༄༅། །སྟོད་མཚམས་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོས་མཛད་པའི་བློ་རིག་ལས་སེམས་དང་སེམས་བྱུང་གི་སྐོར་ཟུར་དུ་ཕྱུང་བ།
༄༅། །ནམོགུརུམཉྫུགྷོཥཡ། སེམས་དང་། སེམས་བྱུང་གཉིས་སུ་དབྱེ་བ་ལ། སེམས་བཤད་པ་དང༌། སེམས་བྱུང་བཤད་པའོ།།
སེམས་བཤད་པ།
དང་པོ་ནི། རང་གི་འཁོར་དུ་བྱུང་བའི་སེམས་བྱུང་དང་མ་མཚུངས་པར་ལྡན་པ། སེམས་ཀྱི་མཚན་ཉིད། སེམས་དང་། ཡིད་དང་། རྣམ་ཤེས་གསུམ་དོན་གཅིག རྒྱུ་བྱེད་པས་ན་སེམས། རྟེན་དུ་གྱུར་པས་ན་ཡིད། བརྟེན་པར་གྱུར་པས་ན་རྣམ་ཤེས། ཡང་ཙིཏྟ་ཞེས་པ་བསོག་པ་ལ་འཇུག་པ་ལྟར་ན་དགེ་མི་དགེའི་བག་ཆགས་བསོག་པས་ན་སེམས་ཞེས་བྱའོ།། གཉིས་པ་དབྱེ་བ་ལ། རྣམ་ཤེས་ཚོགས་དྲུག་དང་། ཚོགས་བདུན་དང་། ཚོགས་བརྒྱད་སོགས་བཤད་པ་ཡོད།
སེམས་བྱུང་བཤད་པ།
གཉིས་པ་སེམས་བྱུང་བཤད་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རང་འཁོར་དུ་ལྡན་པའི་སེམས་དང་མཚུངས་པར་ལྡན་པ། སེམས་བྱུང་གི་མཚན་ཉིད། སེམས་ལ་བརྟེན་ནས་འཕྲལ་དུ་བྱུང་བས་ན་སེམས་བྱུང་ཞེས་བརྗོད།
མཚུངས་ལྡན་ལ་དཔྱད་པ་ནི། གཟུགས་འཛིན་མིག་གི་རྣམ་ཤེས་གཙོ་འཁོར་ལྟ་བུ་ལ་མཚོན་ན། དེ་གཉིས་དམིགས་པ་དོན་གཅིག་པས་དམིགས་པ་མཚུངས། དེ་བཞིན་དེ་གཉིས་རྣམ་པ་ཤར་བའི་ཡུལ་དོན་གཅིག་པས་རྣམ་པ་མཚུངས། དེ་གཉིས་གྲུབ་དུས་གཅིག་པས་དུས་མཚུངས། དེ་གཉིས་བདག་རྐྱེན་དོན་གཅིག་པས་རྟེན་མཚུངས། དེ་གཉིས་རྫས་རེ་རེ་བར་མཚུངས་པས་རྫས་མཚུངས་པ་སྟེ་ལྔ་ཡོད། གཉིས་པ་དབྱེ་བ་ལ། ཀུན་འགྲོ། ཡུལ་ངེས། དགེ་བ། ཉོན་མོངས། གཞན་འགྱུར་བཤད་པ་དང་ལྔའོ།།
ཀུན་འགྲོ་ལྔ།
དང་པོ་ཀུན་འགྲོ་ནི། ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་ལ་བྱེད་པ་དང་ལྔ།
༡ མྱོང་བའི་བྱེད་ལས་ཅན་གྱི་རིག་པ། ཚོར་བའི་མཚན་ཉིད།
༢ མཚན་མར་འབྱེད་པའི་བྱེད་ལས་ཅན་གྱི་རིག་པ། འདུ་ཤེས་ཀྱི་མཚན་ཉིད།
༣ ཡིད་ཡུལ་ལ་ཕྱོགས་པའི་བྱེད་ལས་ཅན་གྱི་རིག་པ། སེམས་པའི་མཚན་ཉིད།
༤ ཡུལ་དབང་རྣམ་ཤེས་གསུམ་འཕྲད་པའི་བྱེད་ལས་ཅན་གྱི་རིག་པ། རེག་པའི་མཚན་ཉིད།
༥ མིགས་པ་ཡིད་ལ་གཏོད་པའི་བྱེད་ལས་ཅན་གྱི་རིག་པ། ཡིད་ལ་བྱེད་པའི་མཚན་ཉིད།
དེ་ཡང་མདོ་ལས། ཡིད་ལ་བྱེད་པ་དང་སེམས་པས་མངོན་པར་མ་བསྒྲུབས་ཤིང་མངོན་པར་འདུས་མ་བྱས་པར་རྣམ་པར་ཤེས་པ་ཇི་ལྟར་འབྱུང་བར་འགྱུར། ཞེས་གསུངས་པས། སེམས་པ་མེད་ན་ཡུལ་ལ་ཕྱོགས་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་ན་དམིགས་པ་བྱེ་བྲག་པ་ལ་གཏོད་པ་མི་འཐད་པས་དེ་གཉིས་གཙོ་སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བ་ཡིན་ནོ།། འཚོར་བ་མེད་ན་མྱོང་བ་མེད་ལ། འདུ་ཤེས་མེད་ན་ཡུལ་གྱི་མཐུ་མོང་མ་ཡིན་པའི་མཚན་མར་འཛིན་པ་མེད་ཅིང་། དེ་གཉིས་མེད་ན་རྣམ་ཤེས་དོན་མེད་པར་འགྱུར་བས། ཀུན་ཏུ་འགྲོ་བ་ཡིན་ནོ།། རེག་པ་མེད་ན་རྟེན་མེད་པས། ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཡང་མི་འབྱུང་བས་ཀུན་ཏུ་འགྲོ་བ་ཞེས་བྱའོ།།
ཡུལ་ངེས་ལྔ།
གཉིས་པ་ཡུལ་ངེས་ནི། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་དང་ལྔའོ།།
༡ བསམ་པའི་དངོས་པོ་དོན་དུ་གཉེར་བའི་བྱེད་ལས་ཅན་གྱི་རིག་པ། འདུན་པའི་མཚན་ཉིད།
༢ ཡིད་ཆེས་པའི་བྱེད་ལས་ཅན་གྱི་རིག་པ། མོས་པའི་མཚན་ཉིད།
༣ མི་བརྗེད་པའི་བྱེད་ལས་ཅན་གྱི་རིག་པ། དྲན་པའི་མཚན་ཉིད།
༤ མིགས་པ་ལ་རྩེ་གཅིག་ཏུ་གཏོད་པའི་བྱེད་ལས་ཅན་གྱི་རིག་པ། ཏིང་ངེ་འཛིན་གྱི་མཚན་ཉིད།
༥ རབ་ཏུ་རྣམ་པར་འབྱེད་པའི་བྱེད་ལས་ཅན་གྱི་རིག་པ། ཤེས་རབ་ཀྱི་མཚན་ཉིད།
དེ་དག་ཡུལ་བྱེ་བྲག་ཅན་ཁོ་ན་ལ་འཇུག་པས་ན་ཡུལ་ངེས་ལྔའོ།།
དགེ་བ་བཅུ་གཅིག
གསུམ་པ་དགེ་བ་ནི། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས། ཤིང་སྦྱངས། བག་ཡོད། བཏང་སྙོམས། རྣམ་པར་མི་འཚེ་བ་དང་བཅུ་གཅིག
༡ ཡིད་ཆེས་པ་དང་དུང་བ་དང་འདུན་པ་ཅི་རིགས་ཀྱིས་མ་དད་པ་ལ་གནོད་པའི་བྱེད་ལས་ཅན་གྱི་རིག་པ། དད་པའི་མཚན་ཉིད།
༢ རང་རྒྱུ་མཚན་གྱིས་ཁ་ན་མ་ཐོ་བ་ལ་འཛེམས་པའི་བྱེད་ལས་ཅན་གྱི་རིག་པ། ངོ་ཚ་ཤེས་པའི་མཚན་ཉིད།
༣ གཞན་ནམ་ཆོས་རྒྱུ་མཚན་གྱིས་ཁ་ན་མ་ཐོ་བ་ལ་འཛེམས་པའི་བྱེད་ལས་ཅན་གྱི་རིག་པ། ཁྲེལ་ཡོད་ཀྱི་མཚན་ཉིད།
༤ རང་དང་མཚུངས་ལྡན་ལ་འདོད་ཆགས་མེད་པར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། འདོད་ཆགས་མེད་པའི་མཚན་ཉིད།
༥ རང་དང་མཚུངས་ལྡན་ལ་ཞེ་སྡང་མེད་པར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། ཞེ་སྡང་མེད་པའི་མཚན་ཉིད།
༦ རང་དང་མཚུངས་ལྡན་ལ་གཏི་མུག་མེད་པར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། གཏི་མུག་མེད་པའི་མཚན་ཉིད།
༧ དགེ་བ་ལ་བརྩོན་པས་འཇུག་པར་སྤྲོ་བའི་བྱེད་ལས་ཅན་གྱི་རིག་པ། བརྩོན་འགྲུས་ཀྱི་མཚན་ཉིད།
༨ ལུས་སེམས་ཀྱི་གནས་ངན་ལེན་ཅི་རིགས་མེད་པར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། ཤིན་སྦྱངས་ཀྱི་མཚན་ཉིད།
༩ དུག་གསུམ་མེད་པ་དང་བརྩོན་འགྲུས་སོགས་གདགས་གཞི་ལ་བཏགས་པའི་ཆོས་གང་ཞིག །ལེགས་ཉེས་ཀྱི་བྱ་བ་ལ་ཇི་བཞིན་དུ་འཇུག་པར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། བག་ཡོད་ཀྱི་མཚན་ཉིད།
༡༠ དུག་གསུམ་མེད་པ་དང་བརྩོན་འགྲུས་སོགས་ཀྱི་བཏགས་ཆོས་གང་ཞིག །བྱིང་རྒོད་དང་བྲལ་བར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། བཏང་སྙོམས་ཀྱི་མཚན་ཉིད།
༡༡ མཐོ་མཚམས་པ་སྤོང་བའི་བྱེད་ལས་ཅན་གྱི་རིག་པ། རྣམ་པར་མི་འཚེ་བའི་མཚན་ཉིད།
དེ་དག་ནི། ཀུན་བཏུས་དར་ཊཱིཀ་ལས། ཡིད་ཆེས་ཀྱི་དུས་སུ་འབྱུང་བའི་དད་པ། སྡིག་པ་ལས་ལྡོག་པའི་དུས་སུ་འབྱུང་བའི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས། དགེ་བ་ལ་འཇུག་པའི་དུས་སུ་འབྱུང་བའི་འདོད་ཆགས་མེད་པ་སོགས་བཞི། འཇིག་རྟེན་པའི་ཆགས་བྲལ་གྱི་དུས་སུ་འབྱུང་བའི་ཤིན་སྦྱངས། འཇིག་རྟེན་ལས་འདས་པའི་ཆགས་བྲལ་གྱི་དུས་སུ་འབྱུང་བ་བག་ཡོད་པ་དང་བཏང་སྙོམས་གཉིས། སེམས་ཅན་ལ་ཕན་འདོགས་པའི་དུས་སུ་འབྱུང་བའི་རྣམ་པར་མི་འཚེ་བ་ཞེས་གསུངས། མདོར་ན་མ་དད་སོགས་ཀྱི་གཉེན་པོ་དགེ་བ་བཅུ་གཅིག་ཡིན་ནོ།།
རྩ་ཉོན་དྲུག
གསུམ་པ་ཉོན་མོངས་ལ་རྩ་ཉོན་དང་ཉེ་ཉོན་གཉིས། དང་པོ་རྩ་ཉོན་ནི། འདོད་ཆགས་དང་། ཁོང་ཁྲོ། ང་རྒྱལ། ཉོན་མོངས་ཅན་མ་རིག་པ། ཉོན་མོངས་ཅན་གྱི་ལྟ་བ། ཉོན་མོངས་ཅན་གྱི་ཐེ་ཚོམ་དང་དྲུག
༡ ཚུལ་མིན་ཡིད་བྱེད་ཀྱིས་འདོད་པའི་ཡུལ་ལ་ཆགས་པའི་བྱེད་ལས་ཅན་གྱི་རིག་པ། འདོད་ཆགས་ཀྱི་མཚན་ཉིད།
༢ ཚུལ་མིན་ཡིད་བྱེད་ཀྱིས་ཁོང་ནས་མི་བཟོད་པའི་བྱེད་ལས་ཅན་གྱི་རིག་པ། ཁོང་ཁྲོའི་མཚན་ཉིད།
༣ ཚུལ་མིན་ཡིད་བྱེད་ཀྱིས་ཁེངས་པའི་བྱེད་ལས་ཅན་གྱི་རིག་པ། ང་རྒྱལ་གྱི་མཚན་ཉིད།
༤ རང་དང་མཚུངས་ལྡན་གྱིས་དོན་མ་རིག་པར་བྱེད་པའི་བྱེད་ལས་ཅན་གྱི་ཉོན་མོངས་གྱི་རིག་པ། ཉོན་མོངས་ཅན་གྱི་མ་རིག་པའི་མཚན་ཉིད།
༥ ཚུལ་མིན་ཡིད་ལ་བྱེད་པའི་ཤེས་འཆལ་གྱིས་ཕྱིན་ཅི་ལོག་ལྔ་ཅི་རིགས་པ་ལྟ་བའི་བྱེད་ལས་ཅན་གྱི་ཉོན་མོངས་ཅན་གྱི་རིག་པ། ཉོན་མོངས་ཅན་གྱི་ལྟ་བའི་མཚན་ཉིད།
༦ དོགས་པའི་བྱེད་ལས་ཅན་གྱི་ཉོན་མོངས་ཅན་གྱི་རིག་པ། ཉོན་མོངས་ཅན་གྱི་ཐེ་ཚོམ་གྱི་མཚན་ཉིད།
དེ་དག་ནི་ཀུན་བཏུས་དར་ཊཱིཀ་ལས་སེམས་ཉོན་མོངས་པར་བྱེད་པའི་གཙོ་བོ་ཡིན་པས་རྩ་ཉོན་ཞེས་བཏགས་པར་གསུངས་སོ།།
ཉེ་ཉོན་ཉི་ཤུ།
གཉིས་པ་ཉེ་ཉོན་ནི། ཁྲོ་བ་དང་། འཁོན་འཛིན། འཆབ་པ་དང་། འཚིག་པ། ཕྲག་དོག སེར་སྣ། སྒྱུ། གཡོ། རྒྱགས་པ་དང་། རྣམ་འཚེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ། སྨུགས་པ་དང་། རྒོད་པ། མ་དད་པ། ལེ་ལོ། བག་མེད་དང་། བརྗེད་ངས། ཤེས་བཞིན་མ་ཡིན་པ་དང༌། རྣམ་གཡེང་སྟེ་ཉི་ཤུའོ།།
༡ ཁོང་ཁྲོའི་རྗེས་སུ་མི་བཟོད་པའི་བྱེད་ལས་ཅན་གྱི་རིག་པ། ཁྲོ་བའི་མཚན་ཉིད།
༢ ཁྲོ་བའི་རྗེས་སུ་ཞེ་འགྲས་པའི་བྱེད་ལས་ཅན་གྱི་རིག་པ། འཁོན་འཛིན་གྱི་མཚན་ཉིད།
༣ ཚུལ་མིན་ཡིད་བྱེད་ཀྱིས་ཉེས་པ་བཅབ་པའི་བྱེད་ལས་ཅན་གྱི་རིག་པ། འཆབ་པའི་མཚན་ཉིད།
༤ ཁྲོ་བ་དང་འཁོན་འཛིན་གྱི་རྗེས་སུ་གནོད་པ་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། འཚིག་པའི་མཚན་ཉིད།
༥ འདོད་ཆགས་དང་ཞེ་སྡང་གི་ཆར་གཏོགས་ཤིང་ཡིད་མི་བདེ་བ་སྐྱེ་བར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། ཕྲག་དོག་གི་མཚན་ཉིད།
༦ འདོད་ཆགས་ཀྱི་ཆར་གཏོགས་གང་ཞིག དངོས་པོ་དེ་བྲལ་བར་མི་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། སེར་སྣའི་མཚན་ཉིད།
༧ འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་གང་ཞིག ཡོན་ཏན་མེད་པ་ལ་ཡོད་ པར་རྫུ་བའི་བྱེད་ལས་ཅན་གྱི་རིག་པ། སྒྱུའི་མཚན་ཉིད།
༨ འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་གང་ཞིག ཉེས་པ་ལས་གཡོལ་བར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། གཡོ་ཡི་མཚན་ཉིད།
༩ འདོད་ཆགས་ཀྱི་ཆར་གཏོགས་གང་ཞིག ཚུལ་མིན་ཡིད་བྱེད་ཀྱིས་དྲེགས་པའི་བྱེད་ལས་ཅན་གྱི་རིག་པ། རྒྱགས་པའི་མཚན་ཉིད།
༡༠ བརྩེ་བ་མེད་པའི་ཆར་གཏོགས་གང་ཞིག མཐོ་འཚམ་པའི་བྱེད་ལས་ཅན་གྱི་རིག་པ། རྣམ་འཚེའི་མཚན་ཉིད།
༡༡ རང་རྒྱུ་མཚན་གྱིས་ཁ་ན་མ་ཐོ་བ་ལ་མི་འཛེམས་པའི་བྱེད་ལས་ཅན་གྱི་རིག་པ། ངོ་ཚ་མེད་པའི་མཚན་ཉིད།
༡༢ གཞན་ནམ་ཆོས་རྒྱུ་མཚན་གྱིས་ཁ་ན་མ་ཐོ་བ་ལ་མི་འཛེམས་པའི་བྱེད་ལས་ཅན་གྱི་རིག་པ། ཁྲེལ་མེད་ཀྱི་མཚན་ཉིད།
༡༣ གཏི་མུག་གི་ཆར་གཏོགས་གང་ཞིག རང་དང་ཚུངས་ལྡན་དང་བཅས་པ་མི་གསལ་བ་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། རྨུགས་པའི་མཚན་ཉིད།
༡༤ འདོད་ཆགས་ཀྱི་ཆར་གཏོགས་གང་ཞིག དམིགས་པ་ལས་འཕྲོ་བར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། རྒོད་པའི་མཚན་ཉིད།
༡༥ ཡིད་མི་ཆེས་པ་དང་། མི་དྭང་བ་དང་། མི་འདོད་པ་ཅི་རིགས་ཀྱིས་དད་པ་ལས་ལོག་པའི་བྱེད་ལས་ཅན་གྱི་རིག་པ། མ་དད་པའི་མཚན་ཉིད།
༡༦ དགེ་བ་ལ་བརྩོན་པས་འཇུག་པ་མི་སྤྲོ་བའི་བྱེད་ལས་ཅན་གྱི་ཉོན་མོངས་ཅན་གྱི་རིག་པ། ལེ་ལོའི་མཚན་ཉིད།
༡༧ ཉེས་པ་ཤེས་བཞིན་དུ་མི་འཛེམས་པའི་བྱེད་ལས་ཅན་གྱི་རིག་པ། བག་མེད་ཀྱི་མཚན་ཉིད།
༡༨ བརྗེད་པའི་བྱེད་ལས་ཅན་གྱི་ཉོན་མོངས་ཅན་གྱི་རིག་པ། བརྗེད་ངས་ཀྱི་མཚན་ཉིད།
༡༩ འཇུག་རུང་མི་རུང་གི་སྤྱོད་པ་མི་ཤེས་བཞིན་དུ་འཇུག་པའི་བྱེད་ལས་ཅན་གྱི་རིག་པ། ཤེས་བཞིན་མ་ཡིན་པའི་མཚན་ཉིད།
༢༠ སེམས་གཞན་དུ་གཡོ་བའི་བྱེད་ལས་ཅན་གྱི་ཉོན་མོངས་ཀྱི་རིག་པ། རྣམ་པར་གཡེང་བའི་མཚན་ཉིད།
དེ་དག་ནི་ཀུན་བཏུས་དར་ཊཱིཀ་ལས་རྩ་བའི་ཉོན་མོངས་ཀྱི་ཆར་གཏོགས་ཡིན་པ་དང་། སེམས་ཉོན་མོངས་པར་བྱེད་པ་དང་། རྩ་བའི་ཉོན་མོངས་སྟོབས་ཆེན་འཕེལ་ཞིང་སྐྱེ་བ་དང་ཉེ་བས་ན་ཉེ་བའི་ཉོན་མོངས་ཞེས་བརྗོད་པར་གསུངས་སོ།།
གཞན་འགྱུར་བཞི།
ལྔ་པ་གཞན་འགྱུར་ནི། གཉིད། འགྱོད་པ། རྟོག་པ། དཔྱོད་པ་དང་བཞིའོ།།
༡ འདོད་པའི་སས་བསྡུས་ཀྱི་མ་རིག་པའི་ཆར་གཏོགས་གང་ཞིག རླུང་རགས་པ་འོག་ཏུ་བསྡུས་པས་ཤེས་པ་རགས་པ་སྡུད་པར་བྱེད་པའི་བྱེད་ལས་ཅན་གྱི་རིག་པ། གཉིད་ཀྱི་མཚན་ཉིད།
༢ ཡིད་ལ་བཅགས་པའི་བྱེད་ལས་ཅན་གྱི་རིག་པ། འགྱོད་པའི་མཚན་ཉིད།
༣ བསམ་གཏན་དང་པོ་དངོས་གཞི་ཙམ་པོ་བ་མན་ཆད་ཀྱི་སས་བསྡུས་ཀྱི་དོན་རྩིང་བར་དཔྱོད་པའི་བྱེད་ལས་ཅན་གྱི་རིག་པ། རྟོག་པའི་མཚན་ཉིད།
༤ བསམ་གཏན་དང་པོ་མན་ཆད་ཀྱི་སས་བསྡུས་ཀྱི་དོན་ཞིབ་ཏུ་ཕྱེ་ནས་དཔྱོད་པའི་བྱེད་ལས་ཅན་གྱི་རིག་པ། དཔྱོད་པའི་མཚན་ཉིད།
དེ་དག་ནི་ཀུན་སློང་དང་ཚུངས་ལྡན་གྱི་དབང་གིས་དགེ་མི་དགེ་གང་དུ་ཡང་འགྱུར་བས་ན་གཞན་འགྱུར་རོ།། དེ་ལྟར་སེམས་བྱུང་ལྔ་བཅུ་རྩ་གཅིག་གོ། །།