Sunday, July 11, 2021

འབྱུང་བཞི་གླུད་རྫོངས།

 ༄༅།   །ནད་པའི་ཆེད་དུ་གླུད་གཏོང་བར་འདོད་ན། གང་ཞིག་མཚན་མོའི་གོང་ལ་འདི་ལྟར།

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ།  ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གླུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྦྱིན་པའི་བདག་པོའི་ངར་གླུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གསལ་ལ་ཡོངས་སུ་རྫོགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་སྭ་སེར་པོ། གསང་བར་ཧཱ་ལྗང་གུས་མཚན་པར་གྱུར།  

       ཀྱེ༑ འབྱུང་བ་དང་པོ་རུས་པའི་གླུད༎ རུས་པའི་གླུད་འདི་རྡོ་ལ་གཏོང་༎ རྡོ་ལ་གནས་པའི་ལྷ་འདྲེ་རྣམས༎ གླུད་དང་གཏོར་མ་འདི་ལོང་ལ༎ འཁོན་དང་གནོད་པ་མ་བྱེད་ཅིག། ཤ་ཡི་གླུད་འདི་ས་ལ་གཏོང་༎ ས་ལ་གནས་པའི་ལྷ་འདྲེ་རྣམས༎ གླུད་དང་གཏོར་མ་འདི་ལོང་ལ༎ འཁོན་དང་གནོད་པ་མ་བྱེད་ཅིག། ཁྲག་གི་གླུད་འདི་ཆུ་ལ་གཏོང་༎ ཆུ་ལ་གནས་པའི་ལྷ་འདྲེ་རྣམས༎ གླུད་དང་གཏོར་མ་འདི་ལོང་ལ༎ འཁོན་དང་གནོད་པ་མ་བྱེད་ཅིག། དྲོད་ཀྱི་གླད་འདི་མེ་ལ་གཏོང་༎ མེ་ལ་གནས་པའི་ལྷ་འདྲེ་རྣམས༎  གླུད་དང་གཏོར་མ་འདི་ལོང་ལ༎ འཁོན་དང་གནོད་པ་མ་བྱེད་ཅིག། དབུགས་ཀྱི་ཀླད་འདི་རླུང་ལ་གཏོང་༎ རླུང་ལ་གནས་པའི་ལྷ་འདྲེ་རྣམས༎ གླུད་དང་གཏོར་མ་འདི་ལོང་ལ༎ འཁོན་དང་གནོད་པ་མ་བྱེད་ཅིག། སེམས་ཀྱི་གླུད་འདི་མཁའ་ལ་གཏོང་༎ མཁའ་ལ་གནས་པའི་ལྷ་འདྲེ་རྣམས༎ གླུད་དང་གཏོར་མ་འདི་ལོང་ལ༎ འཁོན་དང་གནོད་པ་མ་བྱེད་ཅིག། ཕྱི་ལྟར་བལྟས་ན་དྲི་སྨན་ལྔ༎ ནང་ལྟར་བལྟས་ན་རིན་ཆེན་ལྔ༎ གསང་བ་ཡེ་ཤེས་མཁའ་འགྲོ་ལྔ༎ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༎ གླུད་དང་གཏོར་མ་འདི་ལོང་ལ༎ འཁོན་གནོད་མ་བྱེད་རང་གནས་སོངས༎ ཞེས་ཐལ་མོ་བརྡབ་ནས་ལན་གསུམ་ལ་སོགས་པར་བྱའོ༎ དེ་ནས།   གང་ཞིག་མཚན་མོ་ ཞེས་པ་ནས། སྦྱིན་པས་གྲོལ་གྱུར་ཅིག།  རྒྱུད་སྨད་ཆོས་སྤྱོད་ལས་བཏུས་པའོ།།     །།

Monday, July 5, 2021

སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར།




བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་མདོར་བསྡུས་བཞུགས་སོ།།


༄༅། །ན་མོ་ཨཱརྱ་ལོ་ཀེ་ཤཱ་རཱ་ཡ། བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་མདོར་བསྡུས་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་སྟེ།

རང་གི་སྤྱི་བོར་པད་ཟླའི་སྟེང་།། དྲིན་ཅན་རྩ་བའི་བླ་མ་དང་།། དབྱེར་མེད་འཕགས་མཆོག་འཇིག་རྟེན་དབང་།། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས།། ཐལ་སྦྱར་འོག་མ་ཤེལ་ཕྲེང་དང་།། རབ་རྒྱས་པད་དཀར་སྡོང་བུ་འཛིན།། ཞབས་ཟུང་མི་ཤིགས་སྐྱིལ་ཀྲུང་ཚུལ།། གསལ་རྫོགས་མཚན་དཔེའི་ཟླ་གཞོན་སྐུ།། དར་དང་རིན་ཆེན་རྒྱན་གྱིས་ཀླུབས།། རྡོ་རྗེ་གསུམ་མཚན་ཧཱུཾ་འོད་ཀྱིས།། མཆོག་གསུམ་མ་ལུས་སྤྱན་དྲངས་བསྟིམས།། སྐྱབས་གནས་ཀུན་འདུས་ངོ་བོར་གྱུར།། 

དྲི་བྲལ་ལྷུན་རྫོགས་དངོས་གྲུབ་གཏེར།། བླ་མ་ལྷ་ལ་གུས་ཕྱག་འཚལ།། ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད།། ནོངས་པ་གང་བགྱིས་བཤགས་ཤིང་སྡོམ།། གསང་གསུམ་མཛད་པར་རྗེས་ཡི་རང་།། ཟབ་རྒྱས་ཆོས་ཆར་འབེབས་པར་བསྐུལ།། བསྐལ་བརྒྱར་མི་གཡོ་བརྟན་བཞུགས་གསོལ།། དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ།། 

ཐུགས་སྲོག་ཧཱིཿ ཡིག་སྔགས་ཕྲེང་ལས།། འོད་འཕྲོས་མ་དག་སྣོད་བཅུད་སྦྱངས།། འགྲོ་ཀུན་ཕྱག་ན་པདྨོ་ཡི།།  གོ་འཕང་མཆོག་ལ་འགོད་པར་གྱུར།། 

 (ཅེས་བཟླས་དམིགས་དང་འབྲེལ་ཡིག་དྲུག ༀ་མ་ཎི་པདྨེ་ཧཱུཾ། ཅི་ནུས་བཟླ།)

བླ་མ་རྗེ་བཙུན་སྤྱན་རས་གཟིགས།། ཁྱོད་ལས་རེ་ས་གཞན་མེད་པས།། འདི་ནས་བྱང་ཆུབ་མ་ཐོབ་བར།། བརྩེ་ཆེན་ཐུགས་ཀྱིས་རྗེས་གཟུང་མཛོད།། དེ་ལྟར་སྙིང་ནས་གསོལ་བཏབ་མཐུས།། བླ་མ་འོད་ཞུ་རང་ལ་ཐིམ།། གསང་གསུམ་རྡོ་རྗེའི་བྱིན་བརྒྱ་ཡིས།། སྒོ་གསུམ་བྱིན་གྱིས་བརླབ་པར་གྱུར།།

དགེ་བ་འདི་ཡིས་མྱུར་དུ་བདག། སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་ཡང་།། གོང་ནས་གོང་དུ་འཕེལ་བར་ཤོག།

(ཅེས་པ་འདི་ཡང་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའོ།།     །།) སརྦམངྒལཾ།