ་འཕགས་ཐམས་ཅད་ཀྱི།། བདེ་དགའ་ཅིར་ཡང་འཆར་བའི་རྣམ་དཀར་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། (ཞེས་དང་། ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། མདུན་གྱི་བླ་མས་མཚོན་པའི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་སེམས་ཅན་གྱི་དོན་དུ་ཆོས་འཁོར་བསྐོར་བར་བསྐུལ་བའི་བསམ་པས།) ཕུལ་བྱུང་མཁྱེན་བརྩེའི་ཆུ་འཛིན་འབུམ་དཀྲིགས་ཏེ།། མཐའ་ཡས་འགྲོ་བདེའི་ཕན་བདེ་ཀུན་དའི་ཚལ།། བསྐྱེད་དང་ཡུན་དུ་གནས་དང་སྤེལ་བའི་ཕྱིར།། ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ།། (ཞེས་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། མདུན་གྱི་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་བསམ་པས།)  རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།། ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག། བདག་ཅག་སྨོན་པ་ཇི་བཞིན་སྲིད་མཐའི་བར།། མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ།། (ཞེས་དང་། བསྔོ་བའི་ཡན་ལག་ནི། ཡན་ལག་སྔ་མ་དྲུག་གི་དགེ་རྩ་སོགས་རང་གཞན་གྱི་དགེ་བ་ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་གྱུར་པ་དང་། ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མས་མི་འབྲལ་བར་རྗེས་སུ་འཛིན་པར་སྨོན་ལམ་འདེབས་པའི་ཚུལ་དུ།)  དེ་ལྟར་བསྐྲུན་པའི་རྣམ་དཀར་དགེ་བའི་ཚོགས།། བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་ཡིས།། ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་།། ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ།། (ཞེས་ཡན་ལག་བདུན་པ་བྱའོ།།

དེ་ནས་མཎྜལ་ལ་བཞི་ལས་ཕྱིའི་མཎྜལ་འབུལ་བ་ནི།)  ཞིང་ཁམས་འབུལ་བར་ཞུ། ཨོཾ་བཛྲ་བྷུ་མི་ཨཱཿཧཱུཾ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ིནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའ་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང། ཁྱད་པར་དུ་ཡང་བླ་མ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཞིང་ཁམས་དབུལ་བར་བགྱིའོ།། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ།  (ཞེས་མཎྜལ་སོ་ཚོམ་བུ་བདུན་མའམ། བསྡུ་ན།)   ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། (ཞེས་དང་།     ནང་གི་མཎྜལ་ནི།) རང་གི་རྣམ་ཤེས་སྤྱི་བོར་ཐོན་ཏེ་མཁའ་འགྲོ་མ།། གྲི་ཐོད་འཛིན་པར་གྱུར་ནས་ཤ་ལྤགས་ལྷུ་ཚིགས་ཕྲལ།། པགས་པ་ས་གཞི་བྱང་ཁོག་རི་རྒྱལ་ཁྲག་ཆེན་མཚོ།། མགོ་བོ་རྣམ་རྒྱལ་ཁང་བཟང་མིག་གཉིས་ཉི་ཟླ་ཟུང་།། སོག་དཔྱི་གླིང་བཞི་རྐང་བརྒྱད་གླིང་ཕྲན་སྙིང་ནོར་བུ།། གཟུགས་སོགས་འདོད་ཡོན་ཤ་ཚིལ་སྣ་ཚོགས་མཆོད་སྤྲིན་གྱུར།། བླ་མ་ལྷ་ལ་འདོད་དགུའི་མཎྜལ་འདི་འབུལ་བས།། བཞེས་ནས་བདག་རྒྱུད་བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལ།། (ཞེས་དང་།      གསང་བའི་མཎྜལ་ནི།) རང་ཉིད་འཇིགས་བྱེད་ཡབ་ཡུམ་རོ་ལངས་མ།། འཁྱུད་པའི་བདེ་ཆེན་ངོ་བོ་བྱང་ཆུབ་སེམས།། རི་རབ་ཉི་ཟླ་གླིང་སོགས་གྱུར་པ་འདི།། བླ་མ་འཇིགས་བྱེད་ལྷ་ཚོགས་རྣམས་ལ་འབུལ།། (ཞེས་དང་།      དེ་ཁོ་ན་ཉིད་ཀྱི་མཎྜལ་ནི།) མཆོད་ཡུལ་མཆོད་མཁན་མཆོད་པའི་མཎྜལ་སོགས།། ཆོས་ཀུན་བདེན་སྟོང་སྒྱུ་མ་རྨི་ལམ་བཞིན།། བསྒོམས་པས་བདེ་སྟོང་དབྱེར་མེད་མཎྜལ་འདི།། བླ་མ་འཇིགས་བྱེད་ལྷ་ཚོགས་རྣམས་ལ་འབུལ།། (ཞེས་མཎྜལ་བཞི་འབུལ། དེ་ནས་བསྟོད་པ་བྱ་བ་ནི།) སྐུ་བཞིའི་མངའ་བདག་སྐྱབས་གསུམ་ངོ་བོ་རིགས་བརྒྱའི་དཔལ།། ལུང་རྟོགས་མཛོད་འཛིན་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན།། བདེ་སྟོང་ཡེ་ཤེས་དཔལ་མངའ་བླ་མ་ཡི་དམ་ལྷ།། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས་ལ་འདུད།། (ཅེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་དང་ལྡན་པར་བསྟོད། 

       སྤྲོ་ན་མཚམས་འདིར།)   དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང༌།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌།། སངས་རྒྱས་ཆོས་དང་ཚོགས་མཆོག་ལ།། བྱང་ཆུབ་བར་དུ་བདག་སྐྱབས་མཆི།། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། (ཞེས་པས་བྱང་སྡོམ་དང་།) སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། (ཞེས་སོགས་ཀྱིས་སྔགས་སྡོམ་བཟུང་།

       གཉིས་པ་ཚོགས་ཞིང་སྤྱི་བོར་སྤྱན་དྲངས་ཏེ་འདོད་དོན་གསོལ་བ་ལ།)  དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྤྱི་བོར་པདྨའི་སྟེང་བཞུགས་ལ།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། (ཞེས་གསོལ་བ་བཏབ་པས་མདུན་གྱི་བླ་མ་འཇིགས་བྱེད་ཡབ་ཡུམ་གདན་དང་བཅས་པ་རང་གི་སྤྱི་བོར་བཞུགས་པར་མོས་ལ། འདོད་དོན་གསོལ་བ་ནི།) བླ་མ་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། ཡི་དམ་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། སངས་རྒྱས་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། དམ་ཆོས་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། དགེ་འདུན་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། ཆོས་སྐྱོང་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། སྐྱབས་གནས་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། (ཞེས་གདུང་ཤུགས་དྲག་པོས་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་ཀྱི་བར་དུ་ལན་མང་གསོལ་བ་བཏབ་ལ།)  སྐྱབས་གནས་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། ཁྱད་པར་ལམ་གྱི་སྔོན་འགྲོ་བསགས་སྦྱང་གི། མན་ངག་བསྟེན་ནས་དངོས་གཞི་རྣལ་འབྱོར་བཞིའི།། ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་རུ།། བྱིན་གྱིས་རློབས་ཤིག་བླ་མ་གཤིན་རྗེའི་གཤེད།། སྐྱབས་གནས་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། ཁྱད་པར་རྩ་བདེ་རླུང་འཇམ་དམིགས་གསལ་བ།། བདེ་དྲོད་འབར་སོགས་ཉམས་རྟོགས་ཁྱད་པར་ཅན།། ད་ལྟ་ཉིད་དུ་རྒྱུད་ལ་སྐྱེ་བ་རུ།། བྱིན་གྱིས་རློབས་ཤིག་བླ་མ་གཤིན་རྗེའི་གཤེད།། སྐྱབས་གནས་ཀུན་འདུས་བླ་མ་གཤིན་རྗེའི་གཤེད།། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།། གསོལ་བ་འདེབས་སོ་བར་ཆད་བཟློག་ཏུ་གསོལ།། གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ།། མདོར་ན་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ།། མི་སློབ་ཟུང་འཇུག་བར་གྱི་ལམ་གྱི་རིམ།། མ་ནོར་ཆ་ཚང་རྒྱུད་ལ་སྐྱེ་བ་རུ།། བྱིན་གྱིས་རློབས་ཤིག་བླ་མ་གཤིན་རྗེའི་གཤེད།། (ཅེས་མཇུག་གི་ཤླཽ་ཀ་དྲུག་འདིས་ལན་མང་དུ་གསོལ་བ་བཏབ་པའི་མཐར།)  བླ་མ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་གྱི།། སྦྱོར་མཚམས་ནས་བྱུང་བདུད་རྩིས་ལུས་གང་བས།། འགལ་རྐྱེན་ནད་གདོན་སྡིག་སྒྲིབ་ཀུན་བྱང་སྟེ།། ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་གྱུར།། (ཅེས་བདུད་རྩི་འབེབས་སྦྱང་གི་དམིགས་པ་ཡུན་རིང་དུ་བསྒོམ།

       དེ་ནས་དབང་བཞི་བྱིན་རླབས་གྱི་ཚུལ་དུ་ཞུ་བ་ནི།)  སྐྱབས་གསུམ་ཀུན་འདུས་བླ་མ་རིན་པོ་ཆེ།། བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀྱི།། ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཀུན་སྦྱངས་ཏེ།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩལ་དུ་གསོལ།། (ཞེས་ལན་གསུམ་གསོལ་བ་བཏབ་པས།)  བླ་མའི་སྤྱི་བོའི་ཨོཾ་ཡིག་དཀར་པོ་ལས།། འོད་དང་བདུད་རྩི་དཀར་པོ་སྤྱི་བོར་ཐིམ།། ལུས་ཀྱི་ནང་གང་ལུས་ཀྱི་དྲི་མ་དག། བུམ་དབང་ཐོབ་ཅིང་སྤྲུལ་སྐུའི་ནུས་པ་འཇོག། བླ་མའི་མགྲིན་པའི་ཨཱཿཡིག་དམར་པོ་ལས།། འོད་དང་བདུད་རྩི་དམར་པོ་མགྲིན་པར་ཐིམ།། ལུས་ཀྱི་ནང་གང་ངག་གི་དྲི་མ་དག། གསང་དབང་ཐོབ་ཅིང་ལོངས་སྐུའི་ནུས་པ་འཇོག། བླ་མའི་ཐུགས་ཀའི་ཧཱུཾཿཡིག་སྔོན་པོ་ལས།། འོད་དང་བདུད་རྩི་སྔོན་པོ་སྙིང་གར་ཐིམ།། ལུས་ཀྱི་ནང་གང་ཡིད་ཀྱི་དྲི་མ་དག། ཤེར་དབང་ཐོབ་ཅིང་ཆོས་སྐུའི་ནུས་པ་འཇོག། བླ་མའི་གནས་ལྔའི་ཡི་གེ་སྣ་ལྔ་ལས།། འོད་དང་བདུད་རྩི་སྣ་ལྔ་གནས་ལྔར་ཐིམ།། ལུས་ཀྱི་ནང་གང་སྒོ་གསུམ་དྲི་མ་དག། ཚིག་དབང་ཐོབ་ཅིང་ཟུང་འཇུག་ནུས་པ་འཇོག། (ཅེས་དལ་བུས་བརྗོད་ཅིང་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ནོད། 

       གསུམ་པ་མཐར་སྙིང་གར་བསྟིམ་ནས་བསྔོ་སྨོན་གྱིས་རྒྱས་འདེབས་པ་ནི།)  དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྙིང་གར་པདྨའི་སྟེང་བཞུགས་ནས།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། དེ་ལྟར་གསོལ་བ་བཏབ་པས་བླ་མ་མཆོག། འོད་དུ་ཞུ་ནས་ཚངས་བུག་ནས་ཞུགས་ནས།། སྙིང་གར་བླ་མ་རང་སེམས་ཧཱུཾ་ཡིག་གསུམ།། དབྱེར་མེད་ཧཱུཾ་གི་རྣམ་པར་གནས་པར་གྱུར།། (དེ་ཡང་པདྨ་སེང་ཁྲི་དང་བཅས་པ་འོད་དུ་ཞུ་ནས་སྙིང་གའི་རྩ་འདབ་བརྒྱད་ལ་ཐིམ་པ་དང་། ཟླ་གདན་འོད་དུ་ཞུ་ནས་སྙིང་གའི་ཐིག་ལེ་དཀར་པོ་ལ་ཐིམ་པ་དང་། ཉི་གདན་འོད་དུ་ཞུ་ནས་སྙིང་གའི་ཐིག་ལེ་དམར་པོ་ལ་ཐིམ་པ་དང་། བླ་མ་འཇིགས་བྱེད་ཡབ་ཡུམ་འོད་དུ་ཞུ་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་ལ་ཐིམ་ཞིང་། རླུང་སེམས་དེ་ཉིད་ངོ་བོ་བླ་མ་འཇིགས་བྱེད་ཡིན་པ་ལ་རྣམ་པ་ཧཱུཾ་ཡིག་གི་རྣམ་པར་གནས་པར་བསམ་མོ།། ཡང་འཁྲིད་ཡིག་ལྟར་ན། སེང་ཁྲི་པདྨ་ཟླ་ཉི་རྣམས་ཐིམ་ཚུལ་སྔར་དང་འདྲ་ལ། ཁྱད་པར་ནི་སྙིང་གའི་རྩ་འདབ་བརྒྱད་སྣ་ཚོགས་པདྨར་གྱུར་པ་དང་། ཐིག་ལེ་དཀར་དམར་ཟླ་ཉིའི་གདན་དུ་གྱུར་ཏེ་བླ་མ་འཇིགས་བྱེད་ཡབ་ཡུམ་རླུང་སེམས་ཤིན་ཏུ་ཕྲ་བ་ལ་ཐིམ་པས། རླུང་སེམས་དེ་ཉིད་སྔར་གྱི་པད་ཟླ་ཉི་མའི་གདན་ལ་བླ་མ་འཇིགས་བྱེད་ཡབ་ཡུམ་དུ་སྔར་བཞིན་བཞེངས་པར་བསམ་མོ། །ལུགས་འདི་གཉིས་གང་ལྟར་བྱས་ཀྱང་རུང་ངོ་།། 

       སྨོན་ལམ་གདབ་པ་ནི།)  བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།། འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་བཟུང་སྟེ།། རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས།། སྐུ་གསུམ་གོ་འཕང་བདེ་བླག་ཐོབ་གྱུར་ཅིག། ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན།། ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ནས།། མཐའ་དག་འགྲོ་འདི་གོ་འཕང་དེ་ཉིད་ལ།། སྐད་ཅིག་ཉིད་ལ་བདེ་བླག་འགོད་པར་ཤོག། (ཅེས་སོགས་བབསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ།། དེ་ལྟར་ཐུན་བཞིར་བཅད་དེ་ཡང་ཡང་བསྒོམས་པས་རྨི་ལམ་དུ་སེང་ཁྲིར་བསྡད་པ་དང་། འབྲུའི་ཆར་འབབ་པ་དང་། ཆུ་མིག་གསར་དུ་བརྡོལ་བ་དང་། བླ་མ་དགྱེས་ནས་ཆོས་དང་ཟང་ཟིང་གནང་བ་སོགས་རྟགས་འབྱུང་བར་བཤད་པས། རྟགས་དེ་དག་བྱུང་བྱུང་གི་བར་དུ་འདི་ལ་ཆིག་བསྒྲིལ་བྱ། བླ་མའི་རྣལ་འབྱོར་བསྒོམ་ཚུལ་འདི་ནི་བགེགས་སེལ་བོགས་འདོན་གང་གི་སྐབས་སུ་ཡང་གཞན་ལས་མཆོག་ཏུ་གྱུར་པའི་གདམས་ངག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་དང་། ནོར་བུ་རིན་པོ་ཆེ་ལག་ཏུ་ཚུད་པ་ཡིན་པར་བཤད་པས། སྐལ་བ་དང་ལྡན་པ་རྣམས་ཀྱིས་སྙིང་ལ་གཅེས་པར་ཟུངས་ཤིག། བླ་མའི་རྣལ་འབྱོར་གཉིས་བསྒོམ་ཚུལ་བཤད་ཟིན་ཏོ།།      །།

ཞེས་པ་འདི་ནི་ཕྱི་ལོ་ ༢༠༢༠ ཟླ་བ་ ༡༢ ཚེས་ ༡༣ ཉིན་ལྷུན་གྲུབ་པཎྜིཏའི་གསུང་འཇིགས་བྱེད་རྫོགས་རིམ་གྱི་ཁྲིད་ཡིག་ནང་བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་བཞུགས་པ་ངག་འདོན་གྱི་རིམ་པར་བསྒྲིགས་ཤིང་དམིགས་རིམ་རྣམས་ཀྱང་ཡིག་ཆུང་དུ་འཁོད་པར་བྱེད་པ་པོ་ནི་བཙུན་པ་ཤྲཱི་མིང་ཅན་ནོ།།    །།