༄༅། །རང་རེའི་སྟོན་པ་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་དྲིན་ལན་བསབ་པའི་མདོ་ལས་གསུངས་ཚུལ་ནི། མདོ་དེ་ཉིད་ཀྱི་ལེའུ་བཞི་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེའུ་ (སྡེ་བཀའ།མདོ་སྡེ། ཨ་པ། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་ལེའུ་སྟེ་བཞི་པ། ༡༡༧ ན ༢) ལས།
དེ་ནས་བྱང་ཆུབ་སེམས་དཔའ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས།བྱང་ཆུབ་སེམས་དཔའ་དྲིན་ལན་ཤེས་པ་ནི་བདག་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། བྱང་ཆུབ་སེམས་དཔའ་དྲིན་ལན་བསབ་པ་ནི་སེམས་ཅན་ཕ་རོལ་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པའོ།། ཞེས་བགྱི་ན། དེ་བཞིན་གཤེགས་པ་སྔོན་འཁོར་བ་ན་འཁོར་བའི་ཚེ་ཐོག་མ་དངོས་པོ་ཅིའི་རྒྱུས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སྔོན་གྱི་བསྐལ་པ་གྲངས་མེད་པའི་བར་དུ་སྐྱེ་ཤིར་འཁོར་བ་ན་འཁོར་ཞིང་ལུས་དང་ངག་དང་ཡིད་ཀྱི་ཉོན་མོངས་པའི་ལས་ཆེན་པོས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མྱོང་བར་གྱུར་ཏོ།། འདི་ལྟ་སྟེ། ཨ་ཧ་ཧའི་སེམས་ཅན་དམྱལ་བ་དང་། ཨ་ལ་ལའི་སེམས་ཅན་དམྱལ་བ་དང་། ཨ་ཚ་ཚའི་སེམས་ཅན་དམྱལ་བ་དང་།ཟངས་ཁོལ་མའི་སེམས་ཅན་དམྱལ་བ་དང་། ཟངས་ཁོལ་མ་ཆེན་པོའི་སེམས་ཅན་དམྱལ་བ་དང་། རྡོ་ནག་པོའི་སེམས་ཅན་དམྱལ་བ་དང་། རྡོ་ནག་པོ་ཆེན་པོའི་སེམས་ཅན་དམྱལ་བ་ནས། མེའི་ཤིང་རྟའི་དམྱལ་བའི་བར་དུའོ།། ང་དེའི་ཚེ་ན་མེའི་ཤིང་རྟའི་ དམྱལ་བར་ལྷུང་ནས་གུད་ནས་གཅིག་དང་གཉིས་ཀྱིས་མེའི་ཤིང་རྟ་འདྲེན་ཏེ། དམྱལ་བའི་སྲུངས་མ་ཨ་བང་ནི་ཤིང་རྟའི་སྟེང་ན་འདུག་ཅིང་མིག་བགྲད་སོ་གཙིགས་ཏེ་མེ་འབུད་པ། ཁ་དང་མིག་དང་རྣ་བ་དང་སྣ་ནས་མེ་འབར། དུད་པ་འཐུལ་ཏེ། སྲུངས་མ་དེ་ཡང་ལུས་ཤིན་ཏུ་ཆེ་ཞིང་གནག་ལ། ཤིང་རྟའི་སྟེང་ན་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ལག་པ་ན་ལྕགས་ཀྱི་དབྱུག་པ་ཐོགས་ཏེ་ང་ལ་རྡེག་གོ། དེའི་ཚེ་ང་ན་བའི་སྡུག་བསྔལ་མ་བཟོད་ནས་སྟོབས་ཅི་ནུས་ཀྱིས་ཤིང་རྟ་དྲངས་སོ།། ངའི་གྲོགས་ཤིག་ཉམ་ཆུང་སྟེ་འདྲེན་མ་ནུས་པས་དམྱལ་བའི་སྲུངས་མ་ཨ་བང་གིས་ལྕགས་ཀྱི་མདུང་རྩེ་གསུམ་པ་ཐོགས་ནས་བྲང་དུ་བཙུགས་ཏེ།ལྕགས་ཐོས་བརྡེགས་ནས་ཁྲག་ཆར་པར་བབ་བོ།། དེའི་ཚེ་མི་དེ་ན་བའི་སྡུག་བསྔལ་མི་བཟོད་པས་ན་ཚའི་སྐད་ཆེན་པོ་ཕྱུང་ནས་བར་འགའ་ནི་ཕ་མ་ཞེས་འབོད། བར་འགའ་ནི་ཆུང་མ་བུ་ཞེས་བོས་ཀྱང་ཕན་པ་མེད་དོ།། ང་དེའི་ཚེ་ན་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་བ་མཐོང་ནས་སྙིང་རྗེའི་སེམས་སྐྱེས་སོ།། དེ་ལྟར་སྙིང་རྗེའི་སེམས་ཆེན་པོ་སྐྱེས་པའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། དེ་ནས་སྡུག་བསྔལ་མྱོང་བ་དེའི་ཕྱིར་དམྱལ་བའི་སྲུངས་མ་ཨ་བང་ལ་སྡུག་བསྔལ་མྱོང་བའི་མི་འདི་ལ་སྙིང་རྗེའི་སེམས་ཅུང་ཟད་སྐྱེད་ཅིག། ཅེས་གསོལ་བ་བཏབ་པ་དང་། དམྱལ་བའི་སྲུངས་མ་ཁྲོས་ནས་ཞེ་སྡང་གི་སེམས་སྐྱེས་པས་ལྕགས་ཀྱི་མདུང་རྩེ་གསུམ་པ་ཐོགས་ནས་ངའི་གཉའ་བར་བཙུགས་ནས་དེར་ཚེའི་དུས་བྱས་པས་མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ལས་ཐར་ཏེ་བསྐལ་པ་བརྒྱ་སྙེད་ཀྱི་མི་དགེ་བའི་སྡིག་པ་བྱང་བར་གྱུར་ཏོ།། དེ་ལྟར་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ལས་ཐར་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བའི་རྒྱལ་པོ་ལ་བཀའ་སྩལ་པ། དེའི་ཚེ་མེའི་ཤིང་རྟ་འདྲེན ་པ་དེ་ནི་ད་ལྟར་ང་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པས་མྱུར་དུ་སངས་རྒྱས་སུ་གྲུབ་པར་གྱུར་ཏོ།།
ཞེས་གསུངས་སོ།།