Monday, November 15, 2021

ལོ་རྒྱུས་ལ་བརྟེན་ནས་བླང་དོར་བྱ་བ།

 སྔར་བོད་དུ་དོལ་རྒྱལ་དང་འབྲེལ་བ་ཆགས་པའི་རྗེས་སུ་རྩེད་ཐང་ཁང་ཚན་ནང་བཀྲ་མི་ཤིས་པའི་གནས་ཚུལ་རིམ་པར་བྱུང་བ། 


༄༅། །ན་མོ་གུ་རུ་ཤྲཱི་བཛྲ་བྷཻ་ར་ཝ་ཡ། 

འཇམ་དཔལ་ཁྲོས་པ་ཕྱི་ནང་གཤིན་རྗེའི་དགྲ།།

དགྱེས་བསྐྱེད་བྷཻ་ཏཱ་ལི་མ་སྲུང་མའི་སྐུ།།

མ་གཅིག་དམག་དང་ཟོར་གྱི་ལས་མཛད་མ།།

སྲིད་གསུམ་བདག་མོས་བྱང་ཆུབ་བར་དུ་སྐྱོངས།།

སྐབས་ཤིག་དོལ་ཆུ་མིག་དཀར་པོའི་ཆོས་གཞིས་ཆ་ཚང་འབྲས་སྤུངས་རྩེད་ཐང་ཁང་ཚན་ལ་ཕུལ་བ་བདག་གིར་བཟུང་ཞིང་། རྩེད་ཐང་ཁང་ཚན་ནས་གྲྭ་པ་གཉིས་རེ་དོལ་རྒྱལ་རྟེན་ཁང་དེའི་དཀོན་གཉེར་ལ་བརྫངས། དེ་ནས་བཟུང་ཁང་ཚན་ནང་བཀྲ་མི་ཤིས་པའི་གནས་ཚུལ་རིམ་པར་བྱུང་། དེའི་ལོ་རྒྱུས་གྲགས་ཆེ་བ་གཉིས་འདིར་འགོད་པར་བྱའོ།། དེ་ཡང་འདི་ལྟར། 

སྔ་མོ་འབྲས་སྤུངས་སུ་དགེ་འདུན་པ་ཚེ་ལས་འདས་སྐབས་འདས་པོའི་འཛིན་ཆས་རྣམས་འབྲས་སྤུངས་རྡོ་བཅལ་སྟེང་བཏོན་ཏེ་བཙོང་བའི་དངུལ་རྣམས་མཆོད་འབུལ་བྱེད་སྲོལ་ཡོད་པ་བཞིན། དེ་དུས་རྩེད་ཐང་ཁང་ཚན་གྱི་གྲྭ་པ་ཞིག་གྲོངས་ནས། ཤག་ཆས་རྣམས་འཚོང་བར་ཁང་ཚན་གྱི་ཚོགས་འདུ་བའི་གྲས་ཡིན་ལ། ཁང་ཚན་གྱི་དབུ་མཛད་ཀྱང་གནང་བས་ཆེན་མོ་པདྨ་ལགས་ཞེས་ཀུན་གྱིས་བརྩི་བཀུར་ཆེན་པོ་ཞུ་བ་ཞིག་ཡོད་པ་ཁོང་དང་། གྲྭ་པ་བར་བཤར་བ་གཞན་གཉིས་བཅས་ཕྱིན། ཆེན་མོ་པདྨ་ལགས་ནི་ནམ་རྒྱུན་ཁང་ཚན་གྱི་འགན་འཁུར་མཁན་གཙོ་བོ་ཞིག་ཡིན་པས། སྤྱི་སེམས་འཁྱེར་ནས་སྒེར་མང་པོ་ལ་ཕོག་ཐུག་བཏང་ཡོད་ཚོད། གང་ལྟར་རྗེས་སུ་རོགས་པ་གཉིས་པོས་འདས་པོའི་ཤག་ཆས་ནས་ཐེར་མའི་ཤམ་ཐབས་ཤིག་བརྒུས་སོང་ཞེས་ཚོགས་ཆེན་ཞལ་ངོར་ཞུ་བཏུགས་བརྒྱབ། ཞལ་ངོ་ཁང་དུ་གྱོད་ཡའི་ཁ་ཤུགས་འོག་ཆེན་མོ་པདྨ་ལགས་ཕམ་སྟེ་སྐྱིད་སྡུག་འགྲོ་ཉེའི་མཚམས། ཁང་ཚན་གྱི་ཚོགས་འདུ་བ་སྤྱི་ནས་ངོ་ཆེན་གྱིས་ཞལ་ངོར་དགོངས་ཡངས་ཞུས་པས་སྐྱིད་སྡུག་འགྲོ་མ་དགོས་ཙམ་བྱུང་ཡང་། ཚོགས་འདུ་བའི་གྲས་ནས་ཕབ་སྟེ་བར་བཤར་བའི་ཁོངས་སུ་བཞག་ཅིང་། དབུ་མཛད་ཀྱི་གོ་གནས་ཀྱང་མེད་པ་བཟོས། དེར་བརྟེན་ཆེན་མོ་ལགས་ཁོང་ཐུགས་ཕམ་ཚད་མེད་དང་བཅས་ཁང་ཚན་ལྷ་མོའི་བཞུགས་སྒྲོམ་གྱི་ཤེལ་ཁྲ་ལ་ཁུ་ཚུར་བཞུས་ཏེ། “ངས་ད་བར་ཁང་ཚན་འདི་ལ་ལྷག་བསམ་རྣམ་དག་གི་ཞབས་ཕྱི་ཞུས་པ་ཡིན། ཡིན་ནའང་ང་ལ་ད་ལྟ་མ་ཉེས་ཁ་གཡོགས་འདི་འདྲ་བྱུང་སོང་། ད་ལྷ་མོ་ཁྱེད་ཀྱིས་བདེན་བརྫུན་དབྱེ་བ་ཕྱེ་ནས་རྟགས་དང་མཚན་མ་གཏོན་ཅིག” ཅེས་ངུ་ངག་དང་བཅས་སྨྲེ་མངགས་འདོན། དེ་ནས་མི་རིང་བར་རྗེས་ལོའི་སྨོན་ལམ་ཆེན་མོའི་སྐབས་རྙོག་དྲ་འཛུགས་མཁན་གཅིག་ཁང་པའི་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབ། རིང་པོར་མི་ཐོགས་པར་རོགས་པ་གཞན་དེ་ཡང་སེམས་འཚོ་མ་ཟིན་པར་གྱུར་ཏེ་སོ་སོའི་སྐེ་ལ་ཇེབ་ཙེ་བརྒྱབ་ནས་རང་སྲོག་བཅད་པར་གྱུར་ཏོ།། 

ཡང་འགྱུར་མེད་རིག་འཛིན་ཞེས་དཔེ་ཆ་བ་གྲྭ་རྐྱང་ཞིག་ཡོད་པ་ཁང་ཚན་དགེ་རྒན་འཁེལ། ཤག་དཀྲུག་སྐབས་ཤག་ཚང་ཆེ་བ་ཞིག་གིས་ཤག་ཐོབ་ཐང་མང་པོ་བླངས་ནས་རྟའི་ཟན་པ་བླུགས་ས་བྱས་པར། ཁང་རྒན་ནས་ཟན་པ་བཏོན་ནས་གྲྭ་པ་བཞག་པར་བརྟེན། ཤག་ཚང་དེའི་སེམས་ལ་བརྣག །ཁོང་ཁང་རྒན་ཚར་བའི་་རྗེས་ལོར་ཤག་ཚང་དེ་ལ་དགེ་རྒན་གཞོན་པ་ཞིག་འདུག་པ་དེས་གྲྭ་ཚང་གི་དགེ་བསྐོས་ཞུས་པ་ལྟར་ཐོབ། དེའི་དགུན་ཐོག་ཁང་ཚན་ནང་ལྷ་སར་ཁང་པ་ཉོ་རྒྱུའི་སྐོར་ཚོགས་འདུ་ཞིག་འཚོགས་པ་ན། ནམ་རྒྱུན་གྲྭ་སའི་ལས་སྣེ་ཆེ་ཁག་ཁང་ཚན་གྱི་ཚོགས་འདུར་ཡོང་སྲོལ་མེད་ཀྱང་། དེ་ཉིན་དགེ་བསྐོས་དེ་ཚོགས་འདུར་ཕེབས། གྲོས་བསྡུར་སྐབས་འགྱུར་མེད་རིག་འཛིན་ནི་ནམ་རྒྱུན་ནས་མི་ངར་པོ་དང་ཁ་རི་ཁ་ཐུག་ཅིག་ཡིན་པས། ཚོགས་འདུར་སོ་སོའི་བསམ་འཆར་བཤད་པ་ན། སྐབས་དེར་དགེ་བསྐོས་དེས་སྔར་གྱི་འཁོན་ལན་སློག་རྒྱུར་གོ་སྐབས་ཟིན་ཏེ། འགྱུར་མེད་ལ་འགག་པ་བརྒྱབ། དེར་འགྱུར་མེད་ནས་ལན་བརྒྱབ་པས། དགེ་བསྐོས་ལ་ཁ་ལན་སློག་པར་ཁག་དཀྲི་བཏགས་ནས་གྲྭ་པ་རྡབ་རྡོབ་ཁ་ཤས་འཇུ་བཅུག་ཏེ། ཁང་ཚན་གྱི་ར་སྐོར་ནང་རྡབ་རྡོབ་ཁ་ཤས་རེས་མོས་ཀྱིས་རྐུབ་ལ་ལྕགས་ཚན་ཚོད་མེད་བཞུས་པར། ཁང་ཚན་ཚོགས་འདུ་ནས་ཞུ་བ་ཕུལ་བས་བརྡུང་མཚམས་བཞག་ཀྱང་དེ་དུས་ལངས་རྒྱུ་མེད་པ་ཆགས་ཟིན། དེ་འཕྲལ་རོགས་པ་ཚོས་རྒྱ་མིའི་སྨན་ཁང་དུ་འཁྱེར་ནས་སྨན་བཅོས་བྱས་པས་སྨོན་ལམ་ཆེན་མོའི་སྐབས་ཁྱར་ཁྱོར་ངང་འགྲོ་ཐུབ་ཙམ་བྱུང་། དེ་ནས་རིང་མིན་ང་དགུའི་དུས་ཟིང་ལངས་ཏེ་གྲྭ་པ་མང་པོ་རྒྱ་གར་ལ་བྲོས་བྱོལ་འགྲོ་བ་ན། འགྱུར་མེད་རིག་འཛིན་ཡང་རྩེད་ཐང་རྒན་དགེ་འདུན་བཟོད་པ་མཆོག་དང་ལྷན་འབྲས་སྤུངས་ཀྱི་རྒྱབ་རི་འཛེགས་ཏེ་ཕེབས། རི་རྐེད་དུ་འབྱོར་བ་ན། རྒན་དགེ་བཟོད་ལ། “དགེ་འདུན་བཟོད་པ་ལགས། ཁྱེད་རང་ཐེགས་ཤིག །ད་ང་ནི་འགྲོ་གི་མིན།” ཞེས་བཤད་ནས་རྣམ་ཐར་གཏོང་གིན་གཏོང་གིན་ལ་མར་བབས་ནས་འབྲས་སྤུངས་ལ་ཕྱིར་ལོག་བྱས་སོང་། ཞེས་རྒན་དགེ་འདུན་བཟོད་པ་ལགས་ཀྱིས་གསུངས། ཉིན་ཤས་ནས་ཟིང་ཆ་འཇམ་པ་ན། རྒྱ་མིས་གྲྭ་པ་ལྷག་བསྡད་རྣམས་བསྐོངས་ཏེ་ཚོགས་འདུ་འཚོགས་པ་ན། ཨང་དང་པོར་འགྱུར་མེད་རིག་འཛིན་ལངས་ཤིང་སྡིངས་ཆའི་སྒང་ནས་རྐུབ་པགས་བསློགས་ཏེ་བསྟན། དེ་དུས་རྨ་ཡག་པོ་མ་དྲག་པར་ཡོད་པས། དེའི་སྔ་ཕྱིའི་བྱུང་རིམ་ཆ་ཚང་བཤད། དེ་དུས་གྲྭ་ཚང་དགེ་བསྐོས་དེ་བྲོས་མ་ཐུབ་པར་ཚོགས་འདུར་ཡོད། དེས་སྐད་ཆ་ཤོད་རྩིས་བྱས་ཀྱང་། རྒྱ་མིས། “ཁྱེད་རང་སྐད་ཆ་བཤད་ཡས་དུས་ཚོད་རྫོགས་ཚར་བ་རེད།” ཟེར་ནས་དགེ་བསྐོས་དེ་ལ་ཉེས་རྡུང་དྲག་པོ་བཏང་བས། ལས་འབྲས་མཛུབ་མོའི་རྩེ་ལ་འཁོར།། ཞེས་པ་མངོན་སུམ་དུ་བྱུང་ངོ་།། 

དེ་དག་ནི་ཁང་ཚན་འདི་དཔལ་ལྡན་དམག་ཟོར་རྒྱལ་མོ་སྲུང་མའི་གཙོ་བོར་བྱེད་བཞིན་དུ། ཁང་ཚན་ནང་བསྟེན་གསོལ་དངོས་སུ་མ་བྱས་ཀྱང་དོལ་རྒྱལ་དང་འབྲེལ་བ་བྱས་པས་དཔལ་ལྡན་ལྷ་མོའི་འཁུ་ལྡོག་བྱུང་བ་ཡིན་འདུག །ཅེས་ཕྱིས་སུ་རྒན་བགྲེས་པ་རྣམས་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུངས་པ་ནི་དོན་ལ་གནས་པ་སྟེ། དོལ་རྒྱལ་བསྟེན་ན་ལྷ་མོ་འཁོན་པར་ཡོངས་སུ་གྲགས་ཤིང་། དེའི་རྒྱུ་མཚན་ཡང་། “དོལ་རྒྱལ་ནི་དགའ་ལྡན་ཕོ་བྲང་དང་མ་འགྲིགས་ནས་བྱུང་བ་ཞིག་ཡིན་ལ། དཔལ་ལྡན་ལྷ་མོ་ནི་རྒྱལ་དབང་སྐུ་ཕྲེང་ན་རིམ་བཀའ་བསྒོས་ཤིང་དམ་ཚིག་གཉེར་དུ་བཏད་པའི་ལྷ་སྲུང་ཁྱད་པར་ཅན་ཡིན་གཤིས། དེ་ལ་བརྟེན་ནས་དོལ་རྒྱལ་བསྟེན་ན་ལྷ་མོ་འཁོན་གྱི་ཡོད་རེད། ཅེས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་གསུང་གི་འདུག” ཅེས་ཁྲི་ཆེན་རི་རྫོང་སྲས་རིན་པོ་ཆེས་བློ་གསལ་གླིང་གི་ཚོགས་འདུ་ཞིག་གི་སྐབས་གསུངས་པ་འདིའོ།། གཞན་ཡང་དོལ་རྒྱལ་ནི་དམ་སྲི་རང་ཡིན་པས་ཇི་ཙམ་ཁོ་ལ་ཉེ་བ་དེའི་ཚོད་ཀྱིས་རྐྱེན་ངན་དང་ཆག་ས་མང་བ་ཆོས་ཉིད་ཡིན་པས། དོལ་རྒྱལ་བསྟེན་ནས་མཐར་བཀྲ་ཤིས་ལོ་ལེགས་བྱུང་བ་ནི་ཉིན་མོའི་སྐར་མ་དང་འདྲ་བས། བདག་ལེགས་སུ་འདོད་པ་སུ་ཞིག་གིས་ཀྱང་དོལ་འདྲེ་འདི་དངོས་ཤུགས་བརྒྱུད་གསུམ་ནས་སྤང་བར་བྱ་ཞིང་། བསྟེན་གསོལ་བྱེད་པོ་མི་དེ་དག་དང་ཡང་ཆོས་དང་ཟང་ཟིང་གང་གི་སྒོ་ནས་ཀྱང་འབྲེལ་བ་གཏན་ནས་མ་བྱེད་པ་གཅེས་སོ།།   །།


སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།།

འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།

བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།།

མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།


འདི་ཡང་རྩེད་ཐང་དགེ་བཤེས་ཤྲཱི་མིང་པས་དམ་པ་གོང་མའི་གསུང་བཞིན་ ༢༠༢༡ ཟླ་བ་ ༡༡ ཚེས་ ༡༥ ཉིན་ཡི་གེར་བཀོད་པའོ།།   །།