Friday, December 31, 2021

བརྒལ་ལན། ༧

 རྗེའི་བདེན་གཉིས་ཀྱི་མཚན་ཉིད་བཞེད་ཚུལ་ལ་ཚིག་སྐྱོན་འཕངས་པ་ལ་བརྟག་པ།


ཡང་པཎ་ཆེན་པས། རྗེ་བླ་མས་བདེན་གཉིས་ཀྱི་མཚན་ཉིད་འཇོག་པ་ལ་ཚིག་སྐྱོན་བཞི་འཕེན་ཏེ། རོལ་མཚོ་ ལས། 

གཉིས་པ་ཚིག་ལ་སྐྱོན་འཆགས་པ་ནི། གཞུང་ལས་བཤད་པའི་བདེན་གཉིས་ཀྱི་མཚན་ཉིད་གང་ཡིན་པ་དེ་འདོར་དགོས་པར་འགྱུར་བ་དང་། མ་བཤད་པའི་མཚན་ཉིད་འཇོག་ལུགས་དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་ཐལ་བ་དང་། མཚོན་བྱ་ལས་མཚན་ཉིད་གོ་དཀའ་བར་ཐལ་བ་དང་། ཁས་བླངས་ནང་འགལ་བ་རྣམས་སོ།།

ཞེས་སོ།།

༡༽ དེ་ལ་ཚིག་སྐྱོན་དང་པོ་ནི། བདེན་གཉིས་སོ་སོའི་མཚན་ཉིད་འཇོག་པ་ན། ཐ་སྙད་དཔྱོད་བྱེད་ཚད་མའི་རྙེད་དོན་གང་ཞིག །ཅེས་པ་དང་། མཐར་ཐིག་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མའི་རྙེད་དོན་གང་ཞིག །ཅེས་ཟུར་དང་པོ་གཉིས་སྨོས་པ་ལ་དགོས་པ་མེད་པར་ཐལ། དེ་ལྟར་བཞག་ན་སྐྱོན་ཡོད་ལ། མ་བཞག་ནཡོན་ཏན་ཡོདཔའི་ཕྱིར་རོ།། དང་པོ་གྲུབ་སྟེ། ཟུར་དང་པོ་གཉིས་ཀྱིས་བདེན་པ་སོ་སོ་ལ་ཁྱབ་པའི་ཕྱིར་རོ།། རྟགས་ཁས། གཉིས་པ་གྲུབ་སྟེ། ཟུར་ཕྱི་མ་གཉིས་ཀྱིས་དེ་དང་དེའི་རིགས་མི་མཐུན་མཐའ་དག་སེལ་ནུས་པའི་ཕྱིར་རོ།། ཡང་དེ་ལོག་རྟོག་སེལ་བའི་དབང་དུ་བྱས་སོ་ཞེས་ཀྱང་སྨྲ་མི་ནུས་ཏེ། ཟུར་དང་པོ་དེས་ལོག་རྟོག་སྐྱེ་བའི་ཕྱིར་ཏེ། ཟུར་དང་པོ་གཉིས་ཀ་རེ་རེ་ནས་བདེན་པ་གཉིས་ཀ་ལ་ཁྱབ་པས། བདེན་གཉིས་ཕན་ཚུན་ཡིན་ཁྱབ་མཝམ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་ཕྱིར་རོ།། དང་པོ་ཁས་བླངས། ཡང་ཟུར་དང་པོ་གཉིས་པོ་གོ་དོན་ཙམ་ཡིན་ཞེས་སྐྱོན་སྤོང་མི་ནུས་ཏེ། དེ་དེའི་གོ་དོན་མ་ཡིན་ཏེ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྟགས་ཁས། དེ་ལྟར་ཡང་དེ་ཉིད་( … ༢༤༦་༥) ལས། 

དང་པོ་ནི། མཚན་ཉིད་ཀྱི་ཟུར་དང་པོ་གཉིས་ལ་དགོས་པ་མེད་པར་འགྱུར་ཏེ། དེ་གཉིས་བདེན་པ་གཉིས་པོ་སོ་སོའི་མཚན་ཉིད་ཀྱི་ཟུར་དུ་བཞག་པ་ལ་སྐྱོན་དང་བཅས་ཤིང་། མ་བཞག་པ་ལ་སྐྱོན་མེད་ཅིང་ཡོན་ཏན་དང་བཅས་པའི་ཕྱིར་རོ། །རྟགས་དང་པོ་ཁས་བླངས་ཏེ། ཟུར་དང་པོ་གཉིས་ཀྱིས་བདེན་པ་སོ་སོ་ལ་ཁྱབ་པའི་ཕྱིར་རོ། །གཉིས་པ་ཁས་བླངས་ཏེ། ཟུར་ཕྱི་མ་གཉིས་ཀྱིས་དེ་དང་དེའི་རིགས་མི་མཐུན་མཐའ་དག་སེལ་ནུས་པའི་ཕྱིར་རོ།།

ཞེས་སོགས་གསུངས། 

འདི་ལ་བརྟག་པ་ནི། བདེན་གཉིས་ཀྱི་མཚན་ཉིད་ཟུར་གཉིས་ལྡན་མ་བཞག་ཀྱང་སྐྱོན་མེད་པ་འོག་ཏུ་འཆད་པར་འགྱུར་ཞིང་། ཅི་སྟེ་བཞག་ཀྱང་འཕངས་པའི་ཐལ་བ་འདི་དག་མི་འཇུག་སྟེ། དོན་དམ་བདེན་པའི་མཚན་ཉིད་ཀྱི་ཟུར་སྔ་མ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན། ཞེས་པས་དོན་དམ་བདེན་པ་བློའི་ཡུལ་ཙམ་ཡང་མ་ཡིན་ནོ་ཞེས་པའི་ལོག་རྟོག་སེལ། ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་སྔ་མ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན། ཞེས་པས་ཀུན་རྫོབ་བདེན་པ་རྣམས་འཁྲུལ་ངོར་ཡོད་པ་ཙམ་ཡིན་པ་མ་གཏོགས་དོན་ལ་མེད་པར་འཛིན་པའི་ལོག་རྟོག་སེལ་བའི་ཕྱིར། མཚན་ཉིད་གཉིས་ལ་ཟུར་ཕྱི་མ་སྦྱར་དགོས་ཏེ། འཆད་པར་འགྱུར་བ་ལྟར་སངས་རྒྱས་ཀྱི་མཁྱེན་ཚུལ་མ་བསྡུས་ན་དེ་ཙམ་གྱིས་ཆོག་མོད། མཁྱེན་ཚུལ་ཀྱང་འདིར་བསྡུས་ན་ནི་བདེན་གཉིས་ཀྱི་མཚན་ཉིད་འཆོལ་བར་འགྱུར་བས་ངེས་པར་སྦྱར་དགོས་པ་འོག་ཏུ་འཆད་པར་འགྱུར་བ་ལྟར་ཡིན་པའི་ཕྱིར། 

གཞན་ཡང་གོང་གི་ཐལ་བ་དེ་རྣམས་ངེད་ལ་ཟུག་ན་ནི་ཁྱེད་བཞེད་པའི་མཚན་ཉིད་མང་པོ་ལའང་འཇུག་སྟེ། ཁྱེད་ཉིད་ཀྱིས་ལུང་ཆོས་རྒྱ་མཚོར། (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར།༤༥  ཤེར་ཕྱིན་གྱི་ལུས་དང་ཡན་ལག་རྒྱས་པར་བཤད་པ་ལུང་དོན་རྒྱ་མཚོ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༡་

དང་པོ་ (ཡང་དག་ཀུན་རྫོབ་བདེན་པ་)ལ་མཚན་ཉིད་ནི། ཀུན་རྫོབ་བདེན་པ་གང་ཞིག །ཐ་སྙད་ཙམ་དུ་མི་བསླུ་བ། 

ཞེས་དང་། ( … ༢༡་

གཉིས་པ་ལ་མཚན་ཉིད་ནི། ཀུན་རྫོབ་བདེན་པ་གང་ཞིག །ཐ་སྙད་ཙམ་དུ་ཡང་བསླུ་བ་དེ། ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད། 

ཞེས་གསུངས་པ་གང་ཞིག །ཟུར་དང་པོ་གཉིས་ཀྱིས་ཡང་ལོག་སོ་སོ་ལ་ཁྱབ་ཅིང་། ཟུར་ཕྱི་མ་གཉིས་ཀྱིས་དེ་དང་དེའི་རིགས་མི་མཐུན་མཐའ་དག་སེལ་ནུས་པའི་ཕྱིར་རོ།། ཅི་སྟེ་ཟུར་དང་པོ་གཉིས་རིགས་མི་མཐུན་སེལ་བའི་མཚན་ཉིད་མ་ཡིན་གྱི། ལོག་རྟོག་སེལ་བའི་དབང་དུ་བྱས་པའི་མཚན་ཉིད་དོ་སྙམ་ན། ཁྱེད་ལྟར་ན་དེ་དེར་བཞག་པ་ན་ལོག་རྟོག་སྐྱེ་བར་འགྱུར་ཏེ། ལོག་པའི་ཀུན་རྫོབ་ཀྱི་བདེན་པ་རྣམས་ཀྱང་དེ་ཡིན་པའི་རྒྱུ་མཚན་གྱིས་ཡང་དག་ཀུན་རྫོབ་བདེན་པ་ཡིན་ནམ་སྙམ་པ་དང་། ཡང་དག་ཀུན་རྫོབ་བདེན་པ་རྣམས་ཀྱང་ཀུན་རྫོབ་བདེན་པ་ཡིན་པའི་རྒྱུ་མཚན་གྱིས། ལོག་པའི་ཀུན་རྫོབ་བདེན་པ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་ཕྱིར་རོ།། རྟགས་ཁྱབ་རིམ་བཞིན་ཁས། གལ་ཏེ་ཟུར་དང་པོ་གཉིས་པོ་གོ་དོན་དུ་འགྱུར་བ་ཡིན་གྱི། རིགས་མི་མཐུན་སེལ་བྱེད་མ་ཡིན་ནོ་སྙམ་ན། ཁྱེད་ཀྱི་ལྟར་ན་དེ་དེའི་གོ་དོན་མ་ཡིན་ཏེ། ཡང་དག་ཀུན་རྫོབ་བདེན་པའི་གོ་དོན་དུ་བཤད་པ་དེས་ཅིག་ཤོས་ལ་ཁྱབ། ཅིག་ཤོས་ཀྱི་གོ་དོན་དུ་བཤད་པ་དེས་ལོག་པའི་ཀུན་རྫོབ་བདེན་པ་ལ་ཁྱབ་པའི་ཕྱིར། རྟགས་ཁྱབ་ཁས། རྣམ་པ་ཀུན་ཏུ་མཚུངས་སོ།། གཞན་ཡང་ལུང་ཆོས་རྒྱ་མཚོར་མྱང་འདས་གཉིས་ཀྱི་མཚན་ཉིད་དང་། སེམས་བསྐྱེད་ཉེར་གཉིས་སོ་སོའི་མཚན་ཉིད། ཀུན་རྫོབ་བདེན་པའི་མཚན་ཉིད་སྔ་ཕྱི་གཉིས་འཇོག་པའི་སྔ་མ་སོགས་ཆེས་མང་པོ་ལའང་འགོ་མཚུངས་སྦྱོར་ནས་འཕེན་རིགས་པ་རྣམས་རེ་རེ་ནས་འདིེ་གླེང་ན་ཤིན་ཏུ་མང་བར་འགྱུར་རོ།། 

དེས་ན་སྤྱིར་མཚན་ཉིད་ཅི་འདྲ་ཞིག་འཇོག་ཀྱང་དེའི་ཟུར་མཐའ་དག་གིས་མཚན་གཞིའི་སྟེང་དུ་མཚོན་བྱའི་གོ་དོན་རྟོགས་པ་ལ་ཕན་པ་ཞིག་ངེས་པར་དགོས་ལ། དེ་ལྟ་ན་ཡང་ཟུར་རེ་རེ་ནས་མཚོན་བྱའི་གོ་དོན་ཡོངས་སུ་རྫོགས་པར་སྒྲུབ་མི་ནུས་སོ།། དེ་ལྟར་ན་སྐབས་འདིར་ཡང་བདེན་གཉིས་སོ་སོའི་མཚན་ཉིད་ཀྱི་ཟུར་དང་པོ་དེ་གཉིས་ཀྱང་དགོས་མེད་དུ་མི་འགྱུར་ཏེ། དེ་ལ་བརྟེན་ནས་བདེན་པ་གཉིས་སོ་སོའི་གོ་བ་ཆགས་པ་ལ་ཕན་ཐོགས་པའི་ཕྱིར། དེར་ཐལ། བདེན་པ་གཉིས་ཀྱི་དབྱེབ་ནི་དེ་གཉིས་ལ་དཔྱོད་པའི་ཡུལ་ཅན་བློའི་དཔྱོད་ཚུལ་གྱིས་འབྱེད་དགོས་པས། དེ་གོ་བའི་ཕྱིར་ཟུར་དང་པོ་སྨོས་ལ། དེ་ཙམ་གྱིས་མཚན་མཚོན་གྱིས་ཁྱབ་པ་མོ་འཁོར་བས་དེའི་ཕྱིར་ཟུར་གཉིས་པ་སྨོས་པར་འཇོག་རིགས་པའི་ཕྱིར་རོ།། 


༢༽ ཡང་པཎ་ཆེན་ཚིག་སྐྱོན་འཕངས་པ་ནི།  ཤེས་བྱ་ཐམས་ཅད་ལ་མཚན་ཉིད་འཇོག་ལུགས་གཅིག་གིས་ཆོག་པར་ཐལ། མྱུ་གུ་འཇལ་བའི་ཚད་མ་དེ་གང་ལ་ལྟོས་ཏེ་མྱུ་གུ་འཇལ་བའི་ཚད་མར་སོང་བ་དེ། མྱུ་གུའི་མཚན་ཉིད་དུ་བཞག་པས་ཆོག་པ་གང་ཞིག །དེ་བཞིན་དུ་ཆོས་ཀུན་ལའང་མཚུངས་པའི་ཕྱིར་། ཡང་རྟོག་པ་ཕན་ཚུན་བརྟེན་པའི་ཐལ་བ་འཇུག་པའི་སྒོ་ནས་སྐྱོན་སྤོང་མི་ནུས་ཏེ། དེ་ནི་ཁྱེད་ཀྱིས་བཞག་པའི་བདེན་གཉིས་ལའང་མཚུངས་པའི་ཕྱིར་། དེ་ལྟར་ཡང་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥ རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན།  ༢༤༦༡༨) ལས། 

གཉིས་པ་ནི། ཤེས་བྱ་ཐམས་ཅད་ལ་མཚན་ཉིད་འཇོག་ལུགས་གཅིག་གིས་ཆོག་པར་འགྱུར་ཏེ། མྱུ་གུ་འཇལ་བའི་ཚད་མ་དེ་གང་ལ་ལྟོས་ཏེ་མྱུ་གུ་འཇལ་བའི་ཚད་མར་སོང་བ་དེ། མྱུ་གུའི་མཚན་ཉིད་དུ་བཞག་པས་ཆོག་པ་ལ་སོགས་པ་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་བཞག་ན་རྟོག་པ་ཕན་ཚུན་བརྟེན་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེ་ན། དེ་ནི་སྔ་མ་ལ་མཚུངས་སོ།།

ཞེས་གསུངས། 

འདི་ལ་བརྟག་པ་ནི། ཤེས་བྱ་ཐམས་ཅད་ལ་མཚན་ཉིད་འཇོག་ལུགས་གཅིག་གིས་ཆོག་པར་འགྱུར་བའི་སྐྱོན་དེ་ཡང་མི་འཇུག་སྟེ། སྤྱིར་མཚན་ཉིད་ཅེས་པ་ནི་མཚན་གཞིའི་སྟེང་དུ་མཚོན་བྱ་དེ་མཚོན་མི་ནུས་ན། དེ་འདྲ་བ་དེ་དེ་དང་དེའི་མཚན་ཉིད་དམ་མཚོན་བྱེད་དུ་མི་རུང་བས། དེ་མཚོན་ནུས་པ་ཞིག་དགོས་སོ།། དེ་ལྟར་ན་མཚན་གཞི་གསེར་གྱི་ལྟོ་ལྡིར་བ་ལྟ་བུའི་སྟེང་དུ་བུམ་པ་མ་རྟོགས་པ་དེ་སྲིད་དུ། བུམ་པ་འཇལ་བའི་ཚད་མ་དེ་གང་ལ་ལྟོས་ཏེ་བུམ་པ་འཇལ་བའི་ཚད་མར་སོང་བ་ཞེས་པ་དེས། གསེར་གྱི་ལྟོ་ལྡིར་བ་བུམ་པར་རྟོགས་པ་ལ་ཅི་ཡང་མི་ཕན་ལ། དེ་བུམ་པར་རྟོགས་ནས་ནི་བུམ་པ་འཇལ་བའི་ཚད་མ་དེ་དེ་ལ་ལྟོས་ཏེ་བུམ་པ་འཇལ་བའི་ཚད་མར་སོང་བ་མྱོང་སྟོབས་ཀྱིས་རྟོགས་པའི་ཕྱིར། དེ་བུམ་པའི་མཚན་ཉིད་དུ་མི་རིགས་སོ།། འདི་དང་བདེན་གཉིས་ཀྱི་མཚན་ཉིད་རྗེ་བླ་མས་བཞག་པ་གཉིས་གཏན་མི་འདྲ་སྟེ། ཡུལ་ཅན་གང་ཞིག་རང་ཡུལ་ལ་འཇུག་པ་ན་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་བཏགས་དོན་ལ་དཔྱད་ནས་ཡུལ་དེ་འཇོག་ན་ནི། དོན་དམ་ལ་དཔྱོད་པ་ཡིན་ལ། དེའི་ཚེ་ཆོས་ཅན་དེ་དང་དེ་ལ་དཔྱོད་པའི་དཔྱད་མཐར་གང་ཡང་མ་རྙེད་ཀྱང་། དེ་ལས་ལངས་པ་ན་སྟོང་གཞི་སྐྱོན་མེད་དུ་འཇོག་ནུས་པ་ཞིག་འདུག་ན་ནི། བློ་དེ་ཉིད་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་ལ། གནས་ལུགས་རྟོགས་པའི་ཚད་མའང་དེ་ཀ་ཡིན་ནོ།། དེས་ན་མཚན་གཞི་བུམ་པའི་གནས་ལུགས་ལྟ་བུ་ཁྱོད་གང་གིས་རྙེད་པའི་ཚད་མ་དེས་ཁྱོད་ལ་འཇུག་པ་ན་སྟོང་གཞི་བུམ་པ་དེ་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་ཡུལ་སྟེང་དུ་མ་གྲུབ་པར་རྟོགས་དགོས་པས། ཁྱོད་ལ་དཔྱོད་པའི་ཚད་མ་ཁྱོས་ལ་དོན་དམ་དཔྱོད་བྱེད་དུ་སོང་བ་ཞེས་བྱ་ཞིང་། ཡང་བུམ་པ་ལྟ་བུ་བུམ་འཛིན་ཚད་མས་ཁྱོད་ལ་འཇུག་པ་ན། བུམ་པའི་ཐ་སྙད་བཏགས་པའི་གཏགས་དོན་བཙལ་ནས་འཇོག་མི་དགོས་ཀྱི། མ་བརྟགས་མ་དཔྱད་པར་འཇིག་རྟེན་གྲགས་ཚོད་ཀྱིས་བུམ་པ་ལ་བུམ་པར་ཤེས་པ་ཙམ་གྱིས་རྫོགས་པས། ཁྱོད་ལ་དཔྱོད་པའི་ཚད་མ་ཁྱོས་ལ་ཐ་སྙད་དཔྱོད་བྱེད་དུ་སོང་བ་ཞེས་བརྗོད་པ་ཡིན་པས། མྱུ་གུ་འཇལ་བའི་ཚད་མ་དེ་གང་ལ་ལྟོས་ཏེ་མྱུ་གུ་འཇལ་བའི་ཚད་མར་སོང་བ་མྱུ་གུའི་མཚན་ཉིད་དུ་བཞག་ན་གོ་བ་ཅི་ཡང་མེད་ལ། བདེན་གཉིས་ཀྱི་མཚན་ཉིད་ཀྱི་གོང་ལྟར་འཇོག་པ་ལ་གོ་རྒྱུ་ཟབ་ཅིང་། གོ་བ་དེ་ལྟར་བཤད་པ་ལ་རྟོགས་པ་ཕན་ཚུན་བརྟེན་པའི་ཐལ་བའང་འོང་ས་མི་སྣང་པས། སྐྱོན་བརྗོད་པ་དེ་ནི་ནམ་ཡང་མི་འཇུག་པར་འཁུམས་སོ།། 


༣༽ ཡང་པཎ་ཆེན་པས་ཚིག་སྐྱོན་འཕངས་པ་གསུམ་པ་ལ། རོལ་མཚོ་(གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། པོད།༤༣ རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༤༧ ) ལས། 

གསུམ་པ་ནི། དེ་དེའི་མཚན་ཉིད་དུ་མི་རིགས་ཏེ། དོན་དམ་པའི་བདེན་པ་མ་གོ་བའི་གང་ཟག་གིས། མཐར་ཐུག་དཔྱོད་པའི་རིག་ཤེས་གང་ལ་ལྟོས་ནས་མཐར་ཐུག་དཔྱོད་པའི་རིག་ཤེས་སུ་འགྲོ་མི་འགྲོའི་ས་མཚམས་མི་ཤེས་པའི་ཕྱིར་དང་། དེ་མ་ཤེས་པར་མཐར་ཐུག་དང་ཇི་ལྟ་བ་མི་ཤེས་པའི་ཕྱིར། བཞི་པ་ནི། ཁྱེད་ཀྱིས་བཞག་པའི་མཚན་ཉིད་དེ་མཚོན་བྱ་ལས་གོ་དཀའ་བ་ཡིན་ཏེ། མྱུ་གུ་མ་ཤེས་པར་མྱུ་གུ་འཇལ་བའི་ཚད་མ་མི་ཤེས་པ་བཞིན་དུ། དོན་དམ་བདེན་པའི་ཐ་སྙད་མི་ཤེས་པའི་གང་ཟག་གིས། དོན་དམ་པ་འཇལ་བའི་ཚད་མ་མི་ཤེས་པའི་ཕྱིར་རོ།།

ཞེས་ཐལ་བ་གཉིས་འཕངས་ཏེ། གཉིས་ཀས་ཀྱང་དོན་དམ་བདེན་པ་མ་གོ་བར་མཚན་ཉིད་དེ་གོ་མི་ནུས་པར་ཐལ་བ་འཕངས་པའོ།། འདིའི་པར་མ་རྣམས་སུ། བཞི་པ་ནི། ཞེས་འབྱུང་བ་སྦྱར་ས་མ་རྙེད་པས་ཡི་གེ་ཐོལ་བར་མངོན་ནོ།།

དག་ལ་བརྟག་པ་ནི། མཚོན་བྱ་ལས་མཚན་ཉིད་གོ་དཀའ་བར་ཐལ་བའི་སྐྱོན་དེ་ཡང་མི་འཇུག་སྟེ། མཐར་ཐུག་དང་ཇི་ལྟ་བ་མ་རྟོགས་ན་དོན་དམ་བདེན་པ་མ་རྟོགས་པར་གསུངས་པ་ཐུགས་མད་མོད། དོན་དམ་བདེན་པ་རྟོགས་པ་དང་། སྟོང་ཉིད་དོན་དམ་བདེན་པར་རྟོགས་པ་ལ་ཁྱད་པར་ཡོད་པའི་ཕྱིར་ཏེ། སྟོང་ཉིད་རྟོགས་ནདོན་དམ་བདེན་པ་རྟོགས་པས་ཁྱབ་ཀྱང་། སྟོང་ཉིད་རྟོགས་ན་སྟོང་ཉིད་དོན་དམ་བདེན་པར་རྟོགས་པས་མ་ཁྱབ་པའི་ཕྱིར། དེར་ཐལ། སློབ་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་སྟོང་ཉིད་རྟོགས་ཀྱང་དེ་དོན་དམ་བདེན་པར་མ་རྟོགས་པའི་ཕྱིར་ཏེ། སྟོང་ཉིད་དོན་དམ་བདེན་པ་ཡིན་པ་དེ་ཀུན་རྫོབ་པའི་ཆོས་ཡིན་པའི་ཕྱིར། དེ་ལྟར་ན་སྟོང་ཉིད་དོན་དམ་བདེན་པར་རྟོགས་པ་ལ་ནི། སྟོང་ཉིད་དེ་དོན་དམ་བདེན་པའི་་དོན་ལྡོག་མཐར་ཐུག་དཔྱོད་པའི་རིགས་ཤེས་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མར་ཤོང་བའི་རྙེད་དོན་ཡིན་པར་བློ་ལ་ཤར་ནས་དོན་དམ་བདེན་པར་རྟོགས་དགོས་ཀྱི། གནས་ལུགས་ལྟར་སྟོང་གཞི་ཆོས་ཅན་དགག་བྱའི་སྤྲོས་པ་བཅད་པ་རྟོགས་པ་པ་ཙམ་སྟོང་ཉིད་དོན་དམ་བདེན་པར་རྟོགས་ཚུལ་མ་ཡིན་པའི་ཕྱིར། 

ཡང་མཚན་ཉིད་དེ་མཚོན་བྱ་ལས་གོ་དཀའ་བའི་སྐྱོན་གཉིས་པ་ཞིག་གསུངས་པ་ལའང་འདི་ལྟར། ཐལ་བ་དེ་ནི་ཉིད་ཀྱིས་བཞག་པའི་མཚན་ཉིད་ལའང་ལྟག་ཆོད་ལྟ་བུར་སྣང་སྟེ། རོལ་མཚོར། (གྲགས་ཆེན་་བཅོ་བརྒྱད་ལས། ཤེར་ཕྱིན་སྐོར། པོད།༤༣ རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༤༩

གཉིས་པ་རང་གི་ལུགས་ནི། མཐོང་བ་བརྫུན་པས་རྙེད་པའི་རྙེད་དོན་དང་། མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་ནོ། །དེའི་དོན་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པ་དང་། དེ་དང་བྲལ་བའི་ཤེས་པའོ། །དེ་དང་བྲལ་བའི་ངོས་འཛིན་ནི། གཞི་དུས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་དང་། ལམ་དུས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་དང༌། འབྲས་བུ་སངས་རྒྱས་ཀྱི་སའི་ཡེ་ཤེས་མཐའ་དག་གོ །དེའི་ལྷག་མར་གྱུར་པའི་ཤེས་པ་རྣམས་ནི་མཐོང་བ་བརྫུན་པའི་མཚན་གཞིར་བཞག་གོ །དེ་དང་དེས་རྙེད་པ་ཞེས་པའི་གོ་དོན་ཡང་། ཤེས་པ་དེ་དང་དེས་རང་སྟོབས་ཀྱིས་ཡུལ་དུ་བྱས་པའོ། །མཚན་ཉིད་འདིས་ནི་རིགས་མི་མཐུན་དང་། ལོག་རྟོག་མཐའ་དག་སེལ་ནུས་པ་ཡིན་ནོ།།

ཞེས་གསུངས་པ་གང་ཞིག །དེ་ལྟར་ན་དོན་དམ་བདེན་པའི་ཐ་སྙད་མི་ཤེས་པའི་གང་ཟག་གིས། མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་མི་ཤེས་པའི་ཕྱིར་ཏེ། མཐོང་བ་ཡང་དག་པ་མི་ཤེས་པ་གང་ཞིག །དེ་མ་ཤེས་ན་དེས་རྙེད་པ་ཤེས་དོན་མེད་པའི་ཕྱིར། དང་པོ་དེར་ཐལ། དོན་དམ་པ་འཇལ་བའི་ཚད་མ་མི་ཤེས་པའི་ཕྱིར་ཏེ། དོན་དམ་བདེན་པའི་ཐ་སྙད་མི་ཤེས་པའི་ཕྱིར། ཁྱབ་པ་བསྒྲིགས། གལ་ཏེ་ཡང་དག་མ་ཤེས་ཀྱང་མཐོང་བ་ཡང་དག་པ་ཤེས་པ་ཡོད་པའམ། མཐོང་བ་ཡང་དག་པ་ཤེས་ནས། ཕྱིས་དེས་རྙེད་པའི་དོན་ལ་དོན་དམ་བདེན་པའི་ཐ་སྙད་སྦྱར་བས་སྐྱོན་མེད་དོ་ཞེ་ན། ངེད་ཀྱིས་ཀྱང་། དོན་དམ་པ་མ་ཤེས་ཀྱང་དོན་དམ་དཔྱོད་པའི་རིགས་ཤེས་ཚད་མ་་ཤེས་པ་ཡོད་པའམ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་ཤེས་ནས། ཕྱིས་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མར་སོང་བའི་རྙེད་པའི་དོན་ལ་དོན་དམ་བདེན་པའི་ཐ་སྙད་སྦྱར་ཆོག་པས་སྐྱོན་མེད་པར་མཚུངས་སོ།། 

ཡང་པཎ་ཆེན་པས་ཚིག་སྐྱོན་འཕངས་པ་བཞི་པ་ནི། འཇུག་པར། (སྡེ་བསྟན། དབུ་མ། འ་པ། དབུ་མ་ལ་འཇུག་པ། སློབ་དཔོན་ཟླ་བ་གྲགས་པ། ༢༠༥ ) དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས།། ཞེས་སོགས་ཀྱིསདོན་དམ་བདེན་པའི་མཚན་ཉིད་བཞག་པ་དེ་འདོར་དགོས་པར་ཐལ། དེའི་མཚན་ཉིད་དུ། མཐར་ཐུག་དཔྱོད་བྱེད་རིགས་ཤེས་ཀྱི་རྙེད་དོན་གང་ཞིག །ཅེས་ཟུར་དང་པོ་མ་བཞག་ཀྱང་སྐྱོན་མེད་པའི་ཕྱིར་ཏེ། ཟུར་གཉིས་པ་གཅིག་པུས་ཆོག་པའི་ཕྱིར། སྐྱོན་ཡོད་ན། ཟུར་གཉིས་པ་དེ་ཚང་ལ་དང་པོ་མ་ཚང་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། ཡོད་ན་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་རྙེད་དོན་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་འདི་ཁས་མ་བླངས་ན། ཟུར་གཉིས་པ་བསྣན་པ་ལ་གོ་དོན་སྟོན་ཅིག །ཀུན་རྫོབ་བདེན་པའི་མཚན་ཉིད་ལ་ཡང་དེ་ལྟར་སྦྱར་ནས་ཁས་བླངས་ནང་འགལ་ཚུལ་ཤེས་པ་བྱའོ།། དེ་ལྟར་ཡང་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༤༧་༨) ལས། 

བཞི་པ་ནི། འོ་ན་དོན་དམ་བདེན་པའི་མཚན་ཉིད་དུ། ཟུར་དང་པོ་མ་བཞག་ཀྱང་། སྐྱོན་ཡོད་དམ་མེད། མེད་ན་གཞུང་དུ། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡིས། །ཞེས་དོན་དམ་བདེན་པའི་མཚན་ཉིད་དུ་བཞག་ངོ་ཤེས་པ་དེ་འདོར་དགོས་པར་འགྱུར་ལ། སྐྱོན་ཡོད་ན་ཟུར་གཉིས་པ་དེས་མ་ཆོག་པར་སོང་བས། དེའི་ཟུར་གཉིས་པ་དེ་ཚང་ལ་དང་པོ་མ་ཚང་བའི་ཤེས་བྱ་ཅིག་སྲིད་པར་འགྱུར་ལ།

ཞེས་སོགས་གསུངས།

འདི་ལ་བརྟག་པནི། ཟུར་སྔ་ཕྱི་ལ་བརྟེན་པའི་ཁས་བླངས་ནང་འགལ་བའི་རྩོད་པ་དེ་ནི་འཇུག་པར་མ་མཐོང་སྟེ། ཟུརགཉིས་ལྡན་དུ་བྱས་ཀྱང་སྐྱོན་མེད་པ་ནི། དཔེར་ན་ཚད་མའི་སྐབས་སུ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུབཞག་པ་ན། མ་འཁྲུལ་བ་ཡིན་ན་རྟོག་བྲལ་ཡིན་པས་ཁྱབ་ཀྱང་། ཕྱི་རོལ་པ་མངོན་སུམ་རྟོག་བཅས་སུ་འཛིན་པའི་ལོག་རྟོག་སེལ་བའི་དགོས་པ་ལ་ལྟོས་ནས་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་བཞག་པ་བཞིན་དུ། འདིར་ཡང་མཚན་ཉིད་དུབཞག་པ་ལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་ཁྱོད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བ་ཡིན་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་པས་ཁྱབ་ཀྱང་། དེས་རྙེད་པའི་དོན་རྟོགས་པ་ལ་བྱས་ན། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དེ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་ཡིན་ཞིང་། དེས་མ་རྟོགས་པའི་ཆོས་མེད་པས། ཆོས་ཐམས་ཅད་དོན་དམ་བདེན་པར་འགྱུར་རོ་སྙམ་པའི་ལོག་རྟོག་སེལ་བའི་དགོས་པ་ལ་ལྟོས་ནས་མཚན་ཉིད་ཀྱི་ཟུར་དུ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་ཁྱོད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བ་ཞེས་ཟུར་གཉིས་པ་སྦྱར་བ་ཡིན་པའི་ཕྱིར། 

རྣམ་པ་གཅིག་ཏུ་ན་འདི་ལྟར་ཡང་འཆད་དེ། མཚན་ཉིད་ཟུར་གཉིས་ལྡན་དུ་ངེས་པར་ཕྱེ་དགོས་པ་མ་ཡིན་ཏེ། རྗེ་བླ་མས། (རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་།༢༠༡༩ རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་དཔེ་བསྡུར་མ། པོད་མ་པ། དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ༣༧༥་ ༡༥

ཡང་དག་པ་མཐོང་བའི་རིགས་ཤེས་ཚད་མས་རྙེད་པ་དང༌། ཡུལ་དེ་ལ་རིགས་ཤེས་ཚད་མ་ཡིན་པ་ནི། དོན་དམ་བདེན་པའི་མཚན་ཉིད་ཡིན་ལ། 

ཞེས་དོན་དམ་བདེན་པ་ཡིན་མིན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མས་རྙེད་པ་དང་མི་རྙེད་པ་ཙམ་གྱིས་མི་ཆོག་གི །དེ་ཁྱོད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བའི་སྒོ་ནས་དེས་ཁྱོད་རྙེད་པ་ཞིག་བྱུང་ན་ཁྱོད་དོན་དམ་བདེན་པ་ཡིན་ལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་ཁྱོད་རྙེད་ཀྱང་། དེ་ཁྱོད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་མ་སོང་ན་ཁྱོད་དོན་དམ་བདེན་པ་མ་ཡིན་པར་གསུངས་སོ།། དེ་ལ་བརྟེན་ནས་པཎ་ཆེན་བསོད་ནམས་གྲགས་པས་དབུ་མའི་མཐའ་དཔྱོད་(བློ་གླིང་པར་མ།༢༠༠༨ པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ། ཇ་པ། དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ། ༢༩༨་ ༡༧) དུ། 

མྱུ་གུ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ལ་བདེན་པ་གཉིས་ཡོད་དེ། ཁྱོད་ཀྱི་ངོ་བོ་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བའི་རྙེད་དོན་དང༌། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ཐ་སྙད་དཔྱོད་བྱེད་དུ་སོང་བའི་རྙེད་དོན་གཉིས་ཡོད་པ་གང་ཞིག །སྔ་མ་དོན་དམ་བདེན་པའི་མཚན་ཉིད་དང༌། ཕྱི་མ་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་པའི་ཕྱིར།

ཞེས་གསུངས་པ་བཞིན། དེ་དོན་དམ་བདེན་པའི་མཚན་ཉིད་དུ་འཇོག་རིགས་པས། ཟུར་སྔ་ཕྱིའི་རྩོད་པ་དེ་མི་འཇུག་གོ་ཞེས་ཀྱང་སྨྲའོ།། ཡང་ན་སྟོང་ཐུན་ཆེན་མོ་(རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་།༢༠༡༩ མཁས་གྲུབ་ཆོས་རྗེའི་གསུང་འབུམ་དཔེ་བསྡུར་མ། པོད་ཁ་པ། སྟོང་ཐུན་སྐལ་བཟང་མིག་འབྱེད། ༣༣༣་༦) ལས། 

དོན་དམ་བདེན་པའི་མཚན་ཉིད། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་དོན་དམ་དཔྱོད་བྱེད་དུ་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་དཔྱོད་བྱེད་དུ་སོང་བ།  ཞེས་པ་ཐལ་རང་གཉི་གའི་ལུགས་ཀྱི་མཚན་ཉིད་སྐྱོན་མེད་ཡིན་ནོ།། 

ཞེས་གསུངས་པ་ལྟར་བཞག་ཀྱང་སྐྱོན་མེད་པར་མ་ཟད། འདི་དག་ཀུན་གྱིས་འཇུག་པར། (སྡེ་བསྟན། དབུ་མ། དབུ་མ་ལ་འཇུག་པ། སློབ་དཔོན་ཟླ་བ་གྲགས་པ། ༢༠༥

དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས།། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར།།

ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ།། མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས།།

ཞེས་པའི་སྐབས་ནས་བསྟན་པའི་མཚན་ཉིད་ཟུར་ཕྱིན་པར་ཚིག་སྐྱོན་བཅད་པའི་སྒོ་ནས་བཞག་པ་ཡིན་པས། ཟུར་སྔ་ཕྱིའི་རྩོད་པ་དེ་འཇུགཔར་མ་མཐོང་ངོ་།། 


རྒྱལ་ཚབ་ཆོས་རྗེའི་བདེན་གཉིས་ཀྱི་མཚན་ཉིད་བཞེད་ཚུལ་དགག་པ་ལ་བརྟག་པ།


ཡང་ཕཎ་ཆེན་པས་རྒྱལ་ཚབ་ཆོས་རྗེའི་བདེན་གཉིས་ཀྱི་མཚན་ཉིད་བཞེད་ཚུལ་འགོག་པ་ན། རོལ་མཚོ་(གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན།༢༤༧་༡༧) ལས།

ཡང་དར་ཊཱིཀ་མཛད་པ་ན་རེ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་དང་། དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་རུང་གང་ཞིག །སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དེ། དེ་གཉིས་པོ་སོ་སོའི་མཚན་ཉིད་དོ།། ཞེས་གསུངས་སོ།། 

ཞེས་དར་ཊཱིཀ་པའི་བདེན་གཉིས་ཀྱི་མཚན་ཉིད་འདི་ལྟར་ཕྱོགས་སྔར་བཀོད་ཀྱང་། རྒྱལ་ཚབ་ཆོས་རྗེའི་བཞེད་པ་དངོས་ནི། རྣམ་བཤད་(རྒྱལ་ཚབ་ཆོས་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༡༩ པོད་ཁ་པ། རྣམ་བཤད་སྙིང་པོ་རྒྱན། ༨༥་ ༡༥) ལས། 

དོན་དམ་བདེན་པའི་མཚན་ཉིད་ནི། རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག །སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པའོ།། ཀུན་རྫོབ་བདེན་པའི་མཚན་ཉིད། རང་ཉིད་དངོས་སུ་རྟོགས་པའི་ཚད་མ་དེས། གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བའི་རིགས་སུ་གནས་པའོ།།

ཞེས་གསལ་བ་ལྟར་རམ། ཡང་ན། སྤྱོད་འཇུག་དར་ཊཱིཀ་(རྒྱལ་ཚབ་ཆོས་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༡༩ པོད་ང་པ། སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ༡༦༩་༢༠) ལས། 

གང་ཟག་དང་ཕུང་པོ་རང་བཞིན་གྱིས་དབེན་པ་མཚན་གཞི། དོན་དམ་བདེན་པར་མཚོན་ལ། རང་ཉིད་དངོས་སུ་རྟོགས་པའི་བློ་མངོན་སུམ་ཚད་མ་དེ་ལ་རང་ཉིད་གཉིས་སུ་སྣང་བའི་སྒོ་ནས་དེའི་སྤྱོད་ཡུལ་དུ་འགྱུར་བ་མིན་པ་གང་ཞིག །རང་འཇལ་བའི་མངོན་སུམ་ཚད་མ་དེས་ཤེས་པར་བྱ་བས་ཡིན་པའོ།།

ཞེས་དོན་དམ་བདེན་པའི་མཚན་ཉིད་དང་། ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱང་དེ་ཉིད་ (… ༡༧༠་༥) ལས། 

གང་ཟག་དང་ཕུང་པོ་མཚན་གཞི། ཀུན་རྫོབ་བདེན་པ་ཡིན་པར་བརྗོད་དེ། རང་ཉིད་དངོས་སུ་རྟོགས་པའི་བློ་མངོན་སུམ་ཚད་མ་དེ་ལ་རང་ཉིད་གཉིས་སུ་སྣང་བའི་སྒོ་ནས་རྟོགས་པར་བྱ་བའོ།།

ཞེས་གསུངས་པ་དེ་གཉིས་གང་ལྟར་ཀྱང་། ཚིག་ཟིན་མི་འདྲ་ནའང་དོན་འདྲ་ན་འགལ་བ་ཆེར་མེད་མོད། ཁྱེད་ཀྱིས་ཕྱོགས་སྔར་བཀོད་པ་འདི་ནི་དོན་ལ་ཡང་ཁྱད་པར་ཤིན་ཏུ་ཆེ་སྟེ། ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་དུ། སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ། ཞེས་པ་མེད་ལ། དེར་ཡོད་པའི་རིགས་སུ་གནས་པ་ཞེས་པ་ཆད་པའི་ཕྱིར། དེ་དག་གི་དོན་ནི་སྔར་བཤད་ཟིན་ཏོ།། 

དར་ཊཱིཀ་པའི་འགོག་པ་ན་དོན་སྐྱོན་དང་། ཚིག་སྐྱོན། ཁས་བླངས་ནང་འགལ་བ་དང་གསུམ་གྱིས་བཀག་སྟེ། རོལ་མཚོ་(༢༤༨་༡) ལས། 

འདི་མི་འཐད་པ་ལ་གསུམ་སྟེ། དོན་ལ་སྐྱོན་འཆགས་པ་དང་། ཚིག་ལ་སྐྱོན་འཆགས་པ་དང་། ཁས་བླངས་ནང་འགལ་བའོ།། 

ཞེས་སོ།།

དེ་ལ་དང་པོ་དོན་སྐྱོན་ནི། རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན།༤༨་༢) ལས།

དང་པོ་ནི། མཚན་ཉིད་དེ་ལྟར་འཇོག་པ་དེ་བདག་ཉིད་ཆེན་པོ་བཟང་པོའི་ཞབས་ཀྱི་བཞེད་པ་ཡིན་པར་ཁས་བླངས་པས། གཟུགས་སྒྲ་ལ་སོགས་པ་ཕྱི་རོལ་གྱི་དོན་རྣམས་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་ཏེ། ལོག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་ཏེ། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་བསྐྱེད་པའི་བློ་ལ་སྣང་ཞིང་། སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཕྱིར། དེ་ཡང་འཇིག་རྟེན་དང་བསྟན་བཅོས་གང་གི་ལུགས་ཡིན་ཀྱང་། ལོག་པའི་ཀུན་རྫོབ་བདེན་པ་ཡིན་ན། དེ་དང་དེའི་ལུགས་ལ་ཡོད་པར་འགལ་དགོས་པའི་ཤེས་བྱེད་མ་གོ་བ་ལས་ནོར་བ་དེ་དང་དེ་བྱུང་བ་ཡིན་ནོ།། རྩ་བར་འདོད་མི་ནུས་ཏེ། ལུགས་འདི་ལ་དོན་ཡུལ་དུ་བྱེད་པའི་མངོན་སུམ་ཁས་མི་ལེན་པའི་ཕྱིར་རོ།། 

ཞེས་ཕྱི་དོན་ཀུན་རྫོབ་བདེན་པ་ཡིན་པར་ལོག་པའི་ཀུན་རྫོབ་བདེན་པ་ལ་བརྟེན་ནས་སྒྲུབ་ཅིང་། དེ་ཡིན་ན་མེད་དགོས་པ་དང་། རང་རྒྱུད་པ་ཕྱི་དོན་མངོན་སུམ་ལ་མི་སྣང་བར་གསུངས་སོ།། 

འདི་ལ་བརྟག་པ་ནི། མཚན་ཉིད་དེ་དག་བཟང་པོའི་ཞབས་ཀྱི་བཞེད་པར་ཁས་བླངས་ཀྱང་། སྐྱོན་འཕངས་པ་དེ་དག་མི་འཇུག་སྟེ། ཕྱི་རོལ་གྱི་དོན་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པ་རྟགས་མ་གྲུབ་ཅིང་།  ཀུན་རྫོབ་ཀྱི་བདེན་པ་ཡིན་པ་དེ་བས་ཀྱང་རྟགས་མ་གྲུབ་པའི་ཕྱིར་ཏེ། ངེད་ཀྱི་ལྟར་ན། ལོག་པའི་ཀུན་རྫོབ་བདེན་པ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ། དེ་ཡིན་ན་ཡོད་པ་ཡིན་དགོས་པའི་ཕྱིར། དེ་དག་གི་དཔྱད་པ་ཡང་སྔར་བཤད་ཟིན་ཏོ།། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་བསྐྱེད་པའི་བློ་ལ་སྣང་ཞིང་། སྣང་བ་ལྟར་དོན་བྱེད་མི་ནུས་པ་ཞེས་པ་ཡང་། ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་མ་ཡིན་ཏེ། ལོག་པའི་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་བདེན་པ་གཉིས་ལ་ཁྱད་པར་ཡོད་པའི་ཕྱིར། འདི་ནི་སྔར་རང་རྒྱུད་པ་རང་ལུགས་ཀྱི་བདེན་གཉིས་རྣམ་གཞག་སྙིང་བསྡུས་བཤད་པ་དེར་བཤད་ཟིན་ཏོ།། ལུགས་འདི་ལ་ཕྱི་དོན་ཡུལ་དུ་བྱེད་པའི་མངོན་སུམ་ཁས་མི་ལེན་པའི་ཕྱིར། ཞེས་པའི་རྟགས་མ་གྲུབ་སྟེ། སེམས་ཙམ་པ་ཕྱི་དོན་མངོན་སུམ་ལ་སྣང་བར་ཁས་བླངས་པ་གང་ཞིག །མཚུངས་པའི་ཕྱིར། དང་པོ་དེར་ཐལ། མདོ་སྡེ་པས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་ལྟར་མི་འཇོག་པར། སེམས་ཙམ་པས། རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་ལ་དོན་ཡོད་པའི་ཕྱིར་དང་། དབང་མངོན་ལ་བག་ཆགས་གསུམ་གྱིས་སྣང་ཚུལ་མི་འདྲ་བ་གསུམ་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། རྣམ་ངེས་ (སྡེ་བསྟན། ཚད་མ། ཅེ་པ། ཚད་མ་རྣམ་པར་ངེས་པ། སློབ་དཔོན་ཆོས་ཀྱི་གྲགས་པ། ༡༦༧ ) ལས།

དེ་ཡང་ཤེས་པ་ཐམས་ཅད་ཀྱི་ཡུལ་བཟློག་པ་ན་བསླད་པ་དང་ཅིག་ཤོས་སུ་ཇི་ལྟར་སྨྲ་སྟེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། ཉེ་བར་བསླད་པའི་བག་ཆགས་མཚམས་སྦྱོར་བ་མེད་པའི་སྐྱོན་གྱིས་མི་མཁས་པས་ཀྱང་ཐ་སྙད་ལ་ཡིད་བརྟན་དུ་མེད་པར་མཐོང་བས་གཅིག་ནི་ཚད་མ་མ་ཡིན་པར་བརྗོད་ལ། གཞན་ནི་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་པ་ནི་ཐ་སྙད་ལ་མི་སླུ་བ་ལ་ལྟོས་ནས་འདིར་ཚད་མ་ཡིན་ནོ།།

ཞེས་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སོགས་པ་འཕྲལ་གྱི་འཁྲུལ་རྒྱུས་བསླད་པ་རྣམས་དེར་སྣང་གི་བག་ཆགས་ཀྱི་མཚམས་སྦྱོར་བ་བརྟན་པོ་མེད་པས་དེ་མ་ཐག་ཕྱིན་ཅི་ལོག་ཏུ་ངེས་ནུས་པས་ཚད་མ་མ་ཡིན་པ་དང་། གཞན་ཆུ་འཛིན་དབང་ཤེས་ལ་སོགས་པ་ནི་སྒྲོ་འདོགས་གསར་དུ་གཅོད་ནུས་ཀྱི་བག་ཆགས་བརྟན་པའི་དབང་ཤེས་ཡིན་པས་ཐ་སྙད་ལ་ཇི་ལྟར་བཞག་པ་ལྟར་མི་སླུ་བ་ལ་བལྟོས་ནས་དེ་ཚད་མར་བཞག་པར་གསུངས་ཤིང་། དེ་ལ་བརྟེན་ནས་འཐད་ལྡན་ཆེ་བ་ (སྡེ་བསྟན། ཚད་མ། ཛེ་པ། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད། སློབ་དཔོན་ཆོས་མཆོག། ༣༩ ) ལས། 

གལ་ཏེ་རྣལ་འབྱོར་སྤྱོད་པའི་གཞུང་ཡང་ཐམས་ཅད་དུ་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །སློབ་དཔོན་གྱིས་རྗེས་སུ་དཔག་པ་ཉིད་གཟུང་བ་ལ་ཕྱིན་ཅི་ལོག་པ་ཉིད་ཡིན་ནོ་ཞེས་བྱ་བ་དང༌། དོན་གྱི་མཐུ་སྟོབས་ཀྱིས་སྐྱེ་པས་རྟོག་པ་མེད་པ་ཉིད་དུ་གསུངས་པར་ཅིའི་ཕྱིར་རྗེས་སུ་འཇུག་པར་མི་བྱེད། དེའི་ཕྱིར་རྣམ་རིག་ཙམ་དུ་སྨྲ་བ་ནི་སློབ་དཔོན་བག་ཆགས་བརྟན་པ་དང་མི་བརྟན་པ་དག་གིས་རྣམ་པར་འཇོག་པ་མཐོང་ལ། འདི་ནི་དོན་མེད་ན་མི་འབྱུང་བ་ལས་ཞེས་དེ་ལྟ་བུ་ལ་སོགས་པ་གསུངས་པ་ན།  ཕྱི་རོལ་གྱི་དོན་གྱི་ཚུལ་ཉིད་བཞེད་པ་ཡིན་ནོ།། དེའི་ཕྱིར་སྔར་བཤད་པ་ཉིད་མ་འཁྲུལ་པའི་དོན་ཡིན་ནོ།།

ཞེས་སེམས་ཙམ་པའི་ལུགས་པ། རྗེས་དཔག་གཟུང་ཡུལ་ལ་འཁྲུལ་བ་དང་། མངོན་སུམ་གཟུང་ཡུལ་ལ་མ་འཁྲུལ་བ་ཡིན་མིན་དོགས་པ་བཀོད་ནས། རྟོག་པ་དང་བྲལ་བ་གཞིར་བྱས་ནས། ཕྱི་རོལ་གྱི་དོན་མེད་ཀྱང་བག་ཆགས་བརྟན་པ་ལས་བྱུང་་ནི་མངོན་སུམ་དང་། རྟོག་པ་་དང་བྲལ་ཡང་བག་ཆགས་བརྟན་པ་ལས་མ་བྱུང་ན་མངོན་སུམ་མིན་པར་གསུངས་པ་འདིས། རྣམ་རིག་པའི་ལུགས་ཀྱི་མངོན་སུམ་གྱི་མཚན་ཉིད་བསྟན་པར་རྗེའི་མངོན་སུམ་ལེའུའི་ཊཱིཀྐ་ལས་གསུངས་པའི་ཕྱིར། དེ་ཉིད་(རྗེ་ཙོང་ཁ་པའི་བཀའ་འབུམ་དཔེ་བསྡུར་མ། པོད་མ་པ། མངོན་སུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ། ༥༣༨་༡༢) ལས། 

རྟོག་པ་དང་བྲལ་བ་ལ་བག་ཆགས་བརྟན་མི་བརྟན་གྱིས་ཁྱད་པར་གྱིས་མངོན་སུམ་ཡིན་མིན་གྱི་རྣམ་དབྱེ་གསུངས་པས་རྣམ་རིག་པའི་ལུགས་ཀྱི་མངོན་སུམ་གྱི་མཚན་ཉིད་ཤེས་ལ། རྟོག་བྲལ་མ་འཁྲུལ་བ་ཕྱི་རོལ་ཁས་བླངས་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ནོ་ཞེས་པའི་དོན་ནོ།། དེ་ལྟར་ན་མདོ་སྡེ་པའི་སྐབས་སུ་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དང༌། རྣམ་རིག་པའི་སྐབས་སུ་བག་ཆགས་བརྟན་བྱུང་གི་རྟོག་བྲལ་གྱི་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཡིན་པ་འགྲེལ་པ་འདིས་རྒྱས་པར་བཤད་པ་འདི་ཉིད་ལེགས་པར་ཤེས་པ་གལ་ཆེ་བར་སྣང་སྟེ།

ཞེས་སོགས་གསུངས་སོ།། སེམས་ཙམ་པ་དེ་ལྟར་ཡོན་མོད་རང་རྒྱུད་པ་དེ་དང་མི་འདྲའོ་ཞེ་ན། དེའི་རྒྱུ་མཚན་སྟོན་ཅིག།

ཡང་པཎ་ཆེན་པས་ཚིག་སྐྱོན་འཕངས་པ་ནི། རྣམ་མཁྱེན་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་དེའི་ཕྱིར། གལ་ཏེ་ཟུར་གཉིས་པ་མ་ཚང་བས་མ་གྲུབ་བོ་ཞེ་ན། ཟུར་སྔ་མ་དེ་ཡིན་པར་་ཁས་བླངས་ལ། དེ་འདོད་མི་ནུས་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། རྟགས་ཁས། དེ་ལྟར་ཡང་རོལ་མཚོ་(གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༤༨་༡༠) ལས།

གཉིས་པ་ནི། དོན་དམ་བདེན་པའི་མཚན་ཉིད་ཀྱི་ཟུར་ཕྱི་མ་དེ་མ་བསྣན་ན་སྐྱོན་ཅི་ཡོད། དེ་ལྟ་ན་རྟོགས་ཡེ་ཆོས་སྐུ་དོན་དམ་བདེན་པར་ཐལ་བས་སོ་ཤེ་ན། འོ་ན་དེ་ཆོས་ཅན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཞེས་འཕངས་ན། ཁྱེད་ཀྱི་ངོར་འཁོར་གསུམ་ཚང་བའི་ཐལ་བ་ཡིན་ནོ།། 

ཞེས་སོ།། 

འདི་ལ་བརྟག་པ་ནི། རྒྱལ་ཚབ་ཆོས་རྗེའི་བཞེད་པ་ལྟར་ན། སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ། ཞེས་པ་རྣམ་མཁྱེན་དོན་དམ་བདེན་པ་བཅད་པའི་ཆེད་དུ་སྦྱར་བ་མ་ཡིན་ཏེ། དེ་ནི་རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཞེས་གསུངས་པ་དེ་ཉིད་ཀྱིས་བཅད་པའི་ཕྱིར་ཏེ། དེའི་བཞེད་པ་ལྟར་ན། རྣམ་མཁྱེན་གྱིས་རྣམ་མཁྱེན་དངོས་སུ་རྟོགས་པར་མི་བཞེད་པའི་ཕྱིར་ཏེ། དེལ་དེ་རྟོགས་ཀྱང་མི་སྣ་ང་བར་བཞེད་པའི་ཕྱིར། དེ་ལྟར་ཡང་སྤྱོད་འཇུག་དར་ཊཱིཀ་ (རྒྱལ་ཚབ་ཆོས་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༡༩ པོད་ང་པ། སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ༡༧༠་༡༡) ལས།

ཁ་ཅིག །དབུ་མ་ལ་འཇུག་པའི་རྣམ་བཤད་ཀྱི་དོན་ཞིབ་ཏུ་མ་རྟོགས་པར། སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་ལ་རང་ཉིད་སྣང་བར་འདོད་པ་ནི་རིགས་པ་དང་འགལ་ཏེ། སྣང་ཚུལ་གཉིས་ལས་མ་འདས་པས། ཐ་དད་དུ་སྣང་ན། སངས་རྒྱས་ཀྱི་ཡེ་ཤེས་སྣང་ཡུལ་ལ་འཁྲུལ་པ་མི་སྲིད་པས། རང་ཉིད་རང་དང་ཐ་དད་དུ་ཁས་ལེན་དགོས་ལ། ཆུ་ལ་ཆུ་བཞག་གི་ཚུལ་དུ་སྣང་ན། དེ་ཉིད་དོན་དམ་བདེན་པར་ཐལ་བ་ལྡོག་ཏུ་མེད་དོ།། སངས་རྒྱས་ཀྱི་ཡེ་ཤེས་རང་ཉིད་ལས་ལྡོག་པ་ཐ་དད་པའི་རང་དང་གྲུབ་བདེ་ངོ་བོ་གཅིག་པ་མཐའ་དག་ལ་སྣང་ནས་རྟོགས་ལ། ཤུགས་རྟོགས་ཀྱི་ཐ་སྙད་འདོགས་སམ་མི་འདོགས་ཀྱང་རུང་རང་ཉིད་ལ་རང་ཉིད་མི་སྣང་ཡང་རྟོགས་པའོ།།

ཞེས་གསུངས་པའི་ཕྱིར། དེའི་གསལ་བར་བཤད་པ་ལ། པཎ་ཆེན་བསོད་ནམས་གྲགས་པས་དབུ་མའི་མཐའ་དཔྱོད་ (བློ་གླིང་པར་མ།༢༠༠༨ པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ། པོད་ཇ་པ། དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ། ༣༠༧་༡༤) ལས།

དེ་ཡང་རྒྱལ་ཚབ་རིན་པོ་ཆེའི་ཐུགས་བཞེད་ཀྱི་གཙོ་བོ་བརྗོད་ན། ཤེས་བྱ་ཆོས་ཅན། རྣམ་མཁྱེན་གྱིས་རྣམ་མཁྱེན་དངོས་སུ་མ་རྟོགས་པར་ཐལ། རྣམ་མཁྱེན་གྱིས་རྣམ་མཁྱེན་རང་ལ་སྣང་བའི་སྒོ་ནས་མ་རྟོགས་པའི་ཕྱིར། དེར་ཐལ། དེས་དེ་གཉིས་སྣང་དང་བཅས་པའི་སྒོ་ནས་མ་རྟོགས་པ་གང་ཞིག དེས་དེ་གཉིས་སྣང་ནུབ་པའི་ཚུལ་གྱིས་ཀྱང་མ་རྟོགས་པའི་ཕྱིར། རྟགས་དང་པོ་དེར་ཐལ། རྣམ་མཁྱེན་རྣམ་མཁྱེན་ལ་གཉིས་སུ་མི་སྣང་བའི་ཕྱིར། དེར་ཐལ། རྣམ་མཁྱེན་རྣམ་མཁྱེན་ལ་རྣམ་མཁྱེན་ལས་གཉིས་སུ་སྣང་བ་མ་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་རྣམ་མཁྱེན་ལ་རྣམ་མཁྱེན་ལས་ཐ་དད་དུ་སྣང་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཁྱོད་རྣམ་མཁྱེན་ལས་ཐ་དད་ཡིན་པར་ཐལ། ཁྱོད་རྣམ་མཁྱེན་ལ་རྣམ་མཁྱེན་ལས་ཐ་དད་དུ་སྣང་བ་གང་ཞིག རྣམ་མཁྱེན་དེ་རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་ཤ ེས་པ་ཡིན་པའི་ཕྱིར།

ཞེས་གསུངས། འོ་ན་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ། ཞེས་ཟུར་གཉིས་པ་སྨོས་མི་དགོས་པར་ཐལ། ཟུར་སྔ་མ་དེ་ཙམ་གྱིས་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱིར་ཞེ་ན། དེ་ལྟར་སྨོས་པ་ལ་དགོས་པ་ཡོད་དེ། ཟུར་གཉིས་པའི་གོ་དོན་ནི་དགག་སྒྲུབ་གཉིས་སུ་ཕྱེ་བའི་སྒྲུབ་པ་ལ་མི་བྱེད་པར་ཀུན་རྫོབ་པའམ་གཉིས་སྣང་ལ་བྱེད་པ་རྣམ་བཤད་ཀྱི་དགོངས་པར་གསུངས་པའི་ཕྱིར་ཏེ། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ (བློ་གླིང་པར་མ།༢༠༠༨ པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ། པོད་ང་པ། ཕར་ཕྱིན་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། ༡༤༨་༧) ལས། 

གཞན་ཡང༌། རྣམ་བཤད་ལས་འདི་ལྟར་གསུངས་པའི་ཟུར་གཉིས་པ་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་ཞེས་པའི་སྒྲུབ་པ་དེ། དགག་སྒྲུབ་གཉིས་སུ་ཕྱེ་བའི་སྒྲུབ་པ་ལ་བྱེད་རིགས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ཀུན་རྫོབ་པའི་རྣམ་པར་རྟོགས་བྱ་ལ་བྱེད་རིགས་པའི་ཕྱིར། དེར་ཐལ། དེ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ལ་བྱེད་རིགས་པའི་ཕྱིར་ཏེ། སྤྱོད་འཇུག་རྣམ་བཤད་ལས། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པར་དེས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད་དུ་གསུངས་པ་དང་གནད་གཅིག་པའི་ཕྱིར། 

ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

འོ་ན་དེ་ལྟར་ན་རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག །དེས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པ། ཞེས་པར་སོང་ཞིང་། དེ་ལྟར་ན་ཟུར་སྔ་མ་ཡིན་ན་ཕྱི་མ་དེ་ཡིན་པས་ཁྱབ་པས། གོ་བ་དམིགས་བསལ་བ་གང་ཡང་མི་ཐོན་པའི་ཕྱིར། ཉེས་པ་སོ་ན་གནས་སོ་ཞེ་ན། དེ་ལ་གོ་བ་ལྷག་པོ་མེད་པ་མ་ཡིན་ཏེ། ྣམ་མཁྱེན་ནི་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་རྟོགས་པས། ཆོས་ཉིད་ཀྱང་ཆོས་ཅན་ཀུན་རྫོབ་པ་བཞིན་དུ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་གཟིགས་སམ་སྙམ་པ་དང་། ཇི་སྙེད་པའི་ཆོས་རྣམས་ཀྱང་ཆོས་ཉིད་བཞིན་དུ་གཉིས་སྣང་ནུབ་པའི་ཚུལ་གྱིས་གཟིགས་སམ་སྙམ་པ་སྟེ། མདོར་ན་གཉིས་སྣང་བཅས་ནུབ་གཉིས་ཀའི་ཚུལ་དུ་གཟིགས་པ་ཡོད་དམ་སྙམ་པའི་དོགས་པ་འབྱུང་སྲིད་པས། དེ་ལྡོག་པའི་དོན་དུ་ཆོས་ཉིད་དོན་དམ་བདེན་པ་དེ་རང་དངོས་སུ་རྟོགས་པའི་མངོན་སུམ་གྱིས་གཟིགས་པ་ན། གཉིས་སྣང་ནུབ་པའི་ཚུལ་གྱིས་མ་གཏོགས་པར། གཉིས་སྣང་དང་བཅས་པའི་ཚུལ་གྱིས་གཟིགས་ཚུལ་མེད་པ་དེ་ཉིད་མཚན་ཉིད་ཟུར་གཉིས་ལྡན་དུ་མཛད་པ་ལ་བརྟེན་ནས་གསལ་པོར་གོ་བའི་དགོས་པ་ཡོད་པའི་ཕྱིར། 

རྣམ་པ་གཅིག་ཏུ་ན། དགེ་ལྡན་མཁས་པ་སྔ་མ་འགའ་ཞིག་འདི་ལྟར། སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་ཞེས་པ་ཞུ་དག་བཀོད་པའི་ཡི་གེ་མ་དག་ཡིན་གྱི། རྣམ་བཤད་མཛད་པའི་གསུང་ཚིག་མིན་ནོ།། ཞེས་་བཞེད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ (བློ་གླིང་པར་མ།༢༠༠༨ པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ། པོད་ང་པ། ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། ༡༠༣་༡༡) ལས། 

ཡང་མཁས་པ་ཁ་ཅིག་ཞུ་དག་པས་བཀོད་པའི་ཡི་གེ་མ་དག་པ་ཡིན་གྱི་ཊཱིཀྐ་བྲིས་མ་དག་པ་ཁ་ཅིག་ཏུ་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དང་རིགས་སུ་གནས་པ་ཞེས་པ་མེད་ལ། སྤྱོད་འཇུག་ཊཱིཀྐར་ཡང་དེ་གཉིས་མི་འབྱུང་བ་ལྟར་བྱ་གསུང་ངོ༌།།

ཞེས་གསུངས་པ་ལྟར་རོ།། འདིའི་ལྟར་ན་ནི། སྔར་གྱི་རྩོད་པའི་གཞི་རང་མེད་དོ།། འོན་ཀྱང་རྒྱལ་ཚབ་ཆོས་རྗེས་རྣམ་མཁྱེན་ལ་རྣམ་མཁྱེན་མི་སྣང་བར་གསུངས་པ་ལ་དགེ་ལྡན་པའི་མཁས་པའི་ཁྲོད་དུའང་འཐད་མི་འཐད་ཀྱི་དཔྱད་པ་མང་དུ་ཡོད་པ་རྣམས་རེ་ཞིག་བཏང་སྙོམས་སུ་གཞག་གོ།

ཡང་པཎ་ཆེན་པས་ཁས་བླངས་འགལ་བའི་སྐྱོན་ལས། ཀུན་རྫོབ་བདེན་པའི་མཚན་ཉིད་དེ་ལ་ཐལ་བ་བ་གསུམ་འཕངས་པ་ནི། རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ནི་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་དངོས་སུ་འཇལ་བའི་བློ་ཡིན་ན་འཛིན་རྣམ་ཡིན་དགོས་པའི་ཕྱིར། གང་ཟག་གི་བདག་མེད་དང་གཟུང་འཛིན་གཉིས་སྟོང་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་མེད་དགག་ཏུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དེ་ལྟར་ཡང་རོལ་མཚོ་(༢༤༨་༡༤) ལས། 

གསུམ་པ་ནི། ཁྱེད་ཀྱིས་ནི་ཡེ་ཤེས་ཆོས་སྐུ་དང༌། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དང་། བདག་མེད་དང་པོ་གཉིས་ཀྱང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་དགོས་པ་དེ་འཕགས་སེང་གི་བཞེད་པར་འདོད་པ་འདི་ལྟར། བཞི་པོ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། འདོད་ནུས་པ་མིན་ཏེ། དང་པོ་སངས་རྒྱས་ནང་ཕན་ཚུན་གྱི་མངོན་སུམ་གྱི་སྤྱོད་ཡུལ་ཁོ་ན་ཡིན་ལ། གཉིས་པ་དེ་དངོས་སུ་འཇལ་བའི་བློ་ཡིན་ན་འཛིན་རྣམ་ཡིན་དགོས་པའི་ཕྱིར་དང༌། ཕྱི་མ་གཉིས་པོ་མེད་དགག་ཏུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། 

ཞེས་སོ།། ཡང་དོན་དམ་བདེན་པའི་མཚན་ཉིད་དེ་ལ་ཐལ་བ་བ་འཕངས་པ་ནི། གང་ཟག་གི་བདག་མེད་དང་གཟུང་འཛིན་གཉིས་སྟོང་གཉིས་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། འཕགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། མཉམ་གཞག་སྣང་བཅས་ཡིན་པར་ཐལ། ཁྱོད་ལ་གཟུང་འཛིན་ཀྱི་གཉིས་སྣང་ཡོད་པའི་ཕྱིར། རྟགས་ཁས། གཞན་ཡང་དེ་ཆོས་ཅན། རྗེས་ཐོབ་ཏུ་ཐལ། རྟགས་སྔ་མ་དེའི་ཕྱིར། དེ་ལྟར་ཡང་རོལ་མཚོ་(༢༤༨་༢༠) ལས།

གཞན་ཡང་གང་ཟག་གི་བདག་མེད་དང་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཆོས་ཅན། དོན་དམ་པའི་བདེན་པར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བདག་མེད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་གཟུང་འཛིན་གཉིས་སྣང་ཡོད་པར་ཁས་བླངས་པས། མཉམ་གཞག་སྣང་བཅས་སུ་ཐལ་བ་དང་། དེ་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་བློ་ཡིན་ན། དེ་འདྲ་དེ་རྗེས་ཐོབ་ཏུ་ཐལ་བ་ཁྱེད་ཀྱིས་བཟློག་པར་ནུས་པ་མ་ཡིན་ནོ།།

ཞེས་སོ།། འདི་དག་ལ་བརྟག་པ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་མི་འཐད་པའི་ཁས་བླངས་ནང་འགལ་བའི་ཐལ་བ་གསུམ་གྱི་དང་པོ་ལ་འདི་ལྟར། ཡེ་ཤེས་ཆོས་སྐུ་གཉིས་སྣང་ཅན་གྱི་བློའི་ཡུལ་ཡིན་པར་ཁས་བླངས་ཀྱང་ དེས་དེ་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པ་ལ་མི་གནོད་དེ། ཁྱེད་ཀྱི་ལྟར་ན། གཉིས་སྣང་ཅན་གྱི་བློ་ཡིན་ན་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཞིག་དགོས་པར་དགོངས་པ་ཡིན་འདུག་ཀྱང་། ཁོ་བོ་ཅག་ནི་སྔར་བཤད་པ་ལྟར་འདིར་གཉིས་སྣང་ཞེས་པ་ཀུན་རྫོབ་ཀྱི་སྣང་བ་ལའང་སྦྱར་ཞིང་། རྣམ་མཁྱེན་ཡང་ཀུན་རྫོབ་བདེན་པ་དང་རང་དངོས་སུ་རྟོགས་པའི་མངོན་སུམ་གྱིས་རང་ཉིད་གཟིགས་པའི་གཟིགས་ངོ་དེར་གཉིས་སྣང་ཡོད་པར་འདོད་པས། སངས་རྒྱས་ལ་གཉིས་སྣང་ཡང་ཡོད་ལ། གཉིས་སྣང་ཅན་གྱི་བློའི་ཡུལ་ཡིན་ན་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པར་མི་འགྱུར་རོ།། དེས་ན་ཐལ་བ་འདི་ལ་ཁྱབ་མེད་ཀྱི་ལན་འདེབས་སོ།། 

ཐལ་བ་གཉིས་པ་ལ། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཞེས་པ་སྔགས་ཀྱི་བརྡ་ཆད་ལྟར་ན་གཉུག་མའི་འོད་གསལ་ལ་གོ་དགོས་པར་སྣང་ཞིང་། དེ་ནི་ཕར་ཕྱིན་ཐེག་པའི་ལུགས་ལ་གཞི་མ་གྲུབ་པས་རྟགས་མ་གྲུབ་ཀྱི་ལན་བྱའོ།། ཡང་རང་རིག་རང་གསལ་ཞེས་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ལ་བྱེད་ན་ནི། ཁྱབ་མེད་ཀྱི་ལན་བྱ་སྟེ། རང་མྱོང་བྱེད་རང་རིག་མངོན་སུམ་གྱིས་དངོས་སུ་རྟོགས་པ་དང་། ཀུན་རྫོབ་ཀྱི་གཉིས་སྣང་དང་བཅས་པའི་རྟོགས་པར་བྱ་བ་མི་འགལ་བའི་ཕྱིར། དེ་བཞིན་དུ་ཤེས་པ་རང་རང་གི་མྱོང་བྱེད་རང་རིག་ལ་ཟེར་བ་ཡིན་ནའང་། རང་རིག་གཉིས་སྣང་བཅས་ནུབ་ཅེས་པའི་གཉིས་སྣང་འདི་མི་འདྲ་བས། སྔ་མ་བཞིན་དུ་ཁྱབ་མེད་ཀྱི་ལན་བྱའོ།། 

ཐལ་བ་གསུམ་པ་ལ། གང་ཟག་གི་བདག་མེད་དང་གཟུང་འཛིན་གཉིས་སྟོང་གཉིས་མེད་དག་ཡིན་པའི་རྒྱུ་མཚན་གྱིས། རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པ་མེད་གསུངས་པ་དེ། མེད་དགག་ཡིན་ན་རྟག་པ་ཡིན་དགོས། རྟག་པ་ཡིན་ན་མངོན་སུམ་ལ་མི་སྣང་བས་ཁྱབ་པ་ལ་དགོངས་པ་ཡིན་ན་ནི། རྟག་པ་གང་ཡིན་མངོན་སུམ་ལ་སྣང་བ་མི་འཐད་ཅེས་པ་མདོ་སྡེ་པའི་ལུགས་ཡིན་གྱི། རང་རྒྱུད་པའི་སྐབས་སུ་དེ་སྣང་བ་ལ་འགལ་བ་མེད་ཅིང་། དེ་ནི་སེམས་ཙམ་པས་ཀྱང་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་སྟོང་ཉིད་མངོན་སུམ་རྟོགས་པ་གང་ཞིག །དེ་རྟག་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གཟུགས་གཟུགས་འཛིན་རྟོག་ོའི་ཞེན་གཞི་ཡིན་པ་དེ་གཟུགས་འཛིན་མངོན་སུམ་ལ་སྣང་བ་གང་ཞིག །དེ་རྟག་པ་ཡིན་པའི་ཕྱིར། མདོ་སྡེ་པས་རྟག་པ་གང་ཡིན་མངོན་སུམ་ལ་མི་སྣང་གསུངས་པ་ཡང་། དེས་རྟག་པ་ཡིན་ན་རྟོག་པས་བཏགས་ཙམ་ཡིན་པས་ཁྱབ་ཅིང་། འདིའི་རྟོག་པས་བཏགས་ཙམ་གྱི་དོན་ཡང་རྟོག་པས་སྒྲོ་བཏགས་པའི་དོན་སྤྱིའི་སྣང་བ་ལ་བརྒྱུད་པར་སྣང་བ་མ་གཏོགས་དེ་མ་བརྒྱུད་པར་འཆར་མི་ཐུབ་པ་ཞིག་ལ་འདོད་པས། དེའི་གནད་ཀྱིས་རྟག་པ་མངོན་སུམ་ལ་སྣང་བ་ཁས་མི་ལེན་ལ། འདིའི་ལུགས་ཀྱིས་རྟོག་པས་བཏགས་ཞེས་པ་དེ་འདྲ་ལ་མི་བྱེད་ཀྱི། རྟོག་པས་བཞག་པ་ལ་བརྟེན་ནས་ཡུལ་དེ་ཡོད་པར་སོང་བ་ཞིག་ལ་བཞེད་པས། དེས་བཞག་ཀྱང་མངོན་སུམ་ལ་མི་སྣང་བ་མི་དགོས་སོ།། ཁྱོད་གཉིས་མངོན་སུམ་ལ་སྣང་ན། དེས་དངོས་སུ་རྟོགས་པ་ན་ཀུན་རྫོབ་ཀྱི་གཉིས་སྣང་ཡོད་པ་མི་འགལ་བ་དེས་ན་ཐལ་བ་འདི་ལའང་ཁྱབ་མེད་ཀྱི་ལན་བྱའོ།། 

ཡང་དོན་དམ་བདེན་པའི་མཚན་ཉིད་ལ་ཐལ་བ་བ་འཕངས་པ་ལ་བརྟག་པ་ནི། རྩ་བའི་ཐལ་འགྱུར་ལ་རྟགས་མ་གྲུབ་ཀྱི་ལན་བྱ་ཞིང་། འོན་ཀྱང་ཁྱེད་འཕངས་པའི་སྐྱོན་གཉིས་མི་འཇུག་སྟེ། སྔ་མ་ལ་འདོད་ལན་དང་། ཕྱི་མ་ལའང་བརྟག་དགོས་པའི་ལན་ཐེབས་པའི་ཕྱིར། དང་པོ་དེར་ཐལ། སྣང་བཅས་སྣང་མེད་ཀྱི་དོན་ཀུན་རྫོབ་ཀྱི་སྣང་བ་ཡོད་མེད་ལ་བྱེད་པ་གང་ཞིག །ཁོ་བོ་ཅག་བདག་མེད་དང་པོ་གཉིས་ཀུན་རྫོབ་བདེན་པར་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། འཇུག་པའི་རྣམ་བཤད་(རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་དཔེ་བསྡུར་མ།༢༠༡༩ པོད་མ་པ། དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ༡༦༡་༡༢) ལས། 

སངས་མ་རྒྱས་པའི་འཕགས་པ་རྣམས་ཀྱིས་ནི་ཤེས་སྒྲིབ་ཀྱི་མ་རིག་པ་མ་སྤངས་པས། རྗེས་ཐོབ་ཀྱི་སྣང་བཅས་ཀྱི་རྟོག་པ་དང༌། མཉམ་གཞག་ཏུ་སྣང་མེད་དུ་འགྱུར་བའི་རེས་འཇོག་ཡོད་ལ། སངས་རྒྱས་རྣམས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་པའི་རྣམ་པ་མངོན་པར་ཏེ་མངོན་དུ་གྱུར་པར་རྫོགས་པར་ཏེ་མ་ལུས་པར་བྱང་ཆུབ་པ་སྟེ་རྟོགས་པའི་ཕྱིར་སེམས་དང་སེམས་བྱུང་གི་རྣམ་རྟོག་གི་རྒྱུ་བ་ཐམས་ཅད་གཏན་ལོག་པས། མཉམ་གཞག་དང་རྗེས་ཐོབ་ཀྱི་སྣང་བའི་རྟོག་པ་ཡོད་མེད་རེས་འཇོག་པ་མེད་དོ།།

ཞེས་སེམས་ཅན་གྱི་གནས་སྐབས་སུ་བདེན་གཉིས་ལས་གཅིག་མངོན་སུམ་དུ་གཟིགས་པ་ན་ཅིག་ཤོས་མ་གཟིགས་པས་མཉམ་གཞག་སྣང་མེད་དང་རྗེས་ཐོབ་སྣང་བཅས་སུ་འཇོག་ཀྱང་། སངས་རྒྱས་པ་ན་བདེན་གཉིས་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པས་མཉམ་རྗེས་རི་གཅིག་ཏུ་གསུངས་པ་ལྟར་ཡིན་པའི་ཕྱིར། རྩ་རྟགས་ཕྱི་མ་ལ་བརྟག་དགོས་པ་དེར་ཐལ། གཟུང་འཛིན་གྱི་གཉིས་སྣང་ཞེས་པ་གཟུང་འཛོན་རྒྱང་ཆད་དུ་སྣང་བ་ལ་ཟེར་ན་ནི། བདག་མེད་གསུམ་ལ་མངོན་སུམ་དུ་མཉམ་པར་གཞག་པ་ན་དེ་མེད་པས་རྟགས་མ་གྲུབ་ཀྱི་ལན་འདེབས་ཤིང་། ཆོས་ཅན་གྱི་སྣང་བ་ལ་ཟེར་ནའང། མཉམ་གཞག་གསུམ་པོ་མེད་དགག་ཡན་གར་བ་འཇལ་བའི་མངོན་སུམ་ཡིན་པས། སྔ་མ་བཞིན་དུ་རྟགས་མ་གྲུབ་ཀྱི་ལན་འདེབས་སོ།། ཀུན་རྫོབ་ཀྱི་སྣང་བ་ལ་ཟེར་ན་ནི། ཁྱབ་པ་མ་ངེས་ཏེ། མཉམ་གཞག་ཡིན་ན་ཀུན་རྫོབ་ཀྱི་སྣང་བ་མེད་མི་དགོས་པའི་ཕྱིར་ཏེ། མཉམ་གཞག་གམ་རྗེས་ཐོབ་ཏུ་འཇོག་པ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་མ་རྟོགས་ཀྱིས་མིན་གྱི། གང་ཟག་གི་བདག་མེད་དང་། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད། ཆོས་ཀྱི་བདག་མེད་ཕྲ་མོ་གསུམ་གང་རུང་མངོན་སུམ་དུ་རྟོགས་པ་ནི་མཉམ་གཞག་ཟག་མེད་དང་། དེ་དག་ལས་གཞན་པའི་ཡུལ་ལ་འཇུག་པ་ནི་རྗེས་ཐོབ་ཏུ་འཇོག་པའི་ཕྱིར། 

ཡང་ན་རིགས་གཏེར་(དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་པར་མ།༢༠༠༧ ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་དཔེ་བསྡུར་མ། པོད་གསུམ་པ། ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས། ༢༩་༢༠) ལས། 

འཕགས་པ་གསུམ་གྱི་མངོན་སུམ་གསུམ།། སློབ་དང་མི་སློབ་སྒོ་ནས་ལྔ།། 

དེ་དག་སྣང་བཅས་སྣང་མེད་ཀྱི།། དབྱེ་བས་གཉིས་གཉིས་རྣམ་པ་བཅུ།། 

ཞེས་གསུངས་པ་དེའི་དར་ཊཱིཀ་(རྒྱལ་ཚབ་ཆོས་རྗེའི་གསུང་འབུམ་དཔེ་བསྡུར་མ།༢༠༡༩ པོད་ཏ་པ། ཚད་མ་རིགས་གཏེར་གྱི་རྣམ་བཤད་ལེགས་བཤད་སྙིང་པོ། ༡༥༨་༤) ལས། 

རྣལ་འབྱོར་མངོན་སུམ་དེ་དག་ཆོས་ཅན། རྣམ་པ་བཅུ་ཡོད་དེ། མཉམ་བཞག་གི་སྟོབས་ཀྱིས་དྲངས་པའི་རྗེས་ཐོབ་ཀྱི་རྣལ་འབྱོར་མངོན་སུམ་སྣང་བཅས་དང་། བདག་མེད་མངོན་སུམ་གྱིས་རྟོགས་བཞིན་པའི་སྣང་མེད་ཀྱི་དབྱེ་བས་འཕགས་པ་གསུམ་པོར་ལ་གཉིས་གཉིས་ཡོད་པའི་ཕྱིར།

ཞེས་ཉན་ཐོས་སློབ་མི་སློབ་གཉིས་དང་། རང་རྒྱལ་མི་སློབ་པ། ཐེག་ཆེན་སློབ་མི་སློབ་ཀྱི་རྣལ་འབྱོར་མངོན་སུམ་ལྔ་པོ་རེ་རེ་ལ་སྣང་བཅས་སྣང་མེད་གཉིས་གཉིས་སུ་ཕྱེ་བ་ལྟར། སྣང་བཅས་དང་སྣང་མེད་ཀྱི་དོན་བདག་མེད་གསུམ་ལས་གཞན་པའི་ཡུལ་གྱི་སྣང་བ་ཡོད་པ་དང་། དེ་གསུམ་གང་རུང་ཁོ་ནའི་རྣམ་པ་ཅན་ཡིན་པར་ཁས་བླངས་ནས། གཉིས་ཀ་ལ་རྟགས་མ་གྲུབ་ཀྱི་ལན་བྱ་ཞིང་། འཇུག་ཊཱིཀ་གི་ལུང་དོན་ཐལ་འགྱུར་བའི་ལུགས་སུ་འགྲེལ་བས་ཆོག་གོ།།   །། (མུ་འགོད།)