Thursday, April 30, 2020

མཁས་མང་བློ་གསལ་གླིང་གི་རྒྱུན་འདོན་གཏོར་འབུལ་དང་གསེར་སྐྱེམས་བཞུགས་སོ།།




༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་རང་བསྟེན་བླ་མ་ཡི་དམ་བཀའ་སྡོད་བཅས་ལ་གཏོར་འབུལ་དང༌། གསེར་སྐྱེམས་འབུལ་ཚུལ་ལས་བཞིའི་འཕྲིན་ལས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ༎

         སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། (ལན་གསུམ།)
         སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། (ལན་གསུམ།)
         དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། །རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང༌། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བསོད་ནམས་ཞིང་མཆོག་ཁྱོད་ལ་མཆོད་པ་འབུལ། །གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །ལུས་ངག་ཡིད་གསུམ་མི་དགེ་ཅི་བགྱིས་དང༌། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་སྤྲིན་འཁྲིགས་ནས། །ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ། །ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང༌། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག།  
         དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའ ི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།།  (དམིགས་བརྩེ་མ་གང་མང་བཟླ།)
         ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།
         རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱིད་བུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ༀ་ཨཱཿཧཱུཾ། (ལན་གསུམ་བརྗོད་པས་གཏོར་མ་བྱིན་གྱིས་བརླབས་ལ།)
         (ལྷ་མོའི་གཏོར་འབུལ་ནི།)   བྷྱོཿ རབ་འབྱམས་རྒྱལ་བ་ཀུན་གྱི་འཕྲིན་ལས་ལ། །དམག་ཟོར་རྒྱལ་མོ་ཞེས་བྱར་མཚན་གསོལ་བ། །རྩེ་གཅིག་མོས་པའི་དབང་གིས་སྤྱན་འདྲེན་ན། །ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་རླུང་ནག་འཚུབ་མའི་དབུས། །བེ་ཅོན་ཐོད་ཁྲག་འཛིན་པ་སྲིན་མོའི་གཟུགས། །དྲེ་འུའི་སྟེང་བཞུགས་གདུག་པ་ཚར་གཅོད་སྐུ། །ཇི་སྲིད་དྲན་པ་དེ་སྲིད་རྟག་ཏུ་བཞུགས། །ཕྱི་ཡི་སྤྱན་གཟིགས་ནམ་མཁའི་ཁྱོན་གང་ཞིང་། །ནང་གི་དམ་རྫས་ས་གཞི་མ་ལུས་ཁྱབ། །ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་ཀུན། །རྒྱས་པར་འགེངས་པ་འཁོར་དང་བཅས་ལ་འབུལ། །ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི། །དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །སངས་རྒྱས་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །དཔལ་ལྡན་ཐུབ་པའི་བཀའ་སྲུང་མཐུ་རྩལ་ཅན། །ཁྱོད་ཉིད་བསྙེན་ཅིང་སྒྲུབ་ལ་རྩེ་གཅིག་ཏུ། །གསོལ་བ་འདེབས་པའི་རྣལ་འབྱོར་དཔོན་སློབ་ཀྱི། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབས། །སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཡང་། །སྲིད་གསུམ་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་ཚོགས་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། བྷྱོཿ འདོད་ཁམས་བདག་མོ་དམག་དང་ཟོར་གྱི་ལྷ། །མཆོད་གཏོར་དམ་རྫས་སྤྱན་གཟིགས་རྒྱ་མཚོ་འབུལ། །སེམས་ཅན་ཡོངས་ལ་ཉེ་བར་འཚེ་བ་ཡི། །འབྲུམ་ནད་ལ་སོགས་ཉེར་འཚེ་མ་ལུས་བཟློག། བྷྱོཿ ལྷུན་གྲུབ་བདེ་བ་ཆེན་པོའི་ངང༌། །སྲིན་མོ་ཁྲོས་པའི་དྲག་ཤུལ་ཅན། །ཁམས་གསུམ་དབང་མཛད་རེ་མ་ཏི། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །པད་དཀར་འཆང་བ་རིམ་བྱོན་སོགས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །བསྟན་དང་བསྟན་འཛིན་སྐྱོང་བ་དང་། །ཆོས་ལྡན་འཕྲིན་ལས་སྒྲུབ་པར་མཛོད། །ཁྱད་པར་འབྲུམ་ཆེན་དཀར་ནག་དང་། །གག་ལྷོག་བེ་གེ་འཁྲུ་ཟེར་སོགས། །མི་ཕྱུགས་ནད་ཡམས་མ་ལུས་པ། །ཞི་ཞིང་བཟློག་པའི་འཕྲིན་ལས་མཛོད། །རྒྱལ་བ་ཀུན་གྱི་ཡུམ་གཅིག་དབྱངས་ཅན་མ། །ནག་ཕྱོགས་བདུད་སྡེའི་གཤེད་གྱུར་དམག་ཟོར་ལྷ། །དབང་ཕྱུག་ཉེར་བརྒྱད་གཙོ་མོ་རེ་མ་ཏི། །ཞི་བའི་ལས་མཛད་དཔལ་ལྡན་དུང་སྐྱོང་མ། །མཐུ་ལྡན་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བླ་མ་ལྷ་ཡི་དམ་ཚིག་ཉེར་དགོངས་ལ། །འགྲོ་ཀུན་མི་ཤེས་བག་མེད་འཁྲུལ་དབང་གིས། །ནོངས་པར་གྱུར་པའི་ཉེས་ཚོགས་བཤགས་བགྱིད་ན། །མ་མོ་ཁྲོས་པའི་ཁ་རླང་དུག་འཚུབས་ཅན། །འབྲུམ་ཆེན་དཀར་ནག་གག་ལྷོག་བེ་གེ་སོགས། །ཞི་ཞིང་བཟློག་པའི་རྣམ་བཞིའི་འཕྲིན་ལས་ཀུན། །ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛོད།།   གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དང་། །བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ། །མཐུ་ལྡན་སྲུང་མ་གནས་གསུམ་མཁའ་འགྲོའི་ཚོགས། །དབྱེར་མེད་ཞབས་ཀྱི་པདྨོའི་བཀའ་དྲིན་དང་། །སྲས་བཅས་རྒྱལ་བའི་རྣམ་དཀར་དགེ་ཚོགས་བཅས། །ཚུལ་བཞིན་བསྒྲུབ་ལ་འདུན་པའི་བསམ་པ་ཡིས། །ཐུབ་བསྟན་རྒྱ་མཚོའི་དཔལ་དུ་ཡུན་རིང་དུ། །གནས་ཤིང་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་མཛོད། །བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདི་ཡོངས་གང་ཞིང༌། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག།   །།
         (རྡོ་རྗེ་གྲགས་ལྡན་གྱི་གཏོར་འབུལ་ནི།)    ཧྲཱིཿ བདེ་སྟོང་ཟུང་འཇུག་སྐུ་གསུམ་མེ་ལོང་ངོས། །གྲངས་མེད་འཕྲིན་ལས་སྣང་བརྙན་ལེགས་ཤར་བའི། །སྤྲུལ་པའི་ཆོས་ཆེན་པོ་འཁོར་བཅས་རྣམས། །ཐོགས་མེད་འདིར་གཤེགས་པད་ཉི་གདན་ལ་བཞུགས། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་པའི་སྤྲིན། །དངོས་བཤམས་ཏིང་ངེ་འཛིན་གྱིས་ལེགས་པར་སྤྲུལ། །དམ་རྫས་རྒྱན་ལྡན་བདུད་རྩིའི་གཏོར་མ་རྣམས། །འབུལ་གྱི་དགྱེས་པ་ཆེན་པོས་བཞེས་སུ་གསོལ། །དལ་བའི་རྟེན་བཟང་མཆོད་ཡོན་རྫིང་བུར་འཁྱིལ། །རྣམ་དག་ཚུལ་ཁྲིམས་མེ་ཏོག་མངོན་པར་བཞད། །བརྩོན་འགྲུས་བདུག་སྤོས་དྲི་བསུང་ཕྱོགས་བཅུར་གཡོ། །རྨོངས་པའི་མུན་སེལ་ཤེས་རབ་སྒྲོན་མེ་སྦར། །ཐོས་བསམ་རྒྱ་མཚོ་ཆེན་པོའི་དྲི་ཆབ་སྦྲེང༌། །རྩེ་གཅིག་བསྒོམ་པའི་རོ་མཆོག་བརྒྱ་ཡི་ཟས། །འཆད་རྩོད་རྩོམ་པའི་སྒྲ་དབྱངས་ལེགས་འཁྲོལ་བའི། །ངེས་པ་དོན་གྱི་སྙིང་པོའི་མཆོད་པ་འབུལ། །འཇམ་དཔལ་རྡོ་རྗེ་སྒྱུ་འཕྲུལ་དྲ་བའི་གར། །བློ་བཟང་སྙན་པའི་གྲགས་ལྡན་ཙོང་ཁ་པའི། །ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ། །སྲིད་ཞིའི་རྒྱལ་མཚན་རྩེ་མོར་བརྟན་པར་མཛོད། །དཔལ་ལྡན་འབྲས་སྤུངས་ལྷ་ཡི་ལམ་ཡངས་པོར། །བློ་གསལ་མཁས་མང་གླིང་མཆོག་ཉིན་མོར་བྱེད། །བཤད་སྒྲུབ་འོད་སྟོང་ཕྱོགས་བཅུར་རབ་འཕྲོས་པས། །དོན་གཉིས་པད་དཀར་འདབ་བརྒྱ་བཞད་པར་མཛོད། །འཆི་མེད་གྲུབ་པ་མཚོ་སྐྱེས་རྡོ་རྗེ་ཡི། །སྤྱན་སྔར་བསྟན་པ་བསྲུང་བར་ཞལ་བཞེས་ལྟར། །བདག་སོགས་རྣམས་ཀྱི་འགལ་རྐྱེན་ཀུན་སེལ་ཞིང༌། །མཐུན་རྐྱེན་ལེགས་ཚོགས་མ་ལུས་རྒྱས་པར་མཛོད། །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།   །།
         (དམ་ཅན་གཏོར་འབུལ་ནི།)    ཀྱེ༑ མཐུ་སྟོབས་ནུས་པའི་དཔུང་གིས་རྒྱལ་བའི་བསྟན། །སྲུང་མཛད་དམ་ཅན་ཆེན་པོ་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་བཅས་པ་རྣམས། །འཁོར་བཅས་གནས་ནས་ཐོགས་མེད་ད་ཚུར་སྤྱོན། །མདུན་དུ་ཕ་ཝཾ་ལུང་པའི་སྐུ་མཁར་ལ། །འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཕུབ་པའི་དབུས། །འཇིགས་རུང་བཟོད་པར་དཀའ་བའི་གཞལ་ཡས་ནང༌། །དགྱེས་པར་བཞུགས་ལ་བཅོལ་བའི་འཕྲིན་ལས་མཛོད། །ཕྱི་དང་ནང་དང་གསང་བའི་མཆོད་པ་དང༌། །ཚོགས་དང་གཏོར་མ་མཐུན་པའི་དམ་རྫས་རྣམས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་ལེགས་འབུལ་ན། །བཞེས་ནས་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཉིན་བྱེད་ཀྱིས་འཁྱུད་དབང་སྔོན་ལྷུན་པོ་ལ། །ཐུན་མཚམས་དབུ་སྐྲ་སྨ་ར་དམར་སེར་ཅན། །གློག་སྟོང་འཁྱུག་པའི་དམར་ཟླུམ་སྤྱན་གསུམ་བགྲད། །གངས་རི་ལ་འགྲན་མཆེ་བ་དགྲ་ལ་གཙིགས། །ཕྱག་གཡས་གནམ་ལྕགས་ཐོག་ཆེན་མཁའ་ལ་འཕྱར། །གཡོན་པ་མཐོར་རླུངས་འཚུབས་པའི་སྦུད་པ་འཛིན། །དར་ནག་འཇོལ་བེར་རིན་ཆེན་སྐེ་རག་མཛེས། །སག་ལྷམ་གྱོན་ནས་ར་སྐྱེས་སྟེང་འགྱིང་པའི། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ཀྱིས། །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླང་དམ་བཅའ་ཇི་བཞིན་དུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་བསྲུང་བ་དང་། །ཁྱད་པར་བློ་གསལ་མཁས་མང་འདུས་པའི་སྡེར། །བཤད་དང་སྒྲུབ་པའི་བྱ་བ་རབ་འཕེལ་བའི། །བདག་སོགས་རྣམས་ཀྱི་བར་གཅོད་མི་མཐུན་ཕྱོགས། །ཞི་ཞིང་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང་། །རྡོ་རྗེ་ལེགས་པ་ལ་སོགས་སྲུང་མའི་ཚོགས། །གཡེལ་བ་མེད་པ་རྟག་ཏུ་གྲོགས་བྱེད་ཤོག།   །།
         (བསྟན་མའི་གཏོར་འབུལ་ནི།)   ༀ༑ གངས་རིས་བསྐོར་བའི་བོད་ཡུལ་རྡོ་རྗེ་གདན། །དཔལ་ལྡན་འབྲས་སྤུངས་མཁས་གྲུབ་འདུས་སྡེ་ཆེའི། །རྒྱབ་རི་ལྷུན་ཆགས་མཛེས་སྡུག་ཕོ་བྲང་ནས། །སྤྲོས་དང་བྲལ་ཡང་ཀུན་རྫོབ་ཅིར་ཡང་བཀྲ། །ཞི་བ་བརྙེས་ཀྱང་གདུག་པ་དྲག་ཤུལ་འཆང༌། །རྣལ་འབྱོར་སྡོང་གྲོགས་ཉིན་མཚན་ཐམས་ཅད་དུ། །མི་གཡོ་དཔལ་ལྡན་རྡོ་རྗེ་དྲག་རྒྱལ་མ། །བསྟན་སྲུང་དབང་མོ་འཁོར་བཅས་གཤེགས་སུ་གསོལ། །མདུན་དུ་ཏིང་འཛིན་དཀྱིལ་འཁོར་དབང་པོའི་གཞུས། །འཁྱུད་དབུས་ཤ་བའི་སྟེང་དུ་ཟླ་ཤེལ་ལྟར། །སྐུ་མདོག་རབ་དཀར་མེ་ལོང་ཞགས་པ་གཡས། །གཡོན་པས་ལྕགས་ཀྱུ་བསྣམས་ཏེ་བརྟན་པར་བཞུགས། །རིན་ཆེན་ཡོལ་གོར་དཀར་མངར་གསུམ་ལ་སོགས། །བཟའ་བཅའ་བཏུང་བ་བདུད་རྩིར་བྱིན་བརླབས་ཏེ། །སྔོ་བསང་ཁྱོན་བཀང་བཞན་ཡང་གཟུགས་སྒྲ་དྲི། །རོ་དང་རེག་བྱ་རྒྱལ་སྲིད་རིན་ཆེན་བདུན། །ཤ་བ་རྟ་དང་ཡིད་འོང་བྱ་ཚོགས་དང་། །གོ་ཁྲབ་ཕྱི་ནང་གསང་པའི་མཉེས་བྱེད་རྫས། །དངོས་བཤམས་ཡིད་ཀྱི་མོས་པས་ལེགས་སྤྲུལ་པ། །བསྟན་སྐྱོང་ཆེན་མོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་མི་གཡེལ་བསྟན་དགྲ་རི་བོའི་འགྲོས། །འཇོམས་མཛད་དྲག་པོའི་གཟི་ལྡན་ལག་ཉལ་མཚོན། །འཆང་བའི་མཐུ་སྟོབས་འབར་མ་མིག་སྟོང་ཅན། །གཙོ་མོ་བཀའ་ཉན་འཁོར་དང་བཅས་ལ་བསྟོད། །དེ་ལྟར་མཆོད་ཅིང་བསྟོད་པས་འཁོར་བཅས་ཀྱིས། །སྡེ་འདི་སྲིད་མཐའི་བར་དུ་རབ་རྒྱས་ཤིང༌། །རྣལ་འབྱོར་བདག་ཅག་ལས་བཞིའི་འཕྲིན་ལས་རྣམས། །ཐོགས་མེད་བསྒྲུབ་པའི་བྱ་ར་མ་གཡེལ་ཞིག།   །།
         (སྐུ་ལྔའི་གཏོར་འབུལ་ནི།)   ཧྲཱིཿ ཆོས་དབྱིངས་བདེ་བ་ཆེན་པོའི་རོལ་རྩེད་ལས། །རྒྱལ་བསྟན་བསྲུང་ཕྱིར་དྲེགས་པའི་རྗེར་ཤར་བ། །རྒྱལ་ཆེན་སྐུ་ལྔ་དམག་ཟོར་དྲག་མོ་རྒྱལ། །འཁོར་བཅས་ཐུགས་དམ་དབང་གིས་གནས་འདིར་གཤེགས། །ཕྱི་ནང་གསང་མཆོད་དགྱེས་བསྐྱེད་མཐུན་པའི་རྫས། །དངོས་བཤམས་ཡིད་སྤྲུལ་མཁའ་དབྱིངས་ཡོངས་གང་བའི། །འཛད་མེད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་འདི། །འཁོར་བཅས་ཐུགས་དམ་དབྱིངས་སུ་སྐོང་གྱུར་ཅིག །བདག་ཅག་མ་རིག་དབང་གྱུར་སྒོ་གསུམ་གྱིས། །ལྷ་མཆོག་སྐུ་གསུང་ཐུགས་འགལ་འགྱུར་རོ་ཅོག །མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །དམིགས་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །དུག་གསུམ་ལས་བསྐྱེད་དུས་འཁྲུག་མུ་གེ་བྱད། །ཀེག་སྲི་ཁྱད་པར་རྡོ་རྗེ་འཚེར་ནད་སོགས། །མི་འདོད་སྣ་དགུ་གྲང་རེག་ཉེར་ཞི་ནས། །བདེ་སྐྱིད་དཔྱིད་ཀྱི་དཔལ་མོ་རྒྱས་པར་མཛོད། །གངས་ཅན་ཕན་བདེའི་ནོར་སྩོལ་ཉིན་མོར་བྱེད། །འགལ་རྐྱེན་དམ་སྲིའི་སྤྲིན་རྒྱ་ལས་གྲོལ་ཏེ། །འཕྲིན་ལས་འོད་སྟོང་འབར་བའི་མཐུ་རྩལ་ཅན། །བསྟན་འགྲོའི་པད་ཚལ་མྱུར་དུ་བཞད་པར་མཛོད།།     ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པ་ལྔའི། །རང་མདངས་མ་འགག་དྲེགས་པའི་སྡེ་དཔོན་རུ། །དབང་གྱུར་སྐུ་ལྔ་ཁྱད་པར་གསུང་གི་རྒྱལ། །རྡོ་རྗེ་གྲགས་ལྡན་གནས་འདིར་གཤེགས་སུ་གསོལ། །ཡིད་ཀྱི་ནམ་མཁར་ཏིང་འཛིན་དབང་པོའི་གཞུས། །འཁྱུད་པ་ལས་འོང་ཡེ་ཤེས་གཞལ་ཡས་ཁང་། །དམར་ནག་མེ་དཔུང་ཆེར་འཁྲུག་རྔམས་བརྗིད་དབུས། །བརྟན་པར་བཞུགས་ལ་དགྱེས་པའི་འཛུམ་ཞལ་སྟོན། །མ་རིག་ཆུ་འཛིན་སྟུག་པོ་ལས་འོངས་པའི། །སྒོ་གསུམ་ཉེས་ཚོགས་ནག་པོ་བརྩེགས་པ་དག །ཆ་ཤས་ཙམ་ཡང་མ་ལུས་བཤགས་བགྱིད་ན། །བཟོད་པར་བཞེས་ལ་མཐུན་པའི་དངོས་གྲུབ་སྩོལ། །ཁྲག་ཆང་མཆོད་ཡོན་དགྲ་བགེགས་དབང་པོ་ལྔ། །བསུར་ཆེན་བདུག་སྤོས་སྣང་གསལ་ཉི་ལྟར་གསལ། །དྲི་ཡི་བྱུག་རྫས་རོ་བརྒྱ་ལྡན་པའི་ཟས། །རྐང་གླིང་ལ་སོགས་རོལ་མོ་མཐའ་ཡས་དང༌། །སྦྱངས་རྟོགས་སྦར་བའི་གཏོར་མ་རི་ལྟར་སྤུངས། །བདུད་རྩིའི་བཏུང་བ་རྒྱ་མཚོ་ལྟར་འཁྱིལ་སོགས། །ཕྱི་ནང་གསང་བའི་དགྱེས་བསྐྱེད་མ་ཚང་མེད། །འབུལ་ལོ་དབང་པོ་ལྔ་ཡིས་ཚིམ་པར་རོལ། །ཆོས་ཀྱི་དབྱིངས་ནས་ཁྲོས་པའི་རྣམ་འགྱུར་སྟོན། །རྔམས་བརྗིད་དྲག་པོའི་ཆོ་ག་མངོན་རྫོགས་པས། །སྣང་སྲིད་ཀུན་གྱི་མགོན་པོར་ཡོངས་ཐུབ་པ། །སྐུ་ལྔ་འཁོར་དང་བཅས་ལ་བདག་བསྟོད་དོ། །བསིལ་ལྡན་ར་བས་བྲེས་པའི་གངས་ལྗོངས་འདིར། །མི་འདོད་ཀུན་ཞི་བློ་བཟང་གྲགས་པ་ཡི། །བསྟན་དང་དགའ་ལྡན་ཕོ་བྲང་ཆོས་སྲིད་དག །མི་ཉམས་དབྱར་མཚོ་ལྟ་བུར་འཕེལ་བར་མཛོད། །བསྐལ་བཟང་འདི་ཡི་རྣམ་འདྲེན་རྒྱ་མཚོའི་བསྟན། །འཛིན་མཛད་མཆོག་གི་བར་གཅོད་མི་འདོད་རྣམས། །མྱུར་ཞི་ཆོས་དང་སྲིད་ཀྱི་འདོད་པ་ཀུན། །རབ་རྒྱས་སྲིད་པ་གསུམ་པོ་དབང་དུ་བསྡུས། །འབྲུག་སྒྲ་དྲག་པོས་རྒོད་ལྡན་རྡོ་རྗེའི་ཐོག །ཕོག་པས་མེ་ཏོག་གཞོན་ནུ་འཇོམས་པ་ལྟར། །ཡིད་ལ་བརྣག་པའི་དགྲ་ཚོགས་སྡེ་དང་བཅས། །གཞོམ་ཕྱིར་མཐུ་རྩལ་བསྐྱེད་པའི་དུས་ལ་བབས།།     དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་ལྷའི། །སྤྱན་སྔར་བསྟན་པ་བསྲུང་བར་ཁས་བླངས་པ། །དྲེགས་པའི་སྡེ་དཔོན་པེ་ཧར་གསུང་གི་རྒྱལ། །རྡོ་རྗེ་དྲག་ལྡན་འཁོར་བཅས་མ་གཡེལ་དགོངས། །ཐུབ་བསྟན་སྙིང་པོ་ཞྭ་སེར་ཅན་གྱི་བསྟན། །ལྷག་པར་སྤེལ་བའི་གཡར་དམ་ཇི་བཞིན་དུ། །དེ་འཛིན་དམ་པ་དགེ་འདུན་སྡེ་དང་བཅས། །བཞེད་དགུ་སྒྲུབ་ཅིང་འཕྲིན་ལས་རྒྱས་པར་མཛོད། །ཁྱད་པར་ལས་ཀྱིས་འབྲེལ་བའི་སྐྱེ་བོའི་ཁོག །འཁྲུལ་མེད་བརླམས་ཏེ་སྤྱི་དང་བྱེ་བྲག་ཏུ། །བླང་དོར་ལེགས་པར་འདོམས་ནས་བསྟན་དང་འགྲོར། །དུས་ཀུན་དགེ་བའི་དགའ་སྟོན་མྱུར་དུ་སྩོལ། །ཁྲོ་རྒྱལ་གཤིན་རྗེ་གཤེད་སོགས་ཕྱོགས་བཅུ་ཡི། །བདེ་གཤེགས་བཀའ་སྡོད་བཅས་པའི་མཐུ་དང་བྱིན། །ལྷ་ཁྱོད་གསང་གསུམ་དཔུང་དུ་ལེགས་ཕབ་སྟེ། །འགྲན་ཟླ་བྲལ་བའི་ནུས་སྟོབས་འབར་གྱུར་ཅིག །དགའ་ལྡན་བསྟན་པ་སྲུང་བར་དགྲ་ལྷའི་གཙོ། །འདོད་ཁམས་སྡེ་བརྒྱད་ཡོངས་ཀྱི་རྒྱལ་པོ་ཁྱོད། །མངའ་གསོལ་དཔང་དུ་བསྟོད་ན་དམ་ཚིག་བཞིན། །བསྟན་དང་བསྟན་འཛིན་བསྲུང་ལ་མ་གཡེལ་ཞིག།   །།
         བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །འཕྲིན་ལས་རྒྱལ་པོ་སྤྲུལ་ཡུམ་བློན་པོར་བཅས། །བདག་ཅག་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་ན། །སྔོན་ཚེ་རྒྱལ་དབང་པདྨ་ཀ་ར་དང་། །པད་དཀར་འཆང་བ་རིམ་པས་བཀའ་བསྒོས་ཤིང་། །འདའ་དཀའི་དམ་ཚིག་གཉེན་པོ་རབ་བསྒྲགས་པ། །མ་གཡེལ་མ་གཡེལ་རྡོ་རྗེའི་དམ་ཚིག་དགོངས། །བདག་ཅག་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས། །ལས་འབྲས་མ་བསྲུངས་སྤྱི་དོན་རས་སུ་བོར། །དམ་ཚིག་འགལ་སོགས་བསམ་སྦྱོར་ནོངས་པ་ཀུན། །སྙིང་ནས་འཆགས་ཤིང་སྡོམ་ན་བཟོད་མཛོད་ལ། །བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་། །བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་མཛད་འཕྲིན་སྤེལ། །གངས་ལྗོངས་རྒུད་པའི་ཉེར་འཚེ་མྱུར་ཞི་ནས། །ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ། །མདོར་ན་བསྟན་སྲུང་མཐུ་བོ་ཁྱོད་ཉིད་ལ། །སྙིང་ནས་བསྐུལ་ཞིང་འདོད་དོན་གཉེར་གཏོད་ན། །གློག་ལྟར་མྱུར་བའི་རྣམ་བཞིའི་འཕྲིན་ལས་ཀྱིས། །བསམ་པའི་རེ་བ་སྒྲུབ་ལ་མ་གཡེལ་ཞིག།   །།
         (གསེར་སྐྱེམས་བྱིན་གྱིས་བརླབ་པ་ནི།)   ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱིད་བུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ༀ་ཨཱཿཧཱུཾ། (ལན་གསུམ། དེ་ནས་རྒྱ་ཇའི་ཕུད་སྐྱེམས་སྨྲེང་བཞིན་འདི་ལྟར་བརྗོད་པར་བྱ་སྟེ།)
         ཧཱུཾ༑ རིགས་ཀུན་ཁྱབ་བདག་བློ་བཟང་གྲགས་པའི་དཔལ། །བསྐལ་བཟང་རྒྱལ་བ་རྒྱ་མཚོའི་དབང་ཕྱུག་སོགས། །རྩ་བརྒྱུད་བླ་མ་རིན་ཆེན་མཆོག་གསུམ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །འཇམ་དཔལ་དཔའ་བོ་རྡོ་རྗེ་འཇིགས་བྱེད་དང༌། །ཧེ་རུ་ཀ་སོགས་རྣམ་མང་རྒྱུད་སྡེ་བཞི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་x། །དྲན་པ་ཙམ་གྱིས་ལྷན་སྐྱེས་བདེ་བ་མཆོག །སྩོལ་མཛད་རྗེ་བཙུན་རྡོ་རྗེ་ཕག་མོ་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ། །གསོལ་ལོ་x། །མྱུར་མཛད་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །རྒྱལ་ཆེན་རྣམ་སྲས་དྲེགས་པ་ལྕམ་དྲལ་སོགས། །མཐུ་ལྡན་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །གསོལ་ལོ་x། །ལྷ་མཆོག་དྲག་པོ་ཞལ་བཞི་ཡབ་ཡུམ་དང༌། །བྲམ་ཟེའི་གཟུགས་ཅན་དཔའ་བོ་ཆེན་པོ་དང༌། །ལས་མཛད་གཏུམ་མོ་དམར་ནག་སྲིན་མོ་སོགས། །འཁོར་ཚོགས་དམ་ཅན་རྒྱ་མཚོ་ཚོགས་རྣམས་ལ། །གསོལ་ལོ་x། །འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་རྒྱལ། །བོད་ཁམས་སྐྱོང་མཛད་བསྟན་མ་བཅུ་གཉིས་དང༌། །སྐྱེས་ལྷ་ཡུལ་ལྷ་འཁོར་དང་བཅས་པ་ལ། །གསོལ་ལོ་x།།
        (ལྷ་མོའི་གསེར་སྐྱེམས་ནི།)   བྷྱོཿ རྣམ་འདྲེན་བསྟན་པ་སྲུང་བའི་ཆོས་སྐྱོང་མཆོག །རྣལ་འབྱོར་བུ་བཞིན་སྦྱོང་མཛད་མཐུ་རྩལ་ཅན། །འདོད་ཁམས་བདག་མོ་དཔལ་གྱི་ལྷ་མོ་ལ། །གསོལ་ལོ་x། །དོན་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་དྲག་མོའི་སྐུར་བཞེངས་པ། །མ་གཅིག་དཔལ་ལྡན་སྲིད་གསུམ་རྒྱལ་མོ་ལ། །གསོལ་ལོ་x། །སྲིན་མོ་དྲག་ཏུ་ཁྲོས་པའི་རྣམ་འགྱུར་གྱིས། །གཙོ་མོའི་སྔ་ཕྱིར་རྒྱུག་པའི་ལས་མཁན་ཟུང་། །ཆུ་སྲིན་སེངྒེའི་གདོང་ཅན་རྣམ་གཉིས་ལ། །གསོལ་ལོ་x། །བཀྲ་ཤིས་ཚེ་རིང་མཐིང་གི་ཞལ་བཟང་མ། །མི་གཡོ་བློ་བཟང་ཅོད་པན་མགྲིན་བཟང་མ། །གཏད་དཀར་འགྲོ་བཟང་མཁའ་འགྲོ་མཆེད་ལྔ་ལ། །གསོལ་ལོ་x། །རྡོ་རྗེ་ཀུན་གྲགས་ལ་སོགས་བདུད་མོ་བཞི། །རྡོ་རྗེ་སྤྱན་གཅིག་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །གསོལ་ལོ་x། །རིན་ཆེན་གསེར་དངུལ་འོད་འབར་སྣོད་ཡངས་སུ། །འབྲས་ཆང་རྒུན་་ཆང་ནས་ཀྱི་ཆང་ཕུད་སོགས། །མཚོ་ལྟར་རབ་བསྐྱིལ་གཙང་མའི་གསེར་སྐྱེམས་འདི། །བསྟན་སྐྱོང་ཆེན་མོ་འཁོར་དང་བཅས་རྣམས་ལ། །གསོལ་ལོ་x། །ཨོ་རྒྱན་ཡུལ་དུ་གནས་གསུམ་མཁའ་འགྲོའི་གཙོ། །རྡོ་རྗེ་གདན་དུ་གཙུག་ལག་ཁང་སྐྱོང་མ། །བོད་ཁམས་སྐྱོང་མཛད་བསྟན་མ་ཡོངས་ཀྱི་གཙོ། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་རྣམས་ལ། །གསོལ་ལོ་x།། (ལརྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའོ།།) བསྟན་སྐྱོང་དབང་མོ་སྐུ་ཡི་མདུན་ན་འདོན། །ལེགས་ཉེས་སྟངས་འཛིན་དམ་ལྡན་མགོན་སྐྱབས་མཛད། །སྣ་ཚོགས་རྫུ་འཕྲུལ་སྟོན་ལ་མངའ་བརྙེས་པའི། །དྲེགས་པའི་སྡེ་དཔོན་དཔའ་བོ་ཆེན་པོ་ལ། །གསོལ་ལོ་x།།
         (གཟུ་དཔང་གསེར་སྐྱེམས་ནི།)     ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། །གདོང་བཞི་མགོན་པོ་ལྕམ་དྲལ་བེག་རྩེ་སོགས། །བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ ཐལ་བར་རློག །གནོད་སྦྱིན་ཡང་གྷ་བཟའ་སོགས་བསྟན་མ་དང་། །རྒྱལ་པོ་སྐུ་ལྔ་ཁྱབ་འཇུག་རྡོ་རྗེ་ལེགས། །ཁྱད་པར་གནས་ཆུང་ཆོས་རྒྱལ་འཁོར་བཅས་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །ཙིའུ་དམར་ལ་སོགས་འབར་བ་སྤུན་བདུན་དང་། །གསང་ཕུ་བསེ་ཡི་ཁྲབ་ཅན་གྱིས་མཚོན་པ། །འདྲེ་འདིའི་སྐྱབས་གསོལ་ལྷ་འདྲེ་དྲག་པོ་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །རྡོ་རྗེ་འཆང་དབང་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་བསྟན་འགྲོའི་ཕན་བདེ་སྤེལ་བ་རུ། །ཞལ་གྱིས་བཞེས་ནས་དམ་སྲི་འདི་སྐྱབས་ཚེ། །སྔོན་གྱི་དམ་ཚིག་ཉམས་པར་མི་འགྱུར་རམ། །མི་ནད་ཕྱུགས་ནད་སད་སེར་མུ་གེ་ཐན། །མི་རུང་ཆོ་འཕྲུལ་སྣ་ཚོགས་སྟོན་བྱེད་པ། །འབྱུང་པོའི་སྡེར་བཅས་མཐུ་སྟོབས་ནུས་པ་དང་། །ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་རློག། (རྒྱལ་མཆོག་ལྔ་པ་ཆེན་པོའི་མཛད་པའོ།།)
        (སྐུ་ལྔའི་གསེར་སྐྱེམས་ནི།)   ཧྲཱིཿ གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་ལ། །གསོལ་ལོ་x། །གསེར་སྐྱེམས་གཙང་མ་x། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་x། །བློན་པོ་འཁོར་དང་x། །གསོལ་ལོ་x། །གསེར་སྐྱེམས་x། །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་x །བློན་པོ་x། །གསོལ་ལོ་x། །གསེར་སྐྱེམས་x། །ནུབ་ཕྱོགས་གསུང་གི་རྒྱལ་པོ་x། །བློན་པོ་x། །གསོལ་ལོ་x། །གསེར་སྐྱེམས་x། །བྱང་ཕྱོགས་འཕྲིན་ལས་རྒྱལ་པོ་x། །བློན་པོ་x། །གསོལ་ལོ་x། །གསེར་སྐྱེམས་x། །རྡོ་རྗེ་གྲགས་ལྡན་གནོད་སྦྱིན་ཙིའུ་དམར་བ། །རུ་འདྲེན་སྡེ་བཞི་འཁོར་དང་བཅས་པ་ལ། །གསོལ་ལོ་x། །(ྋརྒྱལ་བ་ལྔ་པ་ཆེན་པོས་མཛད་པའོ།།) སྐྱེས་བུ་དམ་ཅན་ཆེན་པོ་ཐིག་ལེ་རྩལ། །སེངྒེ་ར་སྐྱེས་མ་ངེས་བཞོན་པ་ཆིབས། །སུམ་བརྒྱ་དྲུག་ཅུ་སྤྲུལ་པ་གྲངས་མེད་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །ཁྱད་པར་རྒྱལ་བའི་བསྟན་པ་སྲུང་བའི་གཙོ། །བསེ་ཡི་ཁྲབ་ཅན་འཁོར་དང་བཅས་རྣམས་ལ། །འདོད་དགུ་ཚང་པའི་གསེར་སྐྱེམས་མཆོད་པ་འདི། །འབུལ་ལོ་བསྲུང་སྐྱོབ་གཡེལ་བ་མེད་པར་མཛོད། །ཆོས་རྒྱལ་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་ཆེ། །མཐུ་ལྡན་དགྲ་ལྷའི་གཙོ་བོ་བཱ་ལ་བ། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ལ། །གསོལ་ལོ་x། །དྲེགས་པའི་སྡེ་དཔོན་ཆོས་རྒྱལ་སྐུ་ལྔ་དང༌། །ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བཙན་རྒོད་ཆེན་པོ་ཙིའུ་དམར་འཁོར་བཅས་ལ། །གསོལ་ལོ་x། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ལྷ་ཆེན་ཚངས་པ་ཡུམ་སྲས་བློན་པོ་བཅས། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ལ། །གསོལ་ལོ་x། །གཞན་ཡང་ས་གཞི་བར་སྣང་ཁྱོན་གང་བའི། །ལྷ་ཀླུ་གནོད་སྦྱིན་སྲིན་མོའི་གཟུགས་འཛིན་པ། །བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་ལོ་x། །ཆོས་འཁོར་བཀའ་སྲུང་ཀླུ་བཙན་དབང་གི་མདོག །ཀོག་མ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། (ྋརྒྱལ་བ་བསྐལ་བཟང་རྒྱ་མཚོས་མཛད་པའོ།།)
         (སྡེ་བརྒྱད་གསེར་སྐྱེམས་བྱ་བ་ནི།)   ༀ་ཨཱཿཧཱུཾ། (ལན་གསུམ།) ཧཱུཾ༑ སྐུ་གསུམ་བརྒྱུད་གསུམ་བླ་མ་དང༌། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང༌། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །མཁའ་འགྲོ་ནོར་ལྷ་གཏེར་སྲུང་ཚོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། །ལྷ་མིན་དབང་པོ་ཐག་བཟང་རིས། །ཀླུ་ཡི་རྒྱལ་པོ་དགའ་བོ་དང༌། །མི་འམ་ཅི་ལྗོན་རྟ་མགོ་དང༌། །གནོད་སྦྱིན་གང་བ་བཟང་པོ་དང༌། །མཁའ་ལྡིང་གསེར་མིག་འཁྱིལ་བ་དང༌། །ཆོས་སྐྱོང་མ་ཧཱ་ཀ་ལ་དང༌། །(སྲིན་པོ་ལང་ཀ་མགྲིན་བཅུ་དང༌།།) དྲི་ཟ་ཟུར་ཕུད་ལྔ་པ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་x། །གསེར་སྐྱེམས་x ། །བདག་གི་x ། །ཡབ་གཅིག་བདུད་རྗེ་ནག་པོ་དང༌། །བཙན་རྒྱལ་ཡམ་ཤུད་དམར་པོ་དང་། །ཡུལ་ལྷ་ཕྱ་སང་ཀླུ་སྲས་དང༌། །སྲོག་བདག་རྒྱལ་པོ་སྙིང་འབྱིན་དང༌། །ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་། །མ་མོ་འཇིགས་པའི་གློག་འབྱིན་དང༌། །དགེ་བསྙེན་རྡོ་རྗེ་ལེགས་པ་དང༌། །དཀར་མོ་ཉི་ཟླའི་ཐོད་ཕྲེང་སོགས། །ནང་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་x། །གསེར་སྐྱེམས་x། །བདག་གི་x། །བདུད་ཕོ་ཁ་ཐུན་ཡཀྵ་དང༌། །གཤིན་རྗེ་གཤེད་པོ་དམར་པོ་དང༌། །ཀླུ་བདུད་ནཱ་ག་རཱ་ཛ་དང་། །གནོད་སྦྱིན་བཤན་པ་གྲི་ཐོགས་དང་། །མ་མོ་སྲིན་པོའི་ཁྲམ་འདེབས་དང་། །བཙན་པོ་ཡམ་ཤུད་སྲོག་ལེན་དང༌། །བདུད་ཕོ་རི་ཏི་མགོ་ཡག་དང་། །སྲོག་བདག་དུང་གི་ཐོར་ཚུགས་སོགས། །གསང་བའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་x། །གསེར་སྐྱེམསx། །བདག་གི་x། །གཟའ་མཆོག་རྒྱལ་པོ་ར་ཧཱུ་ལ། །སྐར་མཆོག་ཁྲམ་ཤིང་ཁ་འཐོར་དང་། །བདུད་མཆོག་མ་ནུ་ཡཀྵ་དང་། །བཙན་མཆོག་ཀྲི་བཙན་ཐུ་བོ་དང༌། །མ་མཆོག་ལྕེ་སྤྱང་མདུང་འཛིན་དང༌། །ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་། །མགོན་མཆོག་ནག་པོ་ལྟར་དཀར་དང༌། །རྒྱལ་མཆོག་ལི་བྱིན་ཧ་ར་སོགས། །མཆོག་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་x། །གསེར་སྐྱེམས་x། །བདག་གི་x། །དཔུང་གཡས་དགྲ་ལྷར་སྤྲུལ་པ་དང་། །དཔུང་གཡོན་མ་མོར་སྤྲུལ་པ་དང༌། །མཆུ་སོ་བདུད་དུ་སྤྲུལ་པ་དང༌། །མགོ་བོ་སྲིན་པོར་སྤྲུལ་པ་དང༌། མཇུག་མ་རྨུ་རུ་སྤྲུལ་པ་དང་། །ལག་གཡས་གཤིན་རྗེར་སྤྲུལ་པ་དང་། །ལག་གཡོན་ཀླུ་བཙན་སྤྲུལ་པ་དང༌། །མིག་དང་སྙིང་དང་མཆིན་མ་གསུམ། །གཟའ་བདུད་ཉིད་དུ་སྤྲུལ་པ་དང་། །སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་x། །གསེར་སྐྱེམས་x། །བདག་གི་x། །ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་སྒོ་ར་ནག་པོ་དང༌།། (ཀླུ་བདུད་གདོལ་པ་ནག་པོ་དང་།།) ས་ཡི་ལྷ་མོ་བསྟན་མ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང༌། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང༌། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང༌། །མོ་ལྷ་མོ་སྨན་ལ་སོགས་པ། །སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་x། །གསེར་སྐྱེམས་x། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། ༣(ཞེས་པ་འདི་བསྣུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའོ།།)
        ཧཱུཾ༑ འདོད་དགུ་ཆར་འབེབས་བླ་མ་ཡི་དམ་ལྷ། །འདོད་ཁམས་དབང་ཕྱུག་ཆོས་སྐྱོང་སྲུང་མའི་ཚོགས། །འདོད་ཡོན་སྣ་ལྔའི་གསེར་སྐྱེམས་འདི་བཞེས་ལ། །འདོད་པའི་དོན་རྣམས་འགྲུབ་པའི་འཕྲིན་ལས་མཛོད།།  ཧཱུཾ༑ བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱིས། །སྔོན་གྱི་ཞལ་བཞེས་དམ་བཅའ་མ་གཡེལ་བར། །བསྟན་དང་བསྟན་འཛིན་ཡོན་མཆོད་དགེ་འདུན་སྡེ། །བསྲུང་སྐྱོབ་མཐུན་རྐྱེན་སྒྲུབ་པའི་དུས་ལ་བབས།། (དམ་ཅན་གསེར་སྐྱེམས་ནི།)  ཧོཿ གསོན་ཅིག་དགོངས་ཤིག་དམག་དཔོན་ཆེ། །གསོན་ཅིག་སྡེ་བརྒྱད་ཀུན་གྱི་རྗེ། །གསོན་ཅིག་རྡོ་རྗེ་ཁྱུང་གཤོག་རྩལ། །འཇིག་རྟེན་ཁམས་ན་དབང་བསྒྱུར་ཞིང༌། །མཐུ་ཆེན་རྫུ་འཕྲུལ་སྟོབས་ཀྱི་བདག །ས་བདག་ཀླུ་གཉན་ཀུན་གྱི་གཙོ། །དམུ་ཡི་དབུ་ལ་བདུད་ཀྱི་ཚེ། །དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། །སྨོན་ལམ་སྟོབས་ཀྱིས་ཕུད་ལ་མཉེས། །དེ་ཕྱིར་བདུད་རྩིར་བྱིན་བརླབས་པའི། །དམ་རྫས་གསེར་སྐྱེམས་བཏུང་བ་འདི། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ལྷ་དམག་ཀུན་གྱི་རུ་འདྲེན་ཅིང༌། །གཟའ་ཆེན་བརྒྱད་ཀྱི་དམག་དཔོན་མཆོག །རྒྱུ་སྐར་ཀུན་ལ་དབང་བསྒྱུར་བ། །དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། །གསོལ་ལོ་x། །ཉི་མ་ནུབ་ལ་མངའ་མཛད་པའི། །གནམ་ས་ཕྱེད་ཀྱི་བདག་པོ་སྟེ། །འཛམ་བུ་གླིང་གི་སྐྱེས་གཅིག་པུ། །དམ་ཅན་རྡོ་རྗེ་ཐིག་ལེ་རྩལ། །གསོལ་ལོ་x། །སྐྱེ་འགྲོ་མ་ལུས་དབང་སྡུད་ཅིང༌། །ཟས་ནོར་ལོངས་སྤྱོད་རྒྱས་མཛད་པ། །མཐུ་ཆེན་རྡོ་རྗེ་བསམ་གྲུབ་རྩལ། །གསོལ་ལོ་x། །དམ་ཅན་ཐུགས་ཀྱི་བདེ་སྐྱེད་མ། །ལྷ་སྨན་ཀོང་བཙུན་དེ་མོ་སོགས། །དགྱེས་སྡེ་བསྟན་མ་བཅུ་གཉིས་ལ། །གསོལ་ལོ་x། །འཛིན་གིང་བཞི་བཅུ་རྩ་གཉིས་དང་། །ཕྱི་འཁོར་བཙན་རྒོད་སྟོང་ཕྲག་དང༌། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ལ། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག། (ཅེས་པ་འདི་ནི་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའོ།།)
       ཧྲཱིཿ གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ས་གསུམ་ལྷ་དང་སྡེ་བརྒྱད་འབྱུང་པོའི་ཚོགས། །གདོན་བགེགས་ལན་ཆགས་འགོ་བའི་ལྷ་ལྔ་ལ། །གསོལ་ལོ་x། །རྣལ་འབྱོར་བདག་གི་རིགས་བརྒྱུད་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། ། །གསོལ་ལོ་x།།  ཧཱུཾ༑ མདོར་ན་སྣང་ཞིང་སྲིད་པའི་ལྷ་མ་སྲིན། །སྡེ་བརྒྱད་བྲན་དང་བཅས་པ་མ་ལུས་དང༌། །ཁྱད་པར་ཡུལ་འདིའི་ལྷ་ཀླུ་གཞི་བདག་ལ། །གསེར་སྐྱེམས་འདི་བཞེས་ཐུགས་དམ་སྐོང་གྱུར་ཅིག །ངོ་བོ་ཟག་མེད་བདེ་སྟོང་ཡེ་ཤེས་ཀྱི། །རྣམ་རོལ་འདོད་ཡོན་མ་ཚང་མེད་པ་འདི། །སོ་སོར་བཞེས་ནས་དགའ་ལྡན་བཤད་སྒྲུབ་བསྟན། །མི་ཉམས་སྲིད་མཐར་རྒྱས་པའི་འཕྲིན་ལས་མཛོད། །དེ་འཛིན་བླ་མའི་སྐུ་ཚེ་བརྟན་པ་དང༌། །དགེ་འདུན་སྡེ་རྣམས་བསླབ་གསུམ་ལུང་རྟོགས་འཕེལ། །འཇིག་རྟེན་སྤྱི་དང་བྱེ་བྲག་ཡུལ་ཕྱོགས་འདིར། །ཆོས་འབྱོར་ལེགས་ཚོགས་རྒྱས་པའི་འཕྲིན་ལས་མཛོད།།
    ཧཱུཾ༑ ཟག་མེད་ཡེ་ཤེས་བདེ་ཆེན་གྱི། །རྣམ་རོལ་ལས་བྱུང་སྟོང་གསུམ་ཁྱོན། །གང་བའི་གསེར་སྐྱེམས་འདི་བཞེས་ལ། །དེ་རིང་བཅོལ་བའི་འཕྲིན་ལས་མཛོད། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས། །བྱུང་བའི་མི་འདོད་ཉེར་འཚེཀུན། །ཞི་ཞིང་ཚེ་དང་བསོད་ནམས་དང༌། །འཁོར་དང་ལོངས་སྤྱོད་འཕེལ་བར་མཛོད། །འཇིག་རྟེན་གསུམ་ན་གནས་པ་ཡི། །ཟས་ནོར་ལོངས་སྤྱོད་ཐམས་ཅད་དང་། །དྲེགས་ལྡན་སྐྱེ་བོ་མ་ལུས་པ། །སྐད་ཅིག་ཉིད་ལ་དབང་དུ་བསྡུས། །ལོག་པར་སེམས་པའི་དགྲ་དང་བགེགས། །ཕྱོགས་དང་མཚམས་ན་གནས་པ་ཀུན། །རྡུལ་ཕྲན་ཙམ་ཡང་མ་ལུས་པ། །སྐད་ཅིག་ཉིད་ལ་ཚར་གཅོད་མཛོད། །དུས་གསུམ་རྒྱལ་བའི་བསྟན་པ་དང༌། །དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང༌། །དགེ་འདུན་སྡེ་དང་བཅས་པ་རྣམས། །ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད།།
        ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང་། །དམག་ཟོར་རྒྱལ་མོ་ལ་སོགས་སྲུང་མའི་ཚོགས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག།
        གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་མཛད་པའི། །བསྟན་སྲུང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་སོགས་བསམ་དོན་གྲུབ་པའི་གྲོགས་མཛོད་ཅིག།
        དཔོན་སློབ་དགོན་གནས་བཅས་པ་ལ། །དགོས་པའི་ཡོ་བྱད་ཅི་བྱུང་ཡང་། །དཔལ་ལྡན་ལྷ་མོའི་འཕྲིན་ལས་ཀྱིས། །འབོད་མེད་ལྷུན་གྱིས་གྲུབ་པར་མཛོད།།
        བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །གསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་། །བར་ཆད་བགེགས་ཀྱི་མཚན་མ་ཅི་བྱུང་ཡང་། །དེ་ཀུན་ལྷ་མོ་ཁྱོད་ཀྱིས་ཟློག་པར་མཛོད།།
        མཐུན་པའི་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་སྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས།།
        (གཞི་བདག་གཏོར་འབུལ་ནི།)  དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་གཏོར་མ་ལྷ་མིའི་ཡོ་བྱད་དམ་པ་ཞལ་ཟས་ཕུལ་དུ་ཕྱིན་པ་སྣ་ཚོགས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་བཀང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །བསྟན་སྐྱོང་ཡུལ་ལྷ་བཞི་བདག་གི་ཚོགས་དང་བཅས་པ་ཐམས་ཅད་གཤེགས་ཤིང་གདན་འཛོམ་ནས་དེ་བཞིན་དུ་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག་གནང་། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལྷ་མོ་བསྟན་མས་གཙོ་བྱས། ས་གཞི་ཀུན་ལ་དབང་བའི་གཞི་བདག་གཉུག་མར་གནས་པ་རྣམས་དང་། ཁྱད་པར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་བསྲུང་ཞིང་སྐྱོང་བའི་བསྟན་མ་བཅུ་གཉིས་ལྷ་ཀླུ་སོགས་མི་མ་ཡིན་པ་མཐུ་བོ་ཆེ་སྤྱི་དང་། བྱེ་བྲག་ཡུལ་ཕྱོགས་འདི་དག་གི་དགོན་གྲོང་གནས་མལ་བསྲུང་བའི་བསྟན་སྐྱོང་རྡོ་རྗེ་དྲག་མོ་རྒྱལ། པེ་ཧར་དགྲ་ལྷ་ཆེན་པོ་གནས་ཆུང་ཆོས་ཀྱི་རྒྱལ་པོ་སོགས་དཀར་ཕྱོགས་ལ་མངོན་པར་དགའ་བ་མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ་བ་མགོན་སྐྱབས་དང་དཔུང་གཉེན་མཛད་པའི་ཚོགས་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་པའི་རྩ་ལག་དམ་པ་རྣམས་ཞབས་པད་བརྟན་པ་དང་། འཇིག་རྟེན་ཁམས་སུ་མི་འདོད་པའི་ཉེར་འཚེ་ཞི་ཞིང་། དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་གཞིས་ལམ་བྱེས་གསུམ་ཐམས་ཅད་དུ་མཐུན་རྐྱེན་མཐའ་དག་སྦྱོར། ཆོས་ལྡན་གྱི་འཕྲིན་ལས་ཐམས་ཅད་སྒྲུབས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་བྱ་སྤྱོད་ངན་པར་རུ་ང་ཕྲག་དོག་མ་མཛད་པར་ཕྱི་ནང་གི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ་ལོ།།    
       བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་སྦྱིན་པ་ཡི། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག། (ཅེས་པ་འདི་ནི་ྋརྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའོ།།    །།)



སརྦ་མངྒལཾ།།     །།


Tuesday, April 28, 2020

རྗེ་བླ་མའི་རྩོམ་གྱི་ཆེ་བ་མདོ་ཙམ་གླེང་བ།


༄༅།   །མཁྱེན་ལྡན་ངག་དབང་བརྩོན་འགྲུས་ལགས་ཀྱི་‘མི་ཚེ་དང་སྙན་ངག་ལ་ལྟ་ཚུལ།’ http://www.khabdha.org/?p=34970 བཀླགས་རྗེས་འདི་འདྲ་ཞིག་བྲིས་ཤོར། དེ་ལ་ཐོག་མར་འདི་ལྟར་བརྗོད་པར་འདོད་དེ། སྤྱིར་ན་སྔོན་གྱི་སྙན་རྩོམ་ཐམས་ཅད་བསྟོད་ཚིག་མིན་པ་ནི་མཐོང་ཐོས་ཀྱི་རྒྱ་ཁྱོན་འབྲིང་ཡན་ཆད་མཆིས་པ་རྣམས་ལ་གྲགས་ཤིང་གྲུབ་པའི་ཕྱིར་ན་འདིར་ལོག་རྟོག་དེ་དག་སེལ་བའི་ངལ་བ་བསྟེན་རྒྱུ་མིན། དེས་ན་འདིར་དང་པོར་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་རྩོམ་སྤྱིའི་སྐོར་རགས་ཙམ་གླེང་ན། རྗེ་བླ་མའི་གསུང་རྩོམ་རྣམས་རིགས་བསྡུ་ན། གཞུང་འགྲེལ། དཔྱད་རྩོམ། སྙན་རྩོམ་བཅས་སུ་བསྡུས་པར་སེམས། དེ་ལ་དང་པོའི་དབང་དུ་བྱས་ན། གསང་འདུས་རྒྱུད་འགྲེལ་ཆེན་མོ། བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ། རྩ་འཇུག་རྣམ་བཤད་ཆེན་མོ། ལེགས་བཤད་གསེར་ཕྲེང་སོགས་དང་། གཉིས་པའི་དབང་དུ་བྱས་ན། རིམ་ལྔ་གསལ་སྒྲོན། དྲང་ངེས་ལེགས་བཤད་སྙིང་པོ། ལྷག་མཐོང་ཆེ་ཆུང་སོགས་ནི ཉེ་རབས་མཁས་པས་བརྩམས་པའི་གཞུང་། འདིར་མི་དང་སྲོག་ཆགས་དེ་འདྲ་འདུག ཁོང་ཚོ་ཉིན་གུང་ཟས་ཀྱི་རྗེས་གཉིད་ཉལ་ཟེར་བ་སོགས་ཀྱི་བརྗོད་བྱ་ལས་བརྩམས་པ་དག་གིས་གཞར་ཡང་བསྒྲུན་དུ་མེད་པའི་ལེགས་བཤད་ཀྱི་ཆུ་གཏེར་ཆེན་པོ་འབའ་ཞིག་སྟེ། མུན་ནག་མདའ་འཕེན་ལྟ་བུ་མིན་པར་གནད་དུ་ཁེལ་བ། རྒན་མོའི་ཟས་ལྟར་མ་སོང་བར་དཀའ་ས་རྩལ་དུ་གཏོན་པ། གཡག་ཞར་གྱི་རྩྭ་ལྟ་བུ་མིན་པར་ཕྱོངས་ཡོངས་ནས་བཤད་པ། བྱ་རོག་ཚང་འཆའ་བ་ལྟ་བུ་མིན་པར་དོན་ཚན་རྣམས་མ་འཁྲུགས་པར་གོ་རིམ་ངེས་པ་ཅན། ལོང་བ་མཁར་བ་ལ་བརྟེན་པ་ལྟ་བུ་མིན་པར་གང་འཆད་རྒྱུའི་དོན་དེ་ལ་གདེང་དྲོད་ཚད་དུ་ཕྱིན་པ། གེ་སར་གྱི་སྒྲུང་ལྟ་བུ་མིན་པར་གཞུང་སྤྱི་དང་དོན་ཚན་སོ་སོར་དོན་གྱི་སྙིང་པོའི་བསྡོམས་ཚིག་ཡོད་པ། ཚིག་གི་ཟེར་མདའ་འཕེན་པ་ཙམ་མིན་པར་ལོག་རྟོག་རྩ་ད་ནས་འབྱིན་པའི་རིགས་པ་སྟོབས་དང་ལྡན་པ། རྒན་པོའི་ངག་འགྲོས་བསྐྱར་བ་ཙམ་མིན་པར་རང་གི་བཞེད་པ་འབུར་དུ་དོད་པ་བཅས། མདོར་ན་རང་གི་བློ་གྲོས་ཀྱི་རྐྱལ་རྩལ་ཇི་ཙམ་ཆེ་རུ་འགྲོ་བ་དེའི་ཚོད་ཀྱིས་འདི་དག་གི་གོ་དོན་གཏིང་ཇེ་ཟབ་དང་མཐའ་ཇེ་རྒྱས་སུ་འགྲོ་བ་ལས། དེང་སང་གི་ཆ་བསྡུ་ཡ་བསྡུ་བྱས་པའི་དཔྱད་རྩོམ་ཉག་ཉོག་དེ་དག་དང་གཏན་མི་འདྲ་བའི་ཁྱད་ཆོས་ཤིག་ཡུན་རིང་སློབ་གཉེར་བགྱིས་ན་ད་གཟོད་ཤེས་པར་འགྱུར་གྱི། དཔེ་ཆ་དང་ཡུན་དུ་མི་འགྲོགས་པར་ལོ་ཤས་ཟླ་ཤས་ནས་དཔེ་ཆ་དེར་ནང་དོན་སྙིང་པོ་མེད་པ་དང་ཡང་ན་དེ་ཙམ་མོ་ཞེས་སྤྱི་བརྟོལ་བསྐྱེད་ནས་སྨྲ་བ་དག་ནི་རང་གི་བློའི་འཇུག་པ་ཁབ་མིག་ལྟར་ཕྲ་བར་གསལ་འདོན་བྱས་པ་ཙམ་དུ་ཟད་དོ།།
       རྗེ་བདག་ཉིད་ཆེན་པོའི་སྙན་རྩོམ་ཐད་ནས་བཤད་ན། བཅད་ལྷུག་སྤེལ་མའི་རང་བཞིན་ཅན་གྱི་རྟོགས་བརྗོད་ཁག་དང་བསྟོད་ཆེན་བཞིས་མཚོན་སྙན་རྩོམ་ཁྱོན་ཆེ་གསུང་ཐོར་བུ་སོགས་སུ་བཞུགས། སྤྱིར་ན་རྗེ་བླ་མའི་སྙན་རྩོམ་དག་ནི་ལྷོ་ཕྱོགས་བཻདརྦྷའི་རྩོམ་ལུགས་ལྟར་འབོལ་ལ་འཇམ་པ་གོ་བདེ་བ། ཚིག་གི་རོ་ཉམས་ཆེས་ཕུན་སུམ་ཚོགས་པ། སྡེབ་སྦྱོར་ཤིན་ཏུ་ལེགས་པས་ངག་ལ་མྱུར་དུ་བྱང་བ་ཞིག་མཆིས། འོན་ཀྱང་ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་སོགས་འགའ་ཞིག་དྲག་ཤུལ་གྱི་ཉམས་རྩེ་མོར་སོན་པ་དག་ཀྱང་ཡོད་པ་སྟེ། ང་ལྟ་བུས་ཁྱད་ཆོས་མཐའ་དག་པ་བརྗོད་པར་ག་ལ་ནུས། དེ་ལྟར་སྤྱིར་བསྟན་པ་བརྗོད་ནས་སྐབས་སུ་བབ་པའི་ཞུ་བྱ་ནི། ཁྱེད་ཀྱིས་སྙན་ངག་རྣམ་དག་ཏུ་ངེས་པ་མ་རྙེད་པའི་མཚན་གཞིར། “བེ་རི་དགེ་བཤེས་ཀྱིས་བྲིས་པའི་ << མེན་ཇི་ཏྲི་ལའི་སྙན་ངག >> ལྟ་བུ་ཚིག་གི་མཛེས་རིས་ངོ་མཚར་ཡང་དོན་གྱི་གཏད་སོ་ཅི་ཡང་མེད་པ་མ་ཟད། འཇིག་རྟེན་ལས་འདས་པའི་བློས་བསླངས་འབའ་ཞིག་གིས་བཞེངས་བསྐྲུན་བྱས་པས་འཇིག་རྟེན་པ་དག་གིས་མྱོང་རོལ་བྱ་སའི་གཞི་ཅི་ཡང་མེད་པ་འདི་དག་ཡིན་ལ། དེ་བས་རྗེ་བླ་མས་མཛད་པའི་ << འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། >> སོགས་སྔོན་གྱི་རྟོགས་བརྗོད་དང་བསྟོད་པ་གང་མང་ཞིག་ཀྱང་འདི་དང་ཆ་འདྲ་བས། རང་ཉིད་ཀྱི་དད་འདུན་ཆེ་བ་རྒྱུ་མཚན་གྱིས་སྒྲོ་བཀུར་ཡུལ་ལས་འདས་པ་རྐྱང་རེ་བྱས་ནས་སྐྱོར་བཞིན་འདུག་ཀྱང་། བདག་ལ་ནི་ད་དུང་ཡང་སྙན་ངག་རྣམ་དག་ཅིག་གི་མཚན་གཞིར་འཇོག་རུང་བའི་ངེས་པ་མི་རྙེད་དོ།།” ཞེས་རྗེ་བཙུན་ཙོང་ཁ་པའི་སྙན་རྩོམ་ལ་ངེས་པ་མ་རྙེད་པའི་ཟོལ་གྱིས་སྙན་ངག་གི་རོ་མཆོག་མེད་ཅེས་དོན་གྱིས་སྨྲས་ནས། ཡང་། “སྙན་ངག་ཟེར་བ་གཙོ་བོ་རྗོད་བྱེད་ཀྱི་ཆ་ནས་བཞག་ཀྱང་ཚོར་བའི་གཤིས་དང་འབྲེལ་མིན་ནི་བརྗོད་བྱ་ལ་རག་ལས་པའི་གནད་ཀྱིས། དགེ་ཆོས་ཀྱི་སྙན་ངག་རྣམས་ནི་གོ་སླ་ཞིང་གནད་ལ་ཁེལ་བ་དང། བརྗོད་སྙིང་ཟབ་པ་སོགས་ཁྱད་དུ་འཕགས་པའི་ཉམས་དང་ལྡན་ལ། དེ་ཡང་མེ་ལོང་མའི་རྒྱན་གྱི་འགྲོས་དང་ལྡན་ཞིང་ཀར་ཀོར་མེད་པར་བརྗོད་བྱ་མཐར་གྱིས་སྟོན་པ” ཞེས་སྙན་ངག་རྣམ་དག་གོ་དོན་དང་དེ་དགེ་ཆོས་ཀྱི་སྙན་ངག་ལ་ཚང་ཚུལ་བཤད་དོ།།
       འདིར་རྗེ་བླ་མའི་སྙན་རྩོམ་ཚིགས་བཅད་འགའ་ཞིག་དྲངས་ནས་མཁས་དབང་དགེ་ཆོས་པའི་སྙན་རྩོམ་དང་མཚུངས་བསྡུར་བྱ་རྒྱུ་ཡིན། རྗེ་བླ་མའི་དྲང་ངེས་རྣམ་འབྱེད་ཀྱི་མཇུག་བྱང་དུ།
                    ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་ཡོངས་དག་པའི།།
                    དགའ་སྟོན་ཆེན་པོས་ཡིད་རབ་ཚིམ་གྱུར་ནས།།
                    རེས་འགའ་རྒྱལ་ལ་དང་བའི་དགའ་བ་རྒྱས།།
                    སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན།།
                    གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་།།
                    ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་།།
                    བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ།།
                    འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར།།
                    དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས།།
                    གང་གིས་བཙལ་བས་རྙེད་པའི་རིགས་པའི་ལམ།།
                    དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས།།
                    གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར།།
ཞེས་གསུངས་པ་འདི་བསྟོད་ཚིག་ཀྱང་མིན་ལ། རྗེ་བླ་མའི་སྐབས་དེའི་དགའ་སྤྲོས་རྒྱས་པའི་སྙིང་སྟོབས་ཀྱི་ཚོར་བའི་ཟབ་ཁྱད་གསལ་བར་མཚོན་པ། བརྗོད་བྱ་གཏིང་ཟབ་པའི་མཐར་ཐུག་ཀྱང་ངག་ཏུ་འབྱོར་བདེ་ལ་ནང་དོན་གོ་སླ་བ། རང་བཞིན་བརྗོད་པའི་རྒྱན་གྱི་མཐར་ཐུག་ཏུ་གྲུབ་པ་སྟེ། ཉིད་ཀྱིས་བཤད་པའི་གོ་དོན་ཡང་ག་རེ་ཚང་གི་མིན་འདུག ཅེས་པ་ནི་མཚོན་པ་ཙམ་མོ།། མཁས་དབང་དགེ་ཆོས་པའི་སྙན་རྩོམ་ཐོར་བུའི་ནང་།
                    ཐོག་མ་མེད་ནས་རྟག་ཏུ་འགྲོགས་པ་ཡི།།
                    མི་འགྱུར་སེམས་ཀྱི་གཤིས་ཀྱང་མི་མཐོང་ན།།
                    བཙན་ཐབས་སྒོམ་གྱིས་གསར་དུ་རྙེད་པ་ཡི།།
                    ཡ་མཚན་གྲུབ་པའི་གཟིགས་མོ་ཅི་ལ་མཐོང་།།
                    རང་སེམས་སྨྱོན་པས་རང་ངོ་མ་ཟིན་པས།།
                    ཆོས་སྲིད་གནམ་ས་གཉིས་ཀྱི་རྒྱ་ཁྱོན་ཚད།།
                    རྟག་ཏུ་གཞལ་བའི་འཁྲུལ་སྣང་རིམ་པ་འདིར།།
                    གཏན་གྱི་སྐྱབས་གནས་བྱེད་པའི་སྙིང་ཁམས་ཅན།།
                    ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་གཞག་ལ།།
                    མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན།།
                    སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ།།
                    སེམས་ཀྱི་ཁོང་དུ་ལན་ཅིག་འོང་བར་ངེས།།
ཞེས་གསུངས་པ་འདི་ལ་མཚོན་ན་ནང་དོན་ལ་སྨྲ་བ་པོའི་ཚོར་བ་ཟབ་པ་སྨོས་མ་དགོས་ཀྱང་། བརྗོད་བྱའི་ཆ་ནས་བཤད་ན་སྤྱིར་བཏང་ཙམ་ཡིན་པ་གཟིགས་ན་ཤེས་པར་འགྱུར་ལ། མཁས་པ་གཉིས་ཀའི་དྲང་ཚུགས་ཀྱི་གཤིས་ཀ་ལ་སུས་ཀྱང་སྐྱོན་གདགས་སུ་མེད་པས། གོང་དུ་དྲངས་པའི་རྩོམ་གྱི་ནང་དོན་རྣམས་མཛད་པ་པོ་སོ་སོའི་ཐུགས་རྒྱུད་ལ་ཇི་ལྟར་སིམ་པའི་ཚུལ་ཡང་བརྟགས་ན་ཤེས་སླའོ།། ཡང་རྗེ་བླ་མའི་རྣམ་རྒྱལ་མའི་བསྟོད་པར།
                    ཡིད་འཕྲོག་འོད་ཟེར་སྟོང་གི་དྲ་བ་ཅན།།
                    ཕུལ་བྱུང་ཆུ་ཞེང་གབ་པ་ཁྱོད་ཀྱི་སྐུ།།
                    འོ་མའི་ཆུ་གཏེར་དབུས་ན་གངས་རི་བཞིན།།
                    པད་ཟླའི་སྟེང་ན་མཛེས་ལ་ཕྱག་འཚལ་ལོ།།
                    ཆུ་ཤེལ་བཙོ་མའི་གསེར་དང་ཨིན་དྲ་རྙིལ།།
                    ཡོངས་སུ་དག་པའི་འོད་ལྟར་རང་གསལ་བའི།།
                    དབུས་དང་གཡས་གཡོན་ཞལ་བཟང་རྒྱས་པ་ནི།།
                    སྒེག་དང་ཞི་དང་ཁྲོ་ལ་ཕྱག་འཚལ་ལོ།།
                    གདུགས་མཛེས་ཏོག་ལ་ཨིན་དྲ་ནཱི་ལ་བཞིན།།
                    རབ་རྒྱས་དབུ་ལ་རལ་པའི་ཐོར་ཅོག་ཅན།།
                    དྲི་བྲལ་མཁའ་ལ་འཁྱོག་པའི་འཇའ་ཚོན་ལྟར།།
                    མཐོན་མཐིང་སྤྱན་མཆོག་སྨིན་མ་རོང་པོས་མཛེས།། ཞེས་དང་།
                    སྐར་འཕྲེང་བཀྲ་བའི་མདངས་ལྟར་རང་གསལ་བའི།།
                    དོ་ཤལ་མཆོག་གི་མགྲིན་པར་རབ་ཏུ་འཁྱུད།།
                    འོ་མའི་རྒྱུན་འཛིན་ནུ་འབུར་ཟུང་གཅིག་གིས།།
                    རབ་ཡངས་ལ་ངང་པས་དཔེ་མཚོར་བཞིན།།
ཞེས་དཔེ་སྣ་ཚོགས་ལ་སྦྱར་བའི་རྣམ་རྒྱལ་མའི་སྐུའི་ཆ་སོ་སོ་ལ་བསྟོད་པ་མཛད་པ་འདི་དག་ནི། རྒྱན་གྱི་ཁུར་གྱིས་ནོན་པའི་རྒན་མོ་ལྟ་བུ་མིན་པར་ལུས་ཕྲ་གཞོན་ནུའི་རང་བཞིན་གྱི་ལུས་བཟང་པོ་ལ་མཛེས་བྱེད་གདུ་བུ་སོགས་རན་པར་སྤྲས་པ་ལྟར་ཆེས་ཕུལ་དུ་བྱུང་བའི་དཔེ་རྒྱན་དག་སྟེ། དཔེ་རྒྱན་གྱི་མཚན་གཞི་ལ་འདི་འདྲ་བ་ཞིག་རྙེད་དཀའའོ།། དགེ་ཆོས་ཀྱི་སྒྲོལ་མའི་བསྟོད་པར།
                    དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་གཟུགས།།
                    ཐར་འདོད་སྐྱེ་རྒུ་ཡོངས་ཀྱི་དཔུང་དང་གཉེན།།
                    ཉམས་ཐག་འགྲོ་བ་ཀུན་ལ་བརྩེ་བའི་མ།།
                    རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
                    གཡུ་མདོག་ལང་ཚོ་དར་བ་མཛེས་པའི་སྐུ།།
                    སྲིད་ཞིའི་གདུང་བ་ཀུན་སེལ་སྙན་པའི་གསུང་།།
                    སྒྲིབ་གཉིས་གྲིབ་མ་རྣམ་དག་སྙིང་རྗེའི་ཐུགས།།
                    རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
                    རྒྱུས་མེད་ཡུལ་དུ་ལམ་སྟོན་ས་མཁན་མཛད།།
                    འཇིགས་པའི་འཕྲང་དུ་སྐྱོབ་པའི་སྐྱལ མ་གནང་།།
                    དབུལ་ཞིང་ཕོངས་ཚེ་མཁོ་བའི་ལོངས་སྤྱོད་སྩལ།།
                    རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
ཞེས་གནང་བ་འདི་ཡང་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྙན་ཚིག་སྤུས་དག་ཅིག་ལོས་ཡིན་ཏེ། འོན་ཀྱང་དེེང་སང་གི་མཁས་པར་གྲགས་པ་ཕལ་ཆེ་བས་དེ་ཙམ་རྩོམ་མི་ནུས་པ་ཁྱོན་ནས་མིན། དེ་དང་དེ་ལ་སོགས་པའི་ཁྱད་པར་ཆེས་མང་སྟེ་རེ་ཞིག་དུས་ཚོད་ཀྱི་རྐྱེན་པས་འདི་ཙམ་གྱིས་ཆོག་པ་བྱས་སོ།། ཡང་རྗེ་བླ་མའི་བསྟོད་སྤྲིན་རྒྱ་མཚོར།
                    དངོས་འཛིན་ཆང་གིས་རབ་ཏུ་མྱོས་པས་བླང་དོར་
                    འབྱེད་པའི་བློ་གྲོས་ཉམས།།
                    ཉོན་མོངས་གདུག་པའི་སྣ་ཡི་ལག་པས་དགེ་བའི་
                    ལྗོན་པ་ཀུན་ཏུ་འཇོམས།།
                    སྲེད་པའི་ཞགས་པས་ཡིད་ནི་དྲངས་པས་རྙེད་བཀུར་
                    གླང་མོའི་ཕྱིར་འབྲང་བ།།
                    བག་མེད་ནགས་ཁྲོད་ཀུན་ཏུ་རྒྱུ་བའི་གདུལ་དཀའི་
                    ཡིད་ཀྱི་གླང་པོ་ཆེ།།
ཞེས་གསུངས་པ་འདི་ནི་བསྟོད་ཚིག་མིན་ལ། གཟུགས་ཅན་གྱི་རྒྱན་གྱིས་སྤྲས་པའི་ཉམས་འགྱུར་རོ་མཆོག་ལྡན་པའི་ཚིག་རྒྱན་གྱི་ལོ་ཆང་རྙེད་དཀའ་བ་ཞིག་ལགས་མོད། འཐུང་མཁན་ཕལ་ཆེ་བ་དེང་དུས་ཨ་གསར་གྱི་ཨ་རག་དཀར་པོ་མ་གཏོགས་མ་འཕྲོད་པའི་སྐབས་སུ་འཁེལ་བས་རྒུན་ཆང་མངར་མོ་འདི་འཐུང་མཁན་མེད་པར་ལྷག་ཉེན་ཆེ་བས་ཕངས་སེམས་ཅིས་མི་སྐྱེ། ལྷག་པར་དུ་ཁྱེད་ཀྱིས་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་དང་བེ་རི་དགེ་བཤེས་ཀྱིས་དུས་ཚོད་མ་འཁྱོལ་ནས་བྲིས་པའི་མན་ཇི་ཏྲི་ལའི་སྙན་ངག་གདན་གྲལ་གཅིག་ལ་འཇོག་པ་ནི། ནམ་མ་འཁྱོལ་ནས་བྲིས་ཟེར་བ་དངོས་བདེན་དུ་འདུག དེ་མིན་ན་ཚིག་དང་དོན ཇི་ཙམ་སྙན་ཞིང་ཟབ་ཀྱང་བློ་མ་ཚིམས་པ་ནི་ཕལ་ཆེར་དེང་རབས་སྨྲ་བའི་མིག་ཤེལ་སྔོན་པོ་དེ་གྱོན་ཡོད་ཚོད་འདུག་པས་དེ་ལན་ཅིག་བཞག་ནས་གནའ་དེང་ཀུན་ལ་འཚམས་པའི་ཚོན་མེད་མིག་ཤེལ་དེ་ཐེངས་གཅིག་གྱོན་དང་དོན་གྱི་ཡིན་ལུགས་ཇི་བཞིན་མ་འདྲེས་པར་མཐོང་བར་འགྱུར་རོ།། དེས་ན་སྙན་ཚིག་གི་ཆེ་བ་བརྗོད་པའི་སྐབས་སུ་རྗེ་ཙོང་ཁ་པའི་སྙན་ཚིག་ལ་ཡི་མ་རངས་པའི་རྣམ་འགྱུར་མངོན་པ་ནི། ཚིག་རྒྱན་གྱི་ཐད་ལ་ད་ལྟ་བྱིས་པ་ལོ་བརྒྱད་ཡིན་པའི་ངང་ཚུལ་གསལ་བར་བྱས་པར་བརྩི་དགོས་པར་འགྱུར་མོད། ཁྱེད་རང་གི་ཚིག་ལྷུག་རྩོམ་འགྲོས་ལ་ངས་ཡི་རངས་ཏོག་ཙམ་ཤོར་ཐལ། སྒྲ་རིག་བསྟན་པ་ཕྱོགས་ཀུན་དར་གྱུར་ཅིག། །། ༢༠༡༢/ ༡༠ /༢༠ ཁ་བརྡ་དྲ་བར་སྤེལ། http://www.khabdha.org/?p=35024

Wednesday, April 8, 2020

སྒྲོལ་མ་སྐྱབས་བདུན་མའི་ཚིག་དོན་བཤད་པ།


༄༅།   །སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་སྒྲོལ་མའི་འདོད་གསོལ་སྐྱབས་བདུན་མའི་ཚིག་དོན་ཅུང་ཟད་བཤད་པ་བཞུགས་སོ།།

ན་མོ་ཨརྱ་ཏཱ་ར་ཡེ།
མ་སྐྱེ་བ་མེད་པའི་ཆོས་དབྱིངས་ན།།
ཡུམ་རྗེ་བཙུན་ལྷ་མོ་སྒྲོལ་མ་བཞུགས།།
དེ་སེམས་ཅན་ཀུན་ལ་བདེ་སྟེར་མ།།
བདག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ།།

འཁོར་འདས་ཀྱི་ཆོས་ཀུན་གང་ལས་ཤར་ཞིང་གང་དུ་ནུབ་པའི་གཞིི་མ་དོན་དམ་པར་སྐྱེ་བ་མེད་པའི་ཆོས་དབྱིངས་ཀྱི་ཀློང་དེ་ན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཡུམ་རྗེ་བཙུན་མ་ལྷ་མོ་སྒྲོལ་མ་བཞུགས་པ་དེ་ནི་སེམས་ཅན་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཀུན་སྟེར་བར་མཛད་པའི་མ་ཡིན་པས། ཉམ་ཐག་པའི་བདག་སོགས་སེམས་ཅན་རྣམས་འཁོར་བ་དང་ངན་སོང་གི་འཇིགས་པ་ཀུན་ལས་ལྷ་མོ་སྒྲོལ་མ་ཁྱེད་ཀྱིས་བསྐྱབ་ཏུ་གསོལ།

རང་ཆོས་སྐུ་ཡིན་པར་མ་ཤེས་པར།།
སེམས་ཉོན་མོངས་དབང་དུ་གྱུར་པ་ཡིས།།
མ་འཁོར་བར་འཁྱམས་པའི་སེམས་ཅན་ལ།།
ཡུམ་ལྷ་མོ་ཁྱོད་ཀྱི་བསྐྱབ་ཏུ་གསོལ།།

རང་སེམས་ཆོས་སྐུ་སྟེ་སེམས་ཀྱི་རང་བཞིན་ལ་དྲི་མ་མ་བསླད་པ་ཡིན་པར་མ་ཤེས་པར། སེམས་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་ཡིས་མར་གྱུར་པ་མཐའ་མེད་པའི་འཁོར་བར་གཏན་དུ་འཁྱམས་པའི་སེམས་ཅན་རྣམས་ལ་ཡུམ་ལྷ་མོ་ཁྱོད་ཀྱིས་ཐུགས་བརྩེས་མ་དོར་བར་ཁམས་གསུམ་འཁོར་བ་འདི་ནས་བསྐྱབ་ཏུ་གསོལ།

ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་པར།།
ཐ་སྙད་ཚིག་གི་རྗེས་འབྲངས་ནས།།
གྲུབ་མཐའ་ངན་པས་བསླུས་པ་ལ།།
ཡང་དག་གི་ལྷ་མོས་བསྐྱབ་ཏུ་གསོལ།།

རང་ཉིད་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ཆོས་མཚན་ཉིད་པ་ས་ལམ་ཉམས་རྟོགས་རྣལ་མ་ཞིག་སྙིང་ནས་རྒྱུད་ལ་མ་སྐྱེས་པར་གཞན་ངོར་འགྲིག་འགྲིག་མོ་དང་ངོ་མཚར་མཚར་གྱི་ཐ་སྙད་ཚིག་གི་འཁྲི་བ་སྐམ་པོ་རྐྱང་པའི་རྗེས་སུ་འབྲངས་ཆེས་ནས་གཞན་དང་གཤགས་འགྱེས་པ་ཁོ་ནས་ཆོག་པར་འཛིན་པའི་གྲུབ་མཐའ་འམ་ལྟ་བ་ངན་པས་བསླུས་པ་རྣམས་ལ་ཡང་དག་གི་ལམ་སྟོན་མཛད་པའི་ལྷ་མོ་ཁྱེད་ཀྱིས་ཅི་ནས་བསྐྱབ་ཏུ་གསོལ།

རྟོགས་པར་དཀའ་བ་རང་གི་སེམས།།
མཐོང་ནས་གོམས་པར་མི་བྱེད་པར།།
བྱ་བ་ངན་པས་གཡེངས་པ་ལ།།
ཡུམ་དྲན་པའི་ལྷ་མོས་བསྐྱབས་ཏུ་གསོལ།།

རྟོགས་པར་དཀའ་བ་དང་རྟོགས་ན་གཏན་དུ་གྲོལ་བའི་རང་གི་སེམས་ཀྱི་གནས་ལུགས་ཐོག་མར་ཐོས་བསམ་གྱིས་མཐོང་པར་བྱས་ནས་སྤང་བྱ་སྒྲིབ་གཉིསཀྱི་་གཉེན་པོ་གོམས་པར་མི་བྱེད་པར། རང་ཉིད་སྐྱེ་བ་ནས་ཚེ་རབས་སུ་སྡུག་ལ་སྦྱོར་བའི་ཚེ་འདི་སྣང་གི་བྱ་བ་ངན་པས་གཡེངས་པ་བདག་ཅག་ལ་ཡུམ་གཅིག་དྲན་པ་ཙམ་གྱིས་གདུང་བ་ཀུན་སེལ་བའི་ལྷ་མོ་ཁྱེད་ཀྱིས་བསྐྱབ་ཏུ་གསོལ།

སེམས་རང་བྱུང་གཉིས་མེད་ཡེ་ཤེས་ལ།།
གཉིས་སུ་འཛིན་པའི་བག་ཆགས་ཀྱིས།།
ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས།།
ཐུགས་གཉིས་མེད་ཀྱི་ལྷ་མོས་བསྐྱབ་ཏུ་གསོལ།།

རང་གི་སེམས་དེ་ཉིད་རང་བྱུང་བཅོས་མིན་རིག་པ་སྣང་ཞེན་གྱི་སྤྲོས་པ་གཉིས་ཀ་མེད་པའི་མཉམ་བཞག་ཟག་མེད་ཡེ་ཤེས་གཉིས་དེ་བཞིན་ཉིད་ཀྱི་་ངོ་བོར་དབྱེར་མ་མཆིས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པར་རང་བཞིན་གྱིས་ཐ་དད་པ་གཉིས་སུ་འཛིན་པའི་ཐོག་མ་མེད་པ་ནས་གོམས་པའི་བག་ཆགས་ཀྱི་དབང་གིས་ལས་དགེ་བའམ་མི་དགེ་བ་ཇི་ལྟར་བྱས་ཀྱང་འཁོར་བར་བཅིངས་ནས་ཐར་བའི་སྐབས་མ་རྙེད་པ་བདག་ཅག་རྣམས་ཐུགས་གཉིས་མེད་ཀྱི་ངང་དུ་སླར་མི་ལྡང་བར་མཉམ་པརབཞག་པའི་ལྷ་མོ་ཁྱེད་ཀྱིས་བསྐྱབ་ཏུ་གསོལ།

ཡང་དག་གི་དོན་ལ་གནས་བྱས་ཀྱང་།།
རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས།།
ཤེས་བྱའི་དོན་ལ་རྨོངས་པ་ལ།།
ཡུམ་ཀུན་མཁྱེན་གྱི་ལྷ་མོས་བསྐྱབ་ཏུ་གསོལ།།

རང་གིས་ཡང་དག་གི་དོན་ཡིན་ལུགས་ལ་གནས་པ་རློམ་པར་བྱས་ཀྱང་། རང་བཞིན་མེད་པའི་སྒྲུབ་བྱེད་ཀྱི་གཙོ་བོ་རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས་ནི་ཐར་འདོད་རྣམས་ཀྱི་ཤེས་པར་བྱ་བའི་དོན་གྱི་སྙིང་པོ་དེ་བཞིན་ཉིད་ལ་རྨོངས་པ་བདག་ཅག་ལ་ཡུམ་མཆོག་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་མཁྱེན་གྱི་ལྷ་མོ་ཁྱེད་ཀྱིས་བསྐྱབ་ཏུ་གསོལ།

སྤྲོས་བྲལ་ནམ་མཁའི་མཚན་ཉིད་ཅན།།
ཐམས་ཅད་དེ་དང་དབྱེར་མེད་ཀྱིས།།
ད་དུང་སློབ་མའི་གང་ཟག་ལ།།
ཡུམ་རྫོགས་སངས་རྒྱས་ཀྱིས་བསྐྱབ་ཏུ་གསོལ།།

ཡེ་གདོད་མ་ནས་མཐའ་བཞིའི་སྤྲོས་པ་དང་བྲལ་བ་གནས་ལུགས་སྟོང་པ་ཉིད་དེ་ནི་དགག་བྱ་རྣམ་པར་བཅད་པ་ཙམ་གྱི་ནམ་མཁའི་མཚན་ཉིད་ཅན་ཡིན་པ་དང་། སྣང་ཞིང་སྲིད་པའི་ཀུན་རྫོབ་པའི་ཆོས་འདི་ཐམས་ཅད་གནས་ལུགས་སྟོང་པ་ཉིད་དེ་དང་དབྱེར་མེད་པ་ཡིན་མོད་ཀྱིས། ཚུལ་དེ་ལྟར་ད་དུང་ཡང་མི་ཤེས་པའི་སློབ་མའི་གང་ཟག་བདག་ཅག་ལ་རྒྱལ་བ་ཀུན་གྱི་ཡུམ་གཅིག་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་མངོན་དུ་མཛད་པ་ཁྱེད་ཀྱིས་བསྐྱབ་ཏུ་གསོལ།།

ཞེས་པའང་ཤྲཱིས་ ༢༠༡༨.༤.༡༠ མཚན་མོར་གང་དྲན་བྲེལ་སྟབས་སུ་སྤེལ་བས་ནོངས་པ་ཅི་མཆིས་བླ་མ་ལྷ་དང་བཅས་པར་བཟོད་པར་གསོལ་ལོ།།     །།

རྫུན་ཕམ་སྐབས་ཀྱི་གྲངས་འདྲེན་འགའ་ཞིག


སྡོམ་ (བློ་གླིང་།) ལས།
འབྲས་བུའི་སྒ་ནས་ལྷ་སོགས་བཅུ་པོ་ལ།།
མཐོང་སོགས་བཅུ་བཅུ་སྦྱོར་བས་བརྒྱ་ཕྱེ་ཞིང་།།
ཞེས་པའི་ལྷ་སོགས་བཅུ་དང་མཐོང་སོགས་བཅུ་ནི། མདོ་རྩ་བ་ (སྡེ་བསྟན། འདུལ་བ། ཞུ་པ། འདུལ་བའི་མདོ། སློབ་དཔོན་ཡོན་ཏན་འོད། ༡༨ ན ༤) ལས།
༡ ལྷ་དང་། ༢ ཀླུ་དང་། ༣ གནོད་སྦྱིན་དང་། ༤ དྲི་ཟ་དང་། ༥ མིའམ་ཅི་དང་། ༦ ལྟོ་འཕྱེ་ཆེན་པོ་དང་། ༧ ཡི་དགས་དང་། ༨ ཤ་ཟ་དང་། ༩ གྲུལ་བུམ་དང་། ༡༠ ལུས་སྲུལ་པོའི་ཟླ་ཉིད་ལའོ།།
ཞེས་དང་། དེ་ཉིད་ (༡༨ ན ༣) ལས།
༡ མཐོང་ངོ་།། ༢ བདག་མཐོང་ངོ་།། ༣ སྒྲ་ཐོས་སོ།། ༤ བདག་གིས་སྒྲ་ཐོས་སོ།། ༥ འགྲོའོ།། ༦ བདག་གི་དྲུང་དུ་འོང་ངོ་།། ༧ ལྷན་ཅིག་གཏམ་འདྲེའོ།། ༨ ཕེབས་པར་སྨྲའོ།། ༩ སོ་སོར་ཀུན་དགའོ།། ༡༠ བདག་དང་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་སྨྲ་བ་དེ་ཉིད་དོ།།
ཞེས་གསུངས་སོ།།

ཡང་སྡོམ་ལས།
ངོ་བོའི་སྒོ་ནས་མི་རྟག་ལ་སོགས་དང་།།
མི་སྡུག་ལ་སོགས་འདུ་ཤེས་བཅུ་བཅུ་གསུངས།།
ཞེས་པའི་འདུ་ཤེས་བཅུ་ཚན་གཉིས་ནི། ཊཱིཀྐ་རྒྱ་ཆེར་འགྲེལ་ (སྡེ་བསྟན། འདུལ་བ། འུ་པ། འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཆོས་ཀྱི་བཤེས་གཉེན། ༡༤༨ ན ༥) ལས།
མི་རྟག་པ་ལ་སོགས་པའི་འདུ་ཤེས་ཞེས་བྱ་བ་ནི། མི་རྟག་པའི་འདུ་ཤེས་ལ་སོགས་པའི་འདུ་ཤེས་བཅུ་དང་། མི་སྡུག་པའི་འདུ་ཤེས་ལ་སོགས་པའི་འདུ་ཤེས་བཅུ་སྟེ།  ༡ མི་རྟག་པའི་འདུ་ཤེས་དང་། ༢ མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། ༣ སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ༤ ཟས་ལ་མི་མཐུན་པའི་འདུ་ཤེས་དང་། ༥ འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ༦ ཉེས་དམིགས་ཀྱི་འདུ་ཤེས་དང་། ༧ སྤོང་བའི་འདུ་ཤེས་དང་། ༨ འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། ༩ འགོག་པའི་འདུ་ཤེས་དང་། ༡༠ འཆི་བའི་འདུ་ཤེས་དང་།
ཞེས་པས་མི་རྟག་པའི་འདུ་ཤེས་སོགས་བཅུ་དང་། དེ་བཞིན་མི་སྡུག་པའི་འདུ་ཤེས་སོགས་བཅུ་ཡང་དེའི་འཕྲོར།
༡ མི་སྡུག་པའི་འདུ་ཤེས་དང་། ༢ རྣམ་པར་བསྔོས་པའི་འདུ་ཤེས་དང་། ༣ རྣམ་པར་རྣགས་པའི་འདུ་ཤེས་དང་། ༤ རྣམ་པར་བམ་པའི་འདུ་ཤེས་དང་། ༥ རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། ༦ རྣམ་པར་ཟོས་པའི་འདུ་ཤེས་དང་། ༧ རྣམ་པར་དམར་བའི་འདུ་ཤེས་དང་། ༨ རྣམ་པར་འཐོར་བའི་འདུ་ཤེས་དང་། ༩ རུས་གོང་གི་འདུ་ཤེས་དང་། ༡༠ སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་སོ།།
ཞེས་གསུངས་སོ༎ 

བདེན་པ་ནི་རྫུན་པ་ལས་སྟོབས་ཤུགས་ཆེ།


བདེན་པ་ནི་རྫུན་པ་ལས་སྟོབས་ཤུགས་ཆེ། རྒྱུ་མཚན་ནི།

བདེན་པར་བརྟེན་ན་རྫུན་པའི་སྟོབས་ཤུགས་འཕེལ།།
རྫུན་ལ་བརྟེན་ན་བདེན་པའི་སྟོབས་ཤུགས་ཉམས།།

བདེན་པ་ལ་ནི་གཞི་རྩ་ཡོད།།
རྫུན་པ་ལ་ནི་གཞི་རྩ་མེད།།

བདེན་པ་བདེན་པར་བཤད་ཆོག་ཀྱང་།།
རྫུན་པ་བདེན་པར་བཅོས་ནས་བཤད།།

བདེན་པ་མེད་ན་འཚོ་ཐབས་མེད།།
རྫུན་པ་མེདཀྱང་འཚོ་ཐབས་ཡོད།།

བདེན་པ་དངོས་པོའི་གཤིས་ལ་གྲུབ།།
རྫུན་ནི་སེམས་ཀྱི་ཆོ་འཕྲུལ་ཙམ།།


Tuesday, April 7, 2020

ལམ་གཙོ་རྣམ་གསུམ་དང་འབྲེལ་བའི་བསྟན་བཅོས་འགའ་ཞིག་གི་མཚན་བྱང་།


༡ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྔོན་འགྲོའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ། ཞོགས་དོན་ཡོད་མཁས་གྲུབ། (༡༦༧༡-༡༧༣༧)

༢ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དམར་ཁྲིད་ཟབ་མོ་ཉམས་སུ་ལེན་ཚུལ། (གོང་མཚུངས།)

༣ ལམ་གྱི་གཙོ་བོ་རྣམ་གསུམ་ལས་བརྩམས་པའི་དྲིས་ལན་གྱི་འགྲེལ་པ། ཅོ་ནེ་གྲགས་པ་བཤད་སྒྲུབ།༡༦༧༥-༡༧༤༨)

༤ ལམ་གཙོ་རྣམ་གསུམ་གྱི་སྙིང་པོའི་གནད་སྟོན་པའི་མན་ངག་སྐལ་ལྡན་འཇུག་ངོགས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། (༡༧༡༣-༡༧༩༣)

༥ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་མགུར།པཎ་ཆེན་དཔལ་ལྡན་ཡེ་ཤེས། (༡༧༣༨-༡༧༨༠)

༦ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་ལེན་བྱེད་ཚུལ་དབེན་ས་སྙན་བརྒྱུད་ལྟར་གྱི་འདོན་བསྒྲིགས་ཡོངསའཛིན་ཞལ་ལུང་། བློ་བཟང་རྒྱལ་མཚན་སེངྒེ།(༡༧༥༧-༡༨༤༩)

༧ ལམ་གཙོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་སུ་ལེན་ཚུལ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། (༡༧༦༢-༡༨༢༣)

༨ ལམ་གྱི་གཙོ་བོ་རྣམ་གསུམ་ལ་གཤར་བསྒོམ་གྱིས་བློ་སྦྱོང་བའི་ཚུལ་གསལ་བར་བཀོད་པ་ལེགས་བཤད་སྐལ་བཟང་འཇུག་ངོགས། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ།(༡༧༧༩-༡༨༦༢)

༩ ལམ་གྱི་གཙོ་བོ་རྣམ་གསུམ་ལ་གཤའ་སྒོམ་བྱ་ཚུལ་འདོན་སྒྲིགས་སུ་བཀོད་པ། ཁལ་ཁ་དམ་ཚིག་རྡོ་རྗེ། (༡༧༨༡-༡༨༥༥)

༡༠ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་ལས་བརྩམས་པའི་དྲི་བའི་ལན། པཎ་ཆེན་བསྟན་པའི་ཉི་མ། (༡༧༨༢-༡༨༥༣)

༡༡ ལམ་གཙོའི་གསུང་བགྲོས་མི་ཤིགས་རྡོ་རྗེའི་གཟེག་མ། ཨ་ཁུ་ཤེས་རབ་རྒྱ་མཚོ། (༡༨༠༣-༡༨༧༥)

༡༢ ལམ་གཙོའི་གདམས་ངག་བརྟན་པའི་འཁོར་ལོའི་ཞལ་ལུང་། (གོང་མཚུངས།)

༡༣ ལམ་གཙོའི་ཟིན་ཐོ་བློ་གཏེར་པདྨོ་རྒྱས་པའི་ཉིན་བྱེད།  (གོང་མཚུངས།)

༡༤ ལམ་གཙོ་དང་སེམས་བསྐྱེད་མཆོད་པའི་ཟིན་བྲིས།  (གོང་མཚུངས།)

༡༥ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་གདམས་པ་མདོར་བསྡུས་ཉམས་སུ་ལེན་ཚུལ་འཇམ་མགོན་བླ་མའི་ཞལ་གྱི་བདུད་རྩིའི་ཐིག་པ་ཉོན་མོངས་ནད་སེལ། གྲུབ་དབང་འཇིགས་མེད་བསམ་གཏན།(༡༨༡༤-༡༨༩༧)

༡༦ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་ཀྱི་བརྒྱུད་འདེབས། གསེར་ཏོག་བློ་བཟང་ཚུལ་ཁྲིམས།(༡༨༤༥-༡༩༡༥)

༡༧ ལམ་གྱི་གཙོ་བོ་རྣམ་གསུམ་ཉམས་སུ་ལེན་ཚུལ་གྱི་ཐོ་ཡིག  སོག་པོ་བློ་བཟང་རྟ་དབྱངས།(༡༨༦༧-༡༩༣༧)

༡༨ ལམ་གཙོའི་ཟིན་བྲིས་གསང་བའི་ལྡེ་མིག ཕ་བོང་ཁ་བདེ་ཆེན་སྙིང་པོ། (༡༨༧༨-༡༩༤༡)

༡༩ ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་དམིགས་རྣམསྐྱོང་ཚུལ་མདོར་བསྡུས། པཎ་ཆེན་ཆོས་ཀྱི་ཉི་མ།(༡༨༨༣-༡༩༣༧)

༢༠ ལམ་གཙོའི་ས་བཅད། ༼རྒྱས་པ།༽ འཇིགས་མེད་དམ་ཆོས་རྒྱ་མཚོ། (༡༨༩༨-༡༩༤༦)

༢༡ ལམ་གཙོའི་ས་བཅད། ༼བསྡུས་པ།༽ (གོང་མཚུངས།)

(འདི་དག་ནི་འཁྲུངས་ལོ་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་པ་ཡིན།) 

ལམ་གཙོ་རྣམ་གསུམ་གྱི་འགྲེལ་པ་ཁག་གི་མཚན་བྱང་།



༡ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ། ངག་དབང་བློ་བཟང་རྒྱ་མཚོ། (༡༦༡༧-༡༦༨༢)

༢ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དགོངས་འགྲེལ་ལུང་རིགས་གཏེར་མཛོད། (གོང་མཚུངས།)

༣ ལམ་གཙོ་རྣམ་གསུམ་གྱི་རྣམ་བཤད་གསུང་རབ་ཀུན་གྱི་གནད་བསྡུས་པ་ལེགས་བཤད་སྙིང་པོ།  པཎ་ཆེན་བློ་བཟང་ཡེ་ཤེས། (༡༦༦༣-༡༧༣༧)

༤ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་ཡིག་རྒྱས་པ། ཞོགས་དོན་ཡོད་མཁས་གྲུབ། (༡༦༧༡-༡༧༣༧)

༥ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ། ཅོ་ནེ་གྲགས་པ་བཤད་སྒྲུབ། ༡༦༧༥-༡༧༤༨)

༦ ལམ་གྱི་གཙོ་རྣམ་པ་གསུམ་གྱི་ཁྲིད་ཡིག་ལམ་བཟང་གསལ་བའི་སྒྲོན་མེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། (༡༧༡༣-༡༧༩༣)

༧ ལམ་གཙོ་རྣམ་གསུམ་གྱི་རྣམ་བཤད། བློ་བཟང་རྒྱལ་མཚན་སེངྒེ། (༡༧༥༧-༡༨༤༩)

༨ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་འདོད་འཇོའི་དཔག་བསམ།  བསྟན་དར་ལྷ་རམས་པ། (༡༧༥༩-༡༨༣༡)

༩ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྣམ་བཤད་དོན་ལྡན་ནོར་བུའི་ཕྲེང་བ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། (༡༧༦༢-༡༨༣༥)

༡༠ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཟིན་ཐོ། དབལ་མང་དཀོན་མཆོག་རྒྱལ་མཚན། (༡༧༦༤-༡༨༥༣)

༡༡ ལམ་གཙོ་རྣམ་གསུམ་གྱི་འཁྲིད་ཡིག་སྐལ་ལྡན་འཇུག་ངོགས། དངུལ་ཆུ་དྷརྨ་བྷ་དྲ། (༡༧༧༢-༡༨༥༡)

༡༢ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་ཡིག་གཞན་ཕན་སྙིང་པོ། པཎ་ཆེན་བསྟན་པའི་ཉི་མ། (༡༧༨༢-༡༨༥༣)

༡༣ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཚིག་འགྲེལ་མདོར་བསྡུས་པ་སྐལ་བཟང་ཐར་པའི་འཇུག་ངོགས། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། (༡༨༡༣-༡༨༩༩)

༡༤ ལམ་གཙོའི་འགྲེལ་བ་ཚིག་དོན་གསལ་བ། ཞང་སྟོན་བསྟན་པ་རྒྱ་མཚོ། (༡༨༢༥-༡༨༩༧)

༡༥ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཟིན་བྲིས་སྐལ་བཟང་ཡིད་ཀྱི་གདུང་སེལ། ཀིརྟི་བློ་བཟང་འཕྲིན་ལས། (༡༨༤༩-༡༩༠༤)

༡༦ ལམ་གཙོའི་ཟབ་ཁྲིད་བསྩལ་སྐབས་ཀྱི་གསུང བཤད་ཟིན་བྲིས་ལམ་བཟང་སྒོ་འབྱེད། ཕ་བོང་ཁ་བདེ་ཆེན་སྙིང་པོ། (༡༨༧༨-༡༩༤༡)

༡༧ ལམ་གཙོའི་སྔ་འགྲེལ་བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན། རྡོ་སྦིས་དགེ་བཤེས་རྒྱ་མཚོ། (༡༨༨༤-༡༩༦༨)

༡༨ ལམ་གཙོའི་འགྲེལ་ཆུང་དུས་མུན་འཇོམས་པའི་ཉི་འོད། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས། (༡༩༢༢-༡༩༩༧)

༡༩  ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག (༡༩༣༥- )

༢༠ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་སྐལ་ལྡན་རྣ་བའི་བཅུད་ལེན། པཎ་ཆེན་བཅུ་པ་ཆོས་ཀྱི་དབང་ཕྱུག (༡༩༣༨-༡༩༨༩)

༢༡ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ།ཨཱཅརྱ་རྒྱལ་མཚན་རྣམ་གྲོལ། (དུས་རབས་༢༠པ།)

༢༢ ལམ་གཙོ་རྣམ་གསུམ་གྱི་བཀའ་སློབ་གཡས་འཁྱིལ་དུང་གི་སྒྲ་དབྱངས། མཁན་པོ་ཚུལ་ཁྲིམས་བློ་གྲོས། (༡༩༦༢-)

༢༣ ལམ་གཙོའི་བསྡུས་འགྲེལ་གསེར་གྱི་མཆོད་སྡོང་། སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས། (༡༩-?)

༢༤ ལམ་གཙོ་རྣམ་གསུམ་གྱི་འགྲེལ་པ། རྫ་རྭ་ཉག་སྤྲུལ་སྐུ་བསྟན་འཛིན་མཁས་བཙུན། (?)

༢༥ ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཊཱིཀྐ་ཚིག་དོན་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ།

༢༦ ལམ་གྱི་གཙོ་བོ་གསུམ་གྱི་འཁྲིད་ཡིག་དད་ལྡན་འཇུག་ངོགས།

(འདི་དག་ནི་འཁྲུངས་ལོ་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་པ་ཡིན།)