Monday, September 13, 2021

གླུད་ཆོག་མཆོད་སྦྱིན་རྒྱ་མཚོ།


 ༄༅། །རྟམགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས། གླུད་ཆོག་མཆོད་སྦྱིན་རྒྱ་མཚོ་བཞུགས་སོ།།


༄༅།  །གང་གི་ཐུགས་བརྩེས་ཉེར་དགོངས་ནས།། འགྲོ་ཕན་རྟེན་འབྲེལ་སྣ་ ཚོགས་ཐབས།། སྟོན་མཛད་བླ་མ་རྟ་མགྲིན་ལ།། བཏུད་ནས་གླུད་ཆོག་འབྲི་བར་བྱ།། (འདི་ལ་གཉིས། བཅའ་བཤོམ་དང་། ངག་འདོན་ནོ།། དང་པོ་ནི། བསྒྲུབ་བྱའི་ཁ་བཤལ་ཞིང་ཡན་ལག་ལྔ་བཀྲུས་པའི་ཁྲུས་ཆུ་ལ། དྲི་ཆེན། དྲི་ཆུ། སྣབས། རྣ་སྤགས། མིག་འདག །སྙིང་གའི་དྲེགས་པ་སོགས་བསྲེས་པས་ཁུ་བ་བགྱིས་བའི་ཟན། མི་ཕྱུགས་མང་པོའི་ཁ་སྣའི་རླངས་དབུགས་ཀྱིས་འདུག་པར། བསྒྲུབ་བྱ་ཕོ་མོ་གང་ཡིན་ཀྱི་གཟུགས་སྐྱེ་མཆེད་དོད་པ་ཁྲུ་གང་ངམ་མཐོ་གང་ལས་མེ་ཆུང་བ། ཞྭ་གོས་རྒྱན་གྱིས་བརྒྱན་པ། ལག་པ་གཉིས་ང་འོང་གི་ཕྱག་རྒྱར་གྲགས་པ་སྙིང་གར་སྐྱབས་སྦྱིན་གྱི་ཚུལ་དུ་ཡོད་པ་བྱ། འབྱུང་ན་ལྕགས་སམ་ཀུ་བའི་མགོ །མུ་ཏིག་གི་ཀླད་པ་སོགས་གླུད་རབས་ནས་འབྱུང་བ་ལྟང་གནས་སོ་སོར་མཚོན་ཙས་རེ་བཅུག །རྒྱས་པར་སྤྲོ་ན། སྙིང་གར་འབྱུང་བ་ལྔའི་འཁོར་ལོ་བྲིས་སྒྲུབ་བྱས་པ་བཞུག་ཅིང་། ནམ་རྒྱང་མདའ་འཕང་ཕོ་མོའི་གདོང་ཁྲམ་རིས རྣམས་དང་། ་ལྟས་ངན་གྱི་བྱ་སྤུ་སྣ་ཚོགས་ཀྱིས་བརྒྱན། མི་སྤྲོ་ན་མེད་ཀྱང་ཆོག །ནད་པའི་གོས་དྲི་མ་ཅན་ཚངསའམ་དུམ་བུ་བསྐོན། གསེར་དངུལ་སོགས་རིནཔོ་ཆེ་དང༌། གོས་དར། སྣམ་རས། འབྲུ་སྣ། ནད་པས་ལོངས་སྤྱོད་འཕྲོའི་བཟའ་བཏུང་སྣ་ཚོགས། གླུད་ཆུང་། གཏོར་ཆུང༌། ཆང་བུ་རྣམས་ལོ་གྲངས་སམ་ཅི་ལྕོགས་ཀྱིས་མཐའ་བསྐོར། དེའི་ཕྱོགས་བཞིར་གདོན་རིགས་རྣམས་བཞིར་བསྡུས་ཏེ། ཤར་དུ་རྒྱལ་གདོན་བནྡེ་ཞྭ་ཐེབ་དམར་པོ་ཅན། ལྷོར་གཤིན་རྗེའི་གདོན་ཁྲོ་བོའི་རྣམ་པ། ནུབ་ཏུ་བཙན་གྱི་གདོན མི་དམར་པོ། བྱང་དུ་མ་མོའི་གདོན་བུད་མེད་ནག་མོ། བཞི་གའང་ལག་པ་སྦར་མོ་གདང་ནས གླུད་ལ་རྔམས་པའི་རྣམ་པ་ཅན་བྱས་ལ་བཞག། གངོན་གཟུགས་བཞི་པོ་འདི་མ་གྲུབ་ན་མེད་ཀྱང་ཆོག་གོ།     གཉིས་པ་ངག་འདོན་གྱི་རིམ་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། བདག་མདུན་གྱི་ལྷའི་རྣལ་འབྱོར་རྫོགས་པར་བསྒོམ་སྟེ། ཡི་དམ་ཆོས་སྐྱོང་ལ་གཏོར་འབུལ་འཕྲིན་བཅོལ་སོགས་རྒྱས་པང་བྱ་བའམ། མདོར་བསྡུ་ན།)  

       ༈ ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཀུན་རང་བཞིན་སྟོང་པའི་ངང་།། པད་མ་ཉི་མའི་གདན་གྱི་སྟེང་།། རང་ཉིད་རྟ་མགྲིན་སྐུ་མདོག་དམར།། དམར་ལྗང་དཀར་བའི་ཞལ་གསུམ་སྟེང་།། སྐུ་མདོག་ལྗང་ཞུར་རྟ་སྐད་འཚེར།། ཕྱག་དྲུག་རྡོ་རྗེ་ཁ་ཊཱཾ་གྲི།། སྡིགས་འཛུབ་མདུང་ཐུང་རྒྱུ་ཞགས་འཛིན།། གར་དགུའི་ཉམས་རྫོགས་དུར་ཁྲོད་ཀྱི།། ཆས་ཅན་ཞབས་བརྒྱད་གཡས་བཞི་བསྐུམས།། གཡོན་བཞི་བརྐྱངས་པས་ཀླུ་བརྒྱད་བརྫིས།། མེ་དཔུང་འབར་བའི་དབུས་ན་བཞུགས།། ཆེ་བཙན་འགྲན་ཟླ་བྲལ་བར་གྱུར།།     ༈ ༀ་ཧྲཱིཿ པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། (གང་མང་། སྤྲོ་ན་དབང་སྡུད་དང་ལས་སྔགས་ཀྱང་བཟླས་ལ། ཡིག་བརྒྱ། དགེ་བ་བསྔོའོ།།)       

       (གཉིས་པ་ཆོ་ག་དངོས་ལ་རྒྱས་བསྡུས་གཉིས་ལས། དང་པོ་ལ་དྲུག་ལས། དང་པོ་ལ། སྦྱིན་ཡུལ་འགུགས་པ། གླུད་གཏོར་བྱིན་གྱིས་རློབ་པ། བསྔོ་བའི་ཆོ་ག། ཆོས་སྦྱིན་བྱ་བ། མགྲོན་ རང་གནས་སུ་བཏང་བ། མཚམས་བཅད་པ་དང་དྲུག་ལས། དང་པོ་ནི།)     

       ༈ རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་འདོད་རྒྱལ་དམར་པོ་དྲག་ཤུལ་ཅན། ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་བྱུང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སོང་སྟེ། འཆི་བདག་གཤིན་རྗེ་འཁོར་དང་བཅས་པའི་གཙོ་བྱས། གནོད་བྱེད་གདོན་བགེགས་ལན་ཆགས་ཤ་འཁོན་གཉེར་བ་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུག་པར་གྱུར་(པར་བསམས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་བཅས།)    

       ༈ ན་མོ༑ རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ།། ཁྱད་པར་རྟ་མཆོག་རོལ་པའི་ལྷ་ཚོགས་དང་།། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས།། སྔགས་དང་ཏིང་འཛིན་བསླུ་མེད་རྟེན་འབྱུང་གི། བདེན་པའི་མཐུ་ཡིས་དམིགས་ཡུལ་འདི་ཉིད་ལ།། སྔོན་ལས་འཕྲལ་རྐྱེན་དབང་གིས་གནོད་བྱེད་པའི།། གདོན་བགེགས་ལན་ཆགས་ཤ་འཁོན་གཉེར་བ་ཀུན།། སྐད་ཅིག་ཉིད་ལ་གནས་འདིར་མཆིས་པར་གྱུར།། (ཅེས་པ་ལན་གསུམ་མམ་བདུན་སོགས་བརྗོད་པས་དངོས་སུ་ཁུག་པའི་མོས་པ་བརྟན་པོ་བྱ། དེ་དག་ལ་བཀའ་བསྒོ་བའི་བསམ་པས།) 

       ༈ ཧཱུཾ༑ ཞེ་སྡང་གདུག་པའི་སེམས་རྣམས་ཞི་བར་གྱིས།། སྙིང་རྗེ་བྱམས་པའི་སེམས་སུ་ད་བྱོས་ལ།། དགའ་མགུ་རངས་པའི་སེམསམཀྱིས་གཏོར་མ་ལོངས།། ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད།། (ཅེས་བརྗོད་པས་རྣམས་གདུག་སེམས་ཞི་ནས་དགའ་ཞིང་གུས་པས་གཏོར་གླུད་ལེན་པར་བསམ།   གཉིས་པ་གླུད་གཏོར་བྱོན་གྱིས་བརླབ་པ་ནི།)     

       ༈ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། བསྒྲུབ་བྱའི་སྡིག་སྒྲིབ་ནད་གདོན་བར་ཆད་ཆག་ཆེ་ཉམ་ང་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་གླུད་གཏོར་རྣམས་ལ་ཐིམ་པར་གྱུར་(པར་བསམ་ལ། ཆབ་བྲན།     ༈ བསངས་སྦྱངས།) སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿ ཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་གླུད་དང་དཀོར་ཆ་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་ཞིང་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་གླུད་བཟང་མཁོ་རྒུའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དང་ལྡན་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་གྱུར་(པར་བསམས་ལ།) ༀ་ཨཱཿ ཧཱུཾ། (འབྲུ་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ།)     ༈ ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ་བཛྲ་སྤ་ར་ཎ་ཁཾ། (དང༌། སྤྲོ་ན།)     

       ༈ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཿཏེ་བཛྲ་སིདྡྷིི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ། ཨདྱཱ་ནུཏྤནྣ་ཏ་དྷ། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷིི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། (སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱས་བརླབས་ལ།)     ༈ བདག་གི་བསམ་པའི་སྟོབས་དང་ནི།། དེ་བཞིན་གཤེགས་པའི་བྱིན་སྟོབས་དང།། ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།། དོན་རྣམས་གང་དག་བསམ་པ་ཀུན།། དེ་དག་ཐམས་ཅད་ཅི་རིགས་པར།། ཐོགས་པ་མེད་པར་འབྱུང་གྱུར་ཅིག། (བདེན་སྟོབས་བརྗོད། གསུམ་པ་བསྔོ་བའི་ཆོ་ག་ལ་གསུམ། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བསྔོ་བ། གླུད་ཀྱི་རབས་གྱེར་ཏེ་བསྔོ་བ། མགྲོན་རིགས་སྡེ་ཚན་དུ་བྱས་ཏེ་བསྔོ་བའོ།། དང་པོ་ནི། དེ་ནས་ལག་པ་གཡས་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་བསྒྲེང་། གཡོན་མཆོད་སྦྱིན་གྱིས་ཕྱག་རྒྱས་སེ་གོལ་གཏོག་ཅིང་།)     ༈ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། (ཞེས་པ་ཅི་མང་དང༌།)     ༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ།། (དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད།) 

       ༈ གླུད་རྣམས་རེ་རེ་ལས་ཀྱང༌། དེ་འདྲ་བའི་རིན་པོ་ཆེའི་མི་རྒྱན་ཆ་ལུགས་དང་ལྡན་པ་སྟོང་གསུམ་གང་བ་བྱུངབ་དང་། གཏོར་མ་བདུད་རྩིའི་རྒྱ་མཚོ་དང་། དེ་ལས་བྱུང་བའི་འདོད་ཡོན་ལྔ་གནམ་ས་བར་སྣང་གི་ཁྱོན་འགེངས་པ་བྱུང་སྟེ། གདོན་འགེགས་ལན་ཆགས་ཤ་འཁོན་གཉེར་བ་ ཐམས་ཅད་ལ་བྱིན་པས། མགྲོན་རྣམས་ཀྱང་འཐབ་རྩོད་དང་རྒྱལ་ཕམ་སོགས་མེད་པར་སོ་སོའི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་ཞིམ་པ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། སེམས་ཀྱི་ཡུལ་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ། ཇི་ལྟར་འདོད་པའི་རྒྱན་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང་། བཟའ་བ་དང༌། བཅའ་བ་དང་། མྱང་བ་དང་། འདག་པ་དང་། བཏུང་བ་དང་། གཞན་ཡང་དར་ཟབ། རས་ཆེན། སྟག་གཟིག་གི་པགས་པ། གོ་ཁྲབ། གོས་སྣམ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས། འབྲི་གཡག་དང་། རྟ་ཕྱུགས་ལ་སོགས་པའི་གཟུགས་སུ་སྣང་བ་ཐམས་ཅད་དང་། བྲན་ཕོ་དང་། བྲན་མོ་དང༌། ཁང་བཟང་དང༌། སྐྱེད་མོས་ཚལ་ལ་སོགས་པ། མདོར་ན་སོ་སོ་རང་གི་ཡིད་ལ་གང་འདོད་པ་ཐམས་ཅད་བྱུང་སྟེ། དུས་འདི་ནས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་ཟད་པར་མི་འགྱུར་བའི་གཏེར་ལ་ལོངས་སྤྱོད་པར་གྱུར་(པར་བསམ་པ་གལ་ཆེ་ཞིང༌། སྤྲོ་ན་ངག་ཏུའང་བརྗོད།     གཉིས་པ་གླུད་ཀྱི་རབས་གྱེར་ཏེ་བསྔོ་བ་ནི།)     

       ༈ ཀྱཻ༑ ཕ་ནི་གནམ་ལ་ཡ་ང་རྩེ།། མ་ནི་ས་ལ་དོགས་མ་ཡུམ།། དེ་གཉིས་ཚོགས་ལས་བྱུང་བ་ཡི།། འབྲུ་མཆོག་ངར་གྱི་མི་པོ་ཆེ།། ཞོ་ཤའི་སྙིང་ལ་དུང་གི་རུས།། བསེ་ཡི་ཤ་ལ་མཚལ་གྱི་ཁྲག། ཀུ་བའི་མགོ་ལ་ཟེར་མོའི་སྐྲ།། དབང་པོའི་ལག་ལ་ཆུ་སྲིན་སྡེར།། ལུང་ཐང་མིག་ལ་མོ་ཁབ་སྣ།། འགྲོན་བུའི་སོ་ལ་ལེ་བརྒན་ལྕེ།། ལག་གཡས་གསེར་ལ་གཡོན་པ་གཡུ།། རྐང་གཡས་ལྕགས་ལ་གཡོན་པ་ཟངས།། ཟ་འོག་གོས་ལ་རིན་ཆེན་རྒྱན།། ཡིད་ནི་དྲན་པ་ཝ་ལ་ལ།། རུས་ནི་དཀར་མདངས་ཡེ་རེ་རེ།། ཤ་ནི་སྨུག་དང་ཁམ་སེ་ཁམ།། ཁྲག་ནི་དམར་མདངས་བྲེང་སེ་བྲེང་།། དྲོད་ནི་ཚ་མདངས་ལམ་སེ་ལམ།། དབུགས་ནི་འགྱུ་དྭངས་བྲེང་སེ་བྲེང་།། གདོང་ནི་བཀྲག་མདངས་ཡ་ལ་ལ།། སྐྲ་ནི་མཛེས་རྒྱན་བུ་རུ་རུ།། ལག་པ་གཡབ་སྟངས་སི་ལི་ལི།། མིག་ནི་མཐོང་སྟངས་རྒྱངས་ས་རྒྱང༌།། སྣ་ནི་དྲི་ཞིམ་ཆིངས་སེ་ཆིང་།། ཁ་ནི་བཞད་གད་ཡ་ལ་ལ།། ལྕེ་ནི་སྨྲ་སྐད་ཤ་ར་ར།། རྐང་ནི་འགྲོས་སྟབས་ལམ་སེ་ལམ།། གོས་ནི་བཟང་གོས་ལྷབ་མ་ལྷུབ།། བཟའ་བས་ཁ་དྲོ་ཐིབས་སེ་ཐིབ།། ངག་ནི་ཚངས་པ་ལྷ་ཡི་གསུང་།། རང་མིང་ཆོ་འབྲང་ཤ་ར་ར།། ཡར་གྱི་སྒང་བུ་མཐོ་མཐོ་ནས།། གསུང་སྙན་དེ་ནི་ཀྱུ་རུ་རུ།། མར་གྱི་གཤོང་བུ་དམའ་དམའ་ནས།། འགྲོས་བཟང་དེ་ནི་ལྡེམས་སེ་ལྡེས།། ཅོ་ཅོ་དེ་ནི་ལྡིར་ལྡིར་ནས།། སྐྱེས་པ་དམག་ལ་ཆས་པ་འདྲ།། རྒྱུན་རྒྱན་དེ་ནི་བུང་པུང་ནས། །ན་ཆུང་བག་མར་ཆས་པ་འདྲ།། བྲི་བྲི་དེ་ནི་བཀོད་བཀོད་ནས།། སྟག་གཟིག་ཚང་ནས་ཐོན་པ་འདྲ།། སྒོ་གསུམ་ཕུང་ཁམས་སྐྱེ་མཆེད་ཚང་།། མཁོ་རྒུའི་ལོངས་སྤྱོད་བསམ་མི་ཁྱབ།། འདོད་ཡོན་རྣམ་ལྔ་ལྷུན་གྱིས་གྲུབ།། སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི།། མིག་གིས་ཡས་དང་གླུད་ལ་ལྟོས། །རྣ་བ་བརྗོད་པའི་སྒྲ་ལ་ཉོན།། དྲན་པ་བདེན་པའི་དོན་ལ་སོམས།། མི་བས་ལྷག་པའི་གླང་འདི་ལོང༌།། (འདི་ནི་སྣང་སྲིད་སིལ་བུའི་ཀླུང་གི་འཕྱོང་ལས་བཏུས་པའོ།།     གསུམ་པ་མགྲོན་རིགས་སྡེ་ཚན་དུ་བྱས་ཏེ་བསྔོ་བ་ལ། འབྱུང བ་དང་སྦྱར་ཏེ་གདོན་སྤྱིར་བསྔོ་བ། སྤར་ཁའི་གདོན་ལ་བྱེ་བྲག་ཏུ་བསྔོ་བ། ཕྱོགས་བཅུའི་གདོན་ལ་སྒོས་སུ་བསྔོ་བ། དྲེགས་པའི་ཚོགས་ལ་ཁྱད་པང་དུ་བསྔོ་བ་དང་བཞི་ལས། དང་པོ་ནི།)     

       ༈ ཀྱཻ༑ སྲིད་གསུམ་འདི་ན་གང་ཡང་རུང་།། འདི་ན་གནས་པའི་གདོན་བགེགས་རྣམས།། ཚུར་ཤོག་རྒྱལ་བའི་བཀའ་ལ་ཉོན།། འབྲུ་མཆོག་ངར་གླུད་ཡ་མཚན་ཅན།། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད།། བཅོམ་ལྡན་ཤཱཀྱ་ཐུབ་པས་མཛད།། ད་ལྟར་རྒྱུ་སྦྱོར་ཡོན་བདག་གླུད།། རིག་འཛིན་སྔགས་འཆང་བདག་གིས་གཏོང༌།། གླུད་བདག་ཐམས་ཅད་ཀླུང་ལོང་ཞིག། ཡས་ཀྱི་བདག་པོ་ཡས་བཞེས་ཤིག། བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། རྣམ་ཤེས་གླུད་འདི་མཁའ་ལ་གཏོང་།། མཁའ་ལ་གནས་པའི་ལྷ་འདྲེ་རྣམས།། གླུད་དང་གཏོར་མ་འདི་ལོང་ལ།། སེམས་ལ་གནོད་པ་མ་བྱེད་ཅིག། བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། དབུགས་ཀྱི་གླུད་འདི་རླུང་ལ་གཏོང་།། རླུང་ལ་གནས་པའི་ལྷ་འདྲེ་རྣམས།། གླུད་དང་གཏོར་མ་འདི་ལོང་ལ།། དབུགས་ལ་གནོད་པ་མ་བྱེད་ཅིག། བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། དྲོད་ཀྱི་གླུད་འདི་མེ་ལ་གཏོང་།། མེ་ལ་གནས་པའི་ལྷ་འདྲེ་རྣམས།། གླུད་དང་གཏོར་མ་འདི་ལོང་ལ།། དྲོད་ལ་གནོད་པ་མ་བྱེད་ཅིག། བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། ཁྲག་གི་གླུད་འདི་ཆུ་ལ་གཏོང་།། ཆུ་ལ་གནས་པའི་ལྷ་འདྲེ་རྣམས།། གླུད་དང་གཏོར་མ་འདི་ལོང་ལ།། ཁྲག་ལ་གནོད་པ་མ་བྱེད་ཅིག། བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། ཤ་ཡི་གླུད་འདི་ས་ལ་གཏོང་།། ས་ལ་གནས་པའི་ལྷ་འདྲེ་རྣམས།། གླུད་དང་གཏོར་མ་འདི་ལོང་ལ།། ཤ་ལ་གནོད་པ་མ་བྱེད་ཅིག། བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། རུས་ཀྱི་གླུད་འདི་བྲག་ལ་གཏོང་།། བྲག་ལ་གནས་པའི་ལྷ་འདྲེ་རྣམས།། གླུད་དང་གཏོར་མ་འདི་ལོང་ལ།། རུས་ལ་གནོད་པ་མ་བྱེད་ཅིག། བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། པགས་པའི་གླུད་འདི་ཐང་ལ་གཏོང་།། ཐང་ལ་གནས་པའི་ལྷ་འདྲེ་རྣམས།། གླུད་དང་གཏོར་མ་འདི་ལོང་ལ།། པགས་ལ་གནོད་པ་མ་བྱེད་ཅིག། སྔོན་ཚེ་བདེན་པའི་བྱིན་རླབས་དང༌།། ད་ལྟ་རྒྱུ་སྦྱོར་སྦྱིན་བདག་གི། བསམ་པ་རྣམ་པར་དག་པ་དང༌།། རྣལ་འབྱོར་དམ་ཚིག་ལྡན་པ་ཡི།། ལྷག་བསམ་དག་པས་ལེགས་བཤམས་པའི།། མཆོད་གཏོང་ངར་གླུད་འདི་བཞེས་ལ།། རྣལ་འབྱོར་བདག་ཅག་ཡོན་མཆོད་རྣམས།། ཁྲས་ལ་བབས་ན་ཁྲམ་ཁ་ཕྱིས།། ཤོ་ལ་བབས་ན་ཤོ་དེ་སྤོར།། རྩིས་ལ་བབས་ན་རྩི་ཁ་ཕྱུང་།། རྒྱན་ལ་བབས་ན་རྒྱན་དེ་སྦོས།། བཟུང་བ་ཐོང་ལ་བཅིངས་པ་ཁྲོལ།། བདུད་ཀྱི་དལ་ཁ་ཕྱིར་སྒྱུར་ཅིག། (ཆོ་གའི་ཚིག་འདི་རྣམས་ཕ་དམ་པའི་ལུགས་ཀྱི་གླུད་ཆོག་ལས་འབྱུང་བའོ།།     གཉིས་པ་སྤར་ཁའི་གདོན་ལ་བྱེ་བྲག་ཏུ་བསྔོ་བ་ནི།)     

       ༈ ཧཱུཾ༑ ལྷོ་ཕྱོགས་སྤར་ཁ་ལི་ཐོག་ན།། བཙན་དང་གྲེ་བོ་བསྡོངས་པའི་གདོན།། ལྷོ་ནུབ་སྤར་ཁ་ཁོན་ཐོག་ན།། ས་བདག་བུ་བདག་བསྡོངས་པའི་གདོན།། ནུབ་ཕྱོགས་སྤར་ཁ་དྭ་ཐོག་ན།། བདུད་དང་སྐྱེས་བུ་བསྡོངས་པའི་གདོན།། ནུབ་བྱང་སྤར་ཁ་ཁེན་ཐོག་ན།། རྒྱལ་པོ་ཐེ་བྲང་བསྡོངས་པའི་གདོན།། བྱང་ཕྱོགས་སྤར་ཁ་ཁམ་ཐོག་ན།། ཀླུ་དང་མ་མོ་བསྡོངས་པའི་གདོན།། བྱང་ཤར་སྤར་ཁ་གིན་ཐོག་ན།། རྦད་འདྲེ་དཀོར་འདྲེ་བསྡོངས་པའི་གདོན།། ཤར་ཕྱོགས་སྦར་ཁ ཟིན་ཐོག་ན།། ཀླུ་དང་རྒྱལ་པོ་བསྡོངས་པའི་གདོན།། ཤར་ལྷོ་སྤར་ཁ་ཟོན་ཐོག་ན།། རྒྱལ་འགོང་སྨྱོ་འདྲེ་བསྡོངས་པའི་གདོན།། སྤར་ཁ་བརྒྱུད་ཀྱི་གདོན་རྣམས་ཀྱིས།། དམིགས་ཡུལ་འདི་ལ་གནོད་སྲིད་ན།། གླུད་གཏོར་དཀོར་ཆ་འདི་བཞེས་ལ།། ནད་དང་གདོན་ལས་གྲོལ་བར་མཛོད།།     (གསུམ་པ་ཕྱོགས་བཅུའི་གདོན་ལ་སྒོས་སུ་བསྔོ་བ་ནི།)     

       ༈ ཧཱུཾ༑ སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་དང་།། ཤར་ཕྱོགས་རྒྱལ་པོ་དྲི་ཟའི་གདོན་།། ལྷོ་ཕྱོགས་གྲུལ་བུམ་གཤིན་རྗེའི་གདོན།། ནུབ་ཕྱོགས་ཀླུ་ཡི་གདོན་གྱི་ཚོགས།། བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་དང༌།། མཚམས་བཞི་མེ་ལྷ་སྲིན་པོ་རླུང༌།། དབང་ལྡན་འོག་ཕྱོགས་ས་བདག་གདོན།། ཕྱོགས་བཅུའི་གདོན་ཚོགས་ཁྱེད་རྣམས་ཀྱིས།། དམིགས་ཡུལ་འདི་ལ་གནོད་སྲིད་ན།། ནམ་མཁའ་མཛོད་དུ་བྱིན་བརླབས་པའི།། གླུད་གཏོར་དཀོར་ཆ་འདི་བཞེས་ལ།། ནད་དང་གདོན་ལས་གྲོལ་བང་མཛོད།། (སྔ་མ་འདི་གཉིས་སློབ་དཔོན་སྒེག་པའི་རྡོ་རྗེའི་མན་ངག་བླ་བླུའི་ཆོ་ག་ལས་ཚིག་སྣ་བསྡུས་པའོ།།     བཞི་པ་དྲེགས་པའི་ཚོགས་ལ་ཁྱད་པར་དུ་བསྔོ་བ་ནི།)     

       ༈ ཧཱུཾ༑ ཡ་མཱནྟ་ཀ་མན་ཆད་ནས།། གཤིན་རྗེ་ཕྲ་མོ་ཡན་ཆོད་ཀྱི།། གཤིན་རྗེའི་རིགས་གྱུར་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ རྒྱལ་པོ་པེ་ཧར་མན་ཆོད་ནས།། རྒྱལ་ཕྲན་ཕྲ་མོ་ཡན་ཆོད་ཀྱི།། རྒྱལ་པོའི་རིགས་གྱུར་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ བཙན་རྒོད་ཆེན་པོ་མན་ཆད་ནས།། ལུང་བཙན་པྲ་མོ་ཡན་ཆོད་ཀྱི།། བཙན་གྱི་རིགས་གྱུར་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ བདུད་ཆེན་ནག་པོ་མན་ཆད་ནས།། བདུད་ཕྲན་ཕྲ་མོ་ཡན་ཆོད་ཀྱི།། བདུད་ཀྱི་རིགས་གྱུར་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ རྡོ་རྗེ་ལེགས་པ་མན་ཆད་ནས།། འགོང་པོ་ཕྲ་མོ་ཡན་ཆོད་ཀྱི།། འགོང་པོའི་རིགས་གྱུར་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ གཟའ་ཆེན་རཱ་ཧུ་ཡན་ཆད་ནས།། གཟའ་ཕྲན་ཕྲ་མོ་ཡན་ཆོད་ཀྱི།། གཟའ་ཡི་རིགས་གྱུར་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ ལྷ་མོ་བསྟན་མ་པན་ཆད་ནས།། བསྟན་མ་བཅུ་གཉིས་ཡན་ཆོད་ཀྱི།། བོད་ཁམས་གཞི་བདག་འཁོར་བཅས་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ བགེགས་ཆེན་བརྒྱད་ཅུ་མན་ཆད་ནས།། མཁའ་ལ་རྒྱུ་བ་ཡན་ཆོད་ཀྱི།། བགེགས་ཚོགས་འབྱུང་པོ་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། ཧཱུཾ༑ གྲེ་བོ་གྲི་མོ་མན་ཆད་ནས།། ཤི་འདྲེ་གསོན་འདྲེ་ཡན་ཆོད་ཀྱི།། དགྲ་འདྲེའི་རིགས་གྱུར་ཐམས་ཅད་ལ།། གླུད་གཏོར་གཙང་མ་འདི་འབུལ་གྱི།། བསྒྲུབ་བྱ་ནད་ལས་གྲོལ་གྱུར་ཅིག། (གླུད་ཁ་བསྒྱུང་ལ།) བསྔོ་འོ་གཏོང་ངོ་གླུད་འདི་གཏོང་།། བསྒྲུབ་བྱའི་ལུས་ངག་ཡིད་གསུམ་གྱི།། ནད་གདོན་མ་ལུས་ཞི་གྱུར་ཅིག། མི་ལས་དགའ་བའི་གླུད་གཏོར་འདི།། བཀའ་སྡོད་དམ་ཅན་མན་ཆོད་ནས།། འདྲེ་ངན་ཕྲ་མོ་ཡན་ཆོད་ཀྱི།། ཆེ་འབྲིང་ཆུང་གསུམ་ཐམས་ཅད་ལ།། ནད་པའི་ཚབ་ཏུ་གླུད་འདི་བསྔོ།། མི་འདི་ནད་ལས་གྲོལ་གྱུར་ཅིག། དུས་གསུམ་སངས་རྒྱས་ཐམས་ཅད་དང༌།། པདྨའི་བཀའ་ལ་མ་འདའ་བར།། མི་འདི་ནད་ལས་གྲོལ་གྱུར་ཅིག། ཁྱེད་རྣམས་གླུད་འདིས་ཚིམ་གྱུར་ཅིག། (འདི་ནི་སྤྲུལ་སྐུ་བསྟན་གཉིས་གླིང་པར་སློབ་དཔོན་ཆེན་པོས་ཞལ་དངོས་སུ་བསྟན་ནས་གནང་བའོ།།     བཞི་པ་ཆོས་ཀྱི་སྦྱིན་པ་བྱ་བ་ནི།)     

       ༈ སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། སྐར་མ་རབ་རིབ་མར་མེ་དང༌།། སྒྱུ་མ་ཟིལ་པ་ཆུ་བུར་དང༌།། རྨི་ལམ་གློག་དང་སྤྲིན་ལྟ་བུང།། འདུས་བྱས་ཆོས་རྣམས་དེ་ལྟར་ལྟ།། རང་གི་ལུས་ལ་དཔེ་ལོང་ལ།། གཞན་ལ་གནོད་པ་མ་བྱེད་ཅིག། པན་པའི་འབྲས་བུ་བདེ་བ་དང་།། གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང༌།། ས་བོན་ཚ་བ་རྣམས་ལས་ནི།། འབྲས་བུ་ཚ་བ་སྐྱེ་འགྱུར་ཞིང་།། ས་བོན་མངར་བ་བཏབ་པ་ལས།། འབྲས་བུ་མངར་བ་སྐྱེ་བར་འགྱུར།། དཔེ་དང་བཅས་པའི་ཆོས་བཤད་པ།། ཁྱེད་རྣམས་ཀྱིས་ནི་ཤེས་པར་གྱིས།། ( ཞེས་སོགས་བརྗོད།     ལྔ་པ་གནོད་བྱེད་རང་གནས་སུ་བསྐྲད་པ་ནི།)     

       ༈ ན་མོ༑ རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ།། ཁྱད་པར་རྟ་མཆོག་ངོ ལ་པའི་ལྷ་ཚོགས་དང༌།། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས།། སྔགས་དང་ཏིང་འཛིན བསླུ་མེད་རྟེན་ཁབྱུང་གི། བདེན་པའི་མཐུ་ཡིས་དམིགས་ཡུལ་འདི་ཉིད་ལ།། སྔོན་ལས་འཕྲལ་རྐྱེན་དབང་གིས་གནོད་བྱེད་པའི།། གདོན་བགེགས་ལན་ཆགས་ཤ་འཁོན་གཉེར་བ་ཀུན།། གླུད་གཏོར་དཀོར་ཆ་འདི་ཡིས་ཚིམ་བྱོས་ལ།། གནོད་པའི་སེམས་སྦྱོང་ཕན་པའི་སེམས་ལྡན་པས།། རང་རང་སོ་སོའི་གནས་སུ་ད་སོངས་ཤིག། གལ་ཏེ་མི་འགྲོ་གནོད་ཅིང་འཚེ་བྱེད་ན།། ཡེ་ཤེས་རྡོ་རྗེས་འཇོམས་པར་འགྱུར་ཏ་རེ།།      ༈ སུམྦྷ་ནི་སུམྦྷ་ཧཱུཾ། གྲིཧྞ་གྲིཧྞ་ཧུཾ། གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱ་ན་བིདྱཱ་རཱ་ཛཱ་ཧུཾ་ཕཊ། (སོགས་དྲག་ཏུ་བརྗོད། གུ་གུལ་གྱིས་བདུག། ཡུངས་ཐུན་གྱིས་བྲབས། རོལ་མོའི་སྒྲ་དྲག་པོ་བཅས་གླུད་ཡས་རྣམས་གནོད་ཕྱོགས་སུ་བསྐྱལ། སྐྱེལ་མིས་ཕྱི་མིག་མི་བལྟ་བ་གལ་ཆེའོ།།       དྲུག་པ་མཚམས་བཅད་པ་ནི།)     

       ༈ རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས།། རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་གིས།། ཡོངས་སུ་བསྐོར་བའི་བསྲུང་བའི་འཁོར་ལོ་རུ།། བདག་དང་བསྲུང་བྱ་ཐམས་ཅད་ཚུད་པང་གྱུར།། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། (ཞེས་བསྲུང་འཁོར་བསྒོམ། བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།།) 


       (གཉིས་པ་མདོར་བསྡུས་པའི་ཆོ་ག་ནི། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བསྔོ་བ་ཡན་ཆད་སྔར་ལྟར་ལ། དེ་ནས་འབྱུང་བ་དང་སྦྱར་ཏེ་གདོན་སྤྱིར་བསྔོ་བ་དང༌། དྲེགས་པའི་ཚོགས་ལ་ཁྱད་པར་དུ་བསྔོ་བ་གཉིས་ཀའམ་གང་མོས་སྦྱར་བའི་མཐར། ཆོས་སྦྱིན་མན་ཆད་གོང་བཞིན་བགྱིས་པས་ཆོག་གོ། གསུམ་པ་ནི། མདུན་བསྐྱེད་དང་འབྲེལ་མིན་དང་སྒོ་བསྟུན་པའི་རྗེས་ཆོག་རྣམས་དཀྱུས་ལྟར་བྱའོ།། 

       གཏོ་མདོས་གླུད་ལ་སྡེ་སྣོད་སྦྱང་པ་འགས།། བདེ་བར་གནས་དུས་རྙིང་བོན་ཆོ་ག་ཞེས།། སྐྱུག་བྲོ་བྱེད་ཀྱང་རྐྱེན་གྱིས་གཙེས་པའི་ཚེ།། བརྒྱ་སྟོང་ཁྲི་འབུམ་འབད་པས་སྒྲུབ་པ་མཐོང་།། ཀུན་སློང་ངན་ན་སྡེ་སྣོད་སྦྱང་བ་ཡང་།། ཅིར་འགྱུར་ཤེས་དཀའ་སྙིང་རྗེ་བྱང་སེམས་ཀྱིས།། ཟིན་ན་འདི་ཡང་རྒྱལ་ སྲས་སྤྱོད་པ་ཡི།། གྲངས་སུ་མི་འགྲོའི་སྒྲུབ་བྱེད་ཅི་མཆིས་སྟོན།། བྱམས་དང་སྙིང་རྗེས་ཀུན་བསླང་གནོད་བྱེད་ལ།། ཟང་ཟིང་གླུད་དང་ཆོས་ཀྱི་སྦྱིན་པ་བཏང་།། དེའི་མཐུས་ཉམ་ཐག་ནད་གདོན་འཇིགས་པ་ལས།། སྐྱོབ་ཕྱིར་སྦྱིན་པ་རྣམ་གསུམ་འདི་ལ་ཚང་།། སེམས་ཅད་མགུ་བྱ་མ་གཏོགས་སངས་རྒྱས་རྣམས།། དགྱེས་ཐབས་གཞན་མེད་གསུངས་ཕྱིང་གནོད་བྱེད་ལ།། མཁོ་རྒུའི་ལོངས་སྤྱོད་བྱིན་ནས་མགུ་བྱེད་པ།། རྒྱལ་རྣམས་དགྱེས་པའི་མཆོད་པར་ཅིས་མི་འགྱུར།། ཐོག་མཐའ་གཉིས་སུ་སེམས་བསྐྱེད་བསྔོ་བས་ཟིན།། བར་དུ་ རྫས་སྔགས་ཏིང་འཛིན་ནུས་པས་སྤྲུལ།། ཀུན་ཏུ་ཡང་དག་ལྟ་བས་རྒྱས་བཏབ་ན།། ཚོགས་གཉིས་བསོགས་པའི་ཐབས་མཁས་མཆོག་ཏུ་འགྱུར།། གླུད་ཆོག་མཆོད་སྦྱིན་རྒྱ་མཚོ་སྤེལ་བས་བདག། རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་ཏེ།། ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་དབང་ཐོབ་ནས།། འཁོར་བ་སྡུག་བསྔལ་རྒྱ་མཚོ་སྐེམ་བྱེད་ཤོག། འདི་ཡང་དྷརྨ་བཛྲ་གྱིས།། རྟ་མགྲིན་ཆོས་སྐོར་ཡན་ལག་ཏུ།། སྦྱར་བའི་ཡི་གེའི་འདུ་བྱེད་མཁན།། དགེ་སློང་བློ་བཟང་ཀུན་དགའ་ཡིན།།     །།) 

Wednesday, September 8, 2021

མདོ་ཚན་བཅུ་བདུན་གྱི་སྡོམ།


༄༅།  །ནམོགུརུམུཎིཨིནྡྲཡ། 

ཉིན་མཚན་གནས་པ་དེའི་དང་ལས་ལ་བཞི།།

སྤང་བ་དེ་ནི་རབ་བྱུང་ཆོས་གོས་བཞི།།

འདི་ལ་རྗེས་ཞུགས་རང་བཞིན་ལས་ཉམས་དང་།།

དེ་ཡོད་ཞག་བདུན་ལྟུང་བ་དེ་ཡོད་ལྔ།།

ཆུང་ཉིད་དགེ་འདུན་གྱིས་དང་མེད་གཙོ་གསུམ།།

འདི་གསུམ་ཞེས་ཏེ་དུས་བདག་ཤན་དང་ནི།།

ཕྱིར་བཅོས་སྤང་བ་དང་པོ་གསུམ་འབྲེལ་རིམ།།

མདོ་ཚན་བཞི་བཞི་ལྔ་གསུམ་གཅིག་གིས་འཆད།།


དགོས་པ་མདོར་བསྡུས་ཚིག་བསྐྱུང་གཉིས་ཚོགས་གསུམ།།

མདོ་ཚན་བདུན་དང་གསུམ་དང་བདུན་རིམ་བཞིན།།

དེའི་དང་པོ་ནི་ལས་ལ་རབ་ཏུ་བྱུང་།།

རང་བཞིན་ཞག་བདུན་ཆུང་བ་དགེ་འདུན་གྱིས།།

ཆོས་གོས་འདི་ལ་འདི་གསུམ་ཚིག་བསྐྱུང་ངོ་།།

ཉིན་མཚན་གནས་པ་སྤང་བ་དེ་ནི་བསྔོས།།

དེ་ཡོད་ལྟུང་བ་དེ་ཡོད་འདི་ལ་མེད།།


འདི་ཡང་ཤྲཱི་མིང་པས་སོ།།





Tuesday, September 7, 2021

ལུས་ངག་ཡིད་གསུམ་བཅིངས་གྲོལ་གྱི་གཟུངས།


༄༅།  །རྒྱ་གར་སྐད་དུ། ཀཱ་ཡ་ལྤ་ཀི་ཙི་པྲི་ཏ་སྟམྦྷ་ན་བི་ཛ་ཡ་དྷཱ་ར་ཎི། བོད་སྐད་དུ། ལུས་ངག་ཡིད་གསུམ་བཅིངས་པ་ལས་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། རྣམ་པར་རྒྱལ་བའི་ཁང་པའི་གནས་སུ། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། ཀྱེ་བཙུན་པ་བཅོམ་ལྡན་འདས་ཁྱེད་ནི་ཐམས་ཅད་མཁྱེན་པའི་གཙོ་བོ། ལྷ་མ་ཡིན་གྱིས་བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་ཁྱོད་ཀྱིས་ང་ལ་གང་དག་ཞུ་བ་དེ་ལེགས་སོ།། དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་བཟུང་སྟེ། འདི་ཉིད་ལ་ནན་ཏན་དུ་གྱིས་ཤིག། གང་དག་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་དེ་ལ་ནི་ནམ་ཡང་བདེ་བའི་སྐབས་མི་འབྱུང་བས། རིག་སྔགས་འདིའི་མཐུ་དང་། ཏིང་ངེ་འཛིན་གྱི་ནུས་པ་དང་ལས་ཚོགས་གཉིས་ལས་བྱུང་བའི་འབྲས་བུ་ཐམས་ཅད་ཉམས་པར་བྱ་བའི་ཕྱིར་དང་། བསོད་ནམས་དང་། བདེ་པའི་འབྲས་བུ་ནམ་ཡང་འབྱུང་བར་མི་འགྱུར་ཏེ། འདི་ལྟར་ཉི་མ་འོད་ཟེར་ཕུན་སུམ་ཚོགས་པར་གྱུར་ཀྱང་། སྤྲིན་གྱི་དབང་དུ་བྱས་པ་བཞིན་ནོ།། དེ་བས་ན་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བར་བྱེད་པའི་ཐབས་ལ་བརྩོན་པར་བྱའོ།། དེ་ལྟར་བྱས་ན་བཅིངས་པའམ་མནན་པ་ལས་གྲོལ་བར་འགྱུར་ཏེ། སྒྲོན་མེའི་འོད་ཀྱིས་མུན་པ་སེལ་པའམ། མེ་ལྕེའི་ནུས་པས་ནགས་ཐམས་ཅད་སྲོག་པའམ། སེངྒེའི་སྐད་གྱིས་རི་དྭགས་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། རིགས་སྔགས་ཆེན་མོ་འདིའི་བྱིན་རླབས་ཀྱིས་བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་དོ།། དེའི་གོ་རིམ་ནི་འདི་ཡིན་ནོ།། ཨོཾ་ཧྲཱིཿ  བཛྲ་ཛྭ་ལ་སརྦ་ཀརྨ། བདག་གི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་དང་། བཅིངས་པ་དང་། མནན་པ་དང་། ནུས་པ་བཤིག་པ་ཐམས་ཅད་གྲོལ་པར་གྱུར་ཅིག། ཨོཾ་བཛྲ་ཙྪིནྡྷ་ཡ་ཧ་ཧེ་ཧཱུཾ་ཕཊ། གཞན་གྱི་སྦྱོར་བ་ངན་པ་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག། ཨོཾ་མ་མ་སརྦ་བྷི་དྷ་བྷི་དྷ། ཛ་ཡེ་ཛ་ཡེ། བི་ཛ་ཡེ་བི་ཛ་ཡེ། ཨི་ཛ་ཏ་ཨ་པ་ར་ཛི་ཏ་ཡེ་མ་མ་བྷེ་སྷྱ་པྲ་མརྡྷ། ཧ་ཡེ་མ་མ་ཧཱུཾ་ཕཊ། གཞན་གྱིས་མི་ཐུབ་པའི་རིག་སྔགས་ཆེན་མོ་འདི་གང་དག་ལ་སྡང་བ་དང་། ལོག་པར་སེམས་པ་ཐམས་ཅད་ཞི་བར་གྱུར་ཅིག། ཨོཾ་ཤནྟིངྐ་རི་ནི་ཡེ་མ་མ་བཛྲ། ཛྙཱ་ན་པྲ་མ་ཡཙྪ་ཡཾ། མ་མ་བྷི་དྷ་ར་ཡ། ཧ་ཧ་ཧེ་ཧེ་ཧི་ཧི་ཧཱུཾ་ཧཱུཾ། པྲ་ཀ་ར་ན་སརྦ་ཙ་ལ་སརྦ་བཛྲ་རཀྵཿ  རཀྵཿ  ཕཊ་ཕཊ་སྭཱ་ཧཱ། བརྒྱ་བྱིན་གང་དག་རིག་སྔགས་ཆེན་མོ་འདིའི་ཕན་ཡོན་ནི། འདི་ལྟ་སྟེ། འཁོར་ལོ་གང་གིས་ལུས་ལ་འཆང་བ་དེའི་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་ཅིང་ནུས་པ་དང་མཐུ་དང་ལྡན་པར་འགྱུར་རོ།། འདི་ལུས་ལ་འཆང་བ་དེའི་གྲིབ་མ་གང་ལ་ཕོག་པའམ། རླུང་གི་རྫི་ཕོག་པས་ཀྱང་། དེ་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བར་འགྱུར་རོ།། འཁོར་ལོ་འདི་གྲོང་ཁྱེར་ཆེན་པོའི་དབུས་སུ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། མཐོན་པོའི་དབུས་སུ་ཕྱར་ན་དེའི་གྲིབ་མ་ཕོག་པའམ། ཁྲོན་པའམ། ཆུ་མིག་གམ། ལུ་མའམ། འབབ་ཆུའམ། ལྟེང་ཀའམ། མཚེའུའི་ཆུ་ནང་དུ་ཡི་གེའམ། འཁོར་ལོའི་གཟུགས་འཆར་བར་བྱས་ལ། ཆུ་དེ་དག་འཐུང་བ་རྣམས་ཀྱང་བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་དོ།། སྒོ་ཁང་གི་ཡ་ཐེམ་ལ་བཏགས་པའམ། བསིལ་གདུགས་ཀྱི་འོག་གམ། ཞྭའི་ནང་འམ། གོས་ཀྱི་གོང་པ་ལ་བཏགས་པ་དེའི་འོག་ཏུ་འདུག་ན་ཡང་བཅིངས་པ་ལས་རབ་ཏུ་གྲོལ་བར་འགྱུར་རོ།། དེའི་ཕྱིར་རིག་སྔགས་ཆེན་མོ་འདི་ཁྱོད་ཀྱིས་གཟུང་བར་བྱའོ།། དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་སྟོན་པ་བཅོམ་ལྡན་འདས། རིག་པའི་རྒྱལ་པོ་གཟི་བརྗིད་ཅན།། ཀུན་ལ་ཕན་ཕྱིར་ལེགས་པར་གསུངས།། རིག་སྔགས་མཆོག་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་དོ།། བརྒྱ་བྱིན་ལ་སོགས་པའི་འཁོར་ཐམས་ཅད་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་བ་ལ་མངོན་པར་བསྟོད་དོ།། ལུས་ངག་ཡིད་གསུམ་བཅིངས་ལས་གྲོལ་བར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།།  བོད་ཀྱི་ལོ་ཙྪ་པ་ཤཱཀྱ་ཡེ་ཤེས་ཀྱིས་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ་སྦྱར་བའོ།།     །། 

Sunday, September 5, 2021

སྤྱན་རས་གཟིགས་ཀྱི་བསྒོམ་བཟླས།


༄༅། །སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་བསྒོམ་བཟླས་བྱ་ཚུལ་མདོར་བསྡུས་འདོད་དོན་ལྷུན་འགྲུབ་བཞུགས་སོ།།


       (རྒྱལ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་འཇིག་རྟེན་གསུམ་མགོན་བཅུ་གཅིག་ཞལ་གྱི་བསྒོམ་བཟླས་བྱ་ཚུལ་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས།) 

       སྭ་བྷཱ་ཝ(ས་སྟོང་པར་སྦྱངས།)  སྟོང་པའི་ངང་ལས་རང་ཉིད་སྤྱན་རས་གཟིགས།། སྟོན་ཀའི་ཟླ་བའི་མདངས་ལྡན་རྩ་ཞལ་དཀར།། གཡས་ལྗང་གཡོན་དམར་དེའི་སྟེང་ལྗང་དམར་དཀར།། དེའི་སྟེང་དམར་དཀར་ལྗང་བའི་ཞལ་གསུམ་སྟེང་།། ཁྲོ་ཞལ་ནག་པོ་སྐྲ་སེར་གྱེན་བརྫེས་པ།། དེའི་སྟེང་རིགས་བདག་འོད་དཔག་མེད་པའི་ཞལ།། གཙུག་ཏོར་དང་ལྡན་རྩ་ཕྱག་དང་པོ་གཉིས།། ཐུགས་ཀར་ཐལ་སྦྱར་གཉིས་པས་ཕྲེང་བ་དང་།། གསུམ་པས་མཆོག་སྦྱིན་བཞི་པས་འཁོར་ལོ་བསྣམས།། གཡོན་གཉིས་པད་དཀར་འདབ་བརྒྱད་གསུམ་པ་ཡིས།། རིལ་བ་སྤྱི་བླུགས་བཞི་པས་མདའ་གཞུ་བསྣམས།། ཞབས་གཉིས་མཉམ་པའི་སྟབས་བཞེངས་རི་དྭགས་ཀྱི།། ལྤགས་པས་ནུ་མ་གཡོན་བཀབ་རིན་ཆེན་དང༌།། མཚན་དཔེའི་རྒྱན་ལྡན་འོད་ཟེར་མཐའ་ཡས་འཕྲོས།། གནས་གསུམ་འབྲུས་མཚན་ཐུགས་ཀའི་ཧཱུཾ་ཡིག་ལས།། འོད་འཕྲོས་སངས་རྒྱས་སྲས་བཅས་བསྐོར་བ་ཡི།། རང་བཞིན་གནས་ནས་སྤྱན་དྲངས་གཤེགས་སུ་གསོལ།། ཛཿ  ཧཱུཾ་བཾ་ཧོཿ  (ས་དབྱེར་མེད་དུ་བསྟིམ། མཆོད་པ་བྱིན་རླབས།)  ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ། (ནས།) ཤཔྟ(འི་བར་གྱིས་མཆོད།) དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ།། འགྲོ་དྲུག་སེམས་ཅན་ཡོངས་ལ་སྤྱན་རས་གཟིགས།། ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ།། གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད།།

       (བཟླས་དམིགས་ནི།)  རང་གི་སྙིང་གར་ཟླ་དཀྱིལ་སྟེང་ཧྲཱིཿ  དཀར།། དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད།། བྱིན་རླབས་རྣམ་པ་བུ་ག་སོ་སོ་ནས།། ཞུགས་པས་ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱངས།། སླར་ཡང་འོད་འཕྲོས་རིགས་དྲུག་སེམས་ཅན་ལ།། ཕོག་པས་སྒྲིབ་སྦྱངས་འཕགས་པའི་ས་ལ་འགོད།། (ཡིག་དྲུག་གང་མང་བཟླ། ཡིག་བརྒྱས་ཁ་བཀང་། སྔར་བཞིན་མཆོད་བསྟོད་བྱ།)  དགེ་བ་འདི་ཡིས་མྱུར་དུ་བདག། སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། ཁྱེད་ཀྱི་ས་ལ་འགོད་པར་ཤོག། (ཡིག་བརྒྱ་སོགས་བཟོད་གསོལ།)  ཡེ་ཤེས་པ་དགྱེས་བཞིན་དུ་རང་ལ་ཐིམ་པར་གྱུར། ཉིན་མོ་བདེ་ལེགས། (སོགས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།།) 

       (ཞེས་པ་འདི་ཡང་གམ་བཅར་བ་མཆོད་དཔོན་ཡེ་ཤེས་དམ་ཆོས་ཀྱི་འདོད་མོས་ལྟར་༧ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་རྒྱ་མཚོས་སྨྲས་པའོ།། །།)