Wednesday, October 28, 2020

རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་སྡོམ་ཚིག

 ༄༅། །མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་སྡོམ་ཚིག་བློ་གསར་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ༎ 


༄༅།   །འདྲེན་མཆོག་མཉམ་མེད་ཐུབ་པའི་དབང་པོ་དང་༎ དབྱེར་མེད་རྩ་བའི་བླ་མར་གུས་བཏུད་ནས༎ ཐམས་ཅད་མཁྱེན་པ་གསུམ་གྱི་འཛིན་སྟངས་ཡུལ༎དོན་གྱི་རྣམ་པ་སྡོམ་དུ་བསྡུ་བར་བྱ༎ ༈ མཁྱེན་གསུམ་རྣམ་པ་བརྒྱ་དང་བདུན་ཅུ་གསུམ༎ གཞི་ཤེས་ཉེར་བདུན་ལམ་ཤེས་སུམ་ཅུ་དྲུག། རྣམ་མཁྱེན་རྣམ་པ་བརྒྱ་དང་བཅུ་རྣམས་སོ༎ 

       ༈ དང་པོ་གཞི་ཤེས་རྣམ་པ་ཉེར་བདུན་ནི༎ བདེན་པ་གསུམ་ལ་བཞི་བཞི་ལམ་བཅོ་ལྔ༎ ༈ མེད་དང་མི་སྐྱེ་དབེན་དང་མི་བརྫི་བཞི༎ ༈ གནས་མེད་ནམ་མཁའ་བརྗོད་མེད་མིང་མེད་བཞི༎ ༈ འགྲོ་མེད་མི་འཕྲོགས་ཟད་མེད་སྐྱེ་མེད་བཞི༎ རིམ་བཞིན་སྡུག་ཀུན་འགོག་པའི་རྣམཔ་འོ༎ ༈ བྱེད་པོ་ཤེས་པོ་འཕོ་པོ་འདུལ་བ་པོ༎ བདག་མེད་རྟོགས་པའི་མཐོང་ལམ་ཟག་མེད་བཞི༎ ༈ རྨི་ལམ་སྒྲ་བརྙན་མིག་ཡོར་སྨིག་རྒྱུ་སྒྱུ༎ ལྔ་པོ་ལྟ་བུར་རིམ་བཞིན་ཕྱི་དོན་གྱི༎ ངོ་བོ་ཉིད་མེད་མ་སྐྱེས་མ་འགགས་པ༎ གཟོད་མ་ནས་ཞི་རང་བཞིན་མྱ་ངན་འདས༎ དེ་ལྟར་རྟོགས་པའི་སྒོམ་ལམ་ཟག་བཅས་ལྔ༎ ༈ ཕྱི་རོལ་ཀུན་ཉོན་མེད་དང་རྣམ་བྱང་མེད༎ བག་ཆགས་གོས་མེད་དབྱེ་བའི་སྤྲོས་པ་མེད༎ རློམ་མེད་མི་གཡོའི་མཐོང་ལམ་ཟག་མེད་དྲུག། དང་པོ་བཞི་ནི་ཉོན་སྒྲིབ་གཉེན་པོ་དང་༎ ལྷག་མ་ཤེས་སྒྲིབ་རགས་པའི་གཉེན་པོ་སྟེ༎ ལམ་གྱི་བདེན་པའི་རྣམ་པ་བཅོ་ལྔ་འོ༎ 

       ༈ གཉིས་པ་ལམ་ཤེས་རྣམ་པ་སོ་དྲུག་ནི༎ ཀུན་འབྱུང་རྣམ་པ་བརྒྱད་དང་ལམ་གྱི་བདུན༎ སྡུག་བདེན་རྣམ་པ་ལྔ་དང་འགོག་བཅུ་དྲུག། ༈ ཀུན་འབྱུང་སྤང་གཉེན་སྒོ་ནས་བསྟན་པ་ནི༎ འདུན་དངའདོད་ཆགས་ཡང་སྲིད་ལ་དགའི་སྲེད༎ ཆགས་སྡང་གཏི་མུག་ཀུན་རྟོག་སེམས་ཅན་ཞེན༎ རྒྱུ་དང་ཀུན་འབྱུང་རབ་སྐྱེ་རྐྱེན་དང་བཞིར།། རིམ་བཞིན་གསུམ་དང་གསུམ་དང་གཅིག་དང་གཅིག། དེ་དག་རྩ་བའི་བདག་འཛིན་ཞེན་མེད་ཆས༎ ཀུན་བདེན་ལ་བརྟེན་དོན་རྣམ་བརྒྱད་གསུངས་བརྟག། ༈ ལམ་བདེན་དམ་བཅའ་འཐད་པའི་སྒོ་ནས་བསྟན༎ ཚད་མེད་མཐའ་གཉིས་མ་འབྲེལ་ཐ་མི་དད༎ མཆོག་ཏུ་འཛིན་མེད་རྣམ་པར་མི་རྟོག་པ༎ གཞལ་མེད་ཆགས་པ་མེད་པའི་རྣམ་པ་བདུན༎ ལམ་དང་རིགས་པ་སྒྲུབ་པ་ངེས་འབྱིན་བཞིར༎ རིམ་བཞིན་གཉིས་དང་གཉིས་དང་གཉིས་དང་གཅིག། ངེས་འབྱིན་དམ་བཅའ་ཙམ་ལས་འཐད་མ་གསུངས༎ ༈ སྡུག་བདེན་རང་སྤྱིའི་མཚན་ཉིད་སྒོ་ནས་བསྟན༎ མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དང༎ བདེན་པའི་མཚན་ཉིད་མེད་པའི་རྣམ་པ་སྟེ༎ རང་གི་མཚན་ཉིད་བཞི་དང་སྤྱི་མཚན་གཅིག། ༈ འགོག་པ་ཕན་ཡོན་སྒོ་ནས་བསྟན་པ་ནི༎ ནང་དང༌ཕྱི་དང༌ཕྱི་ནང་སྟོང་པ་ཉིད༎ ཆེན་པོ་དོན་དམ་འདུས་བྱས་འདུས་མ་བྱས༎ མཐའ་ལས་འདས་པ་ཐོག་མ་ཐ་མ་མེད༎ དོར་བ་མེད་པ་རང་བཞིན་ཆོས་ཐམས་ཅད༎ རང་གི་མཚན་ཉིད་དང༌ནི་མི་དམིགས་པ༎ དངོས་མེད་ངོ་བོ་ཉིད་ཀྱི་སྟོང་པ་ཉིད༎ འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞིར༎ རིམ་བཞིན་གསུམ་དང་བརྒྱད་དང་གཅིག་དང་བཞི༎ འགྲེལ་པས་འགོག་བདེན་བཅུ་དྲུག་དོན་ཚན་ལྔ༎ དངོས་བཏགས་བྱེད་པོ་ཡུལ་དུ་འཁྲུལ་བ་དང་༎ ངོ་བོ་ཉིད་འགོག་པ་ལ་རིམ་པ་བཞིན༎ ་གསུམ་དང་བརྒྱད་དང་གཅིག་དང་གསུམ་དང་གཅིག། ཕྱེ་བའང་ཐ་མ་གཉིས་བསྡོམས་གོང་དང་འདྲ༎

       ༈ གསུམ་པ་རྣམ་མཁྱེན་རྣམ་པ་བརྒྱ་དང་བཅུ༎ ཉན་ཐོས་ལ་ཡོད་རྗེས་མཐུན་སུམ་ཅུ་བདུན༎ བྱང་སེམས་ལ་ཡོད་རྗེས་མཐུན་སུམ་ཅུ་བཞི༎ ཐུན་མིན་རྣམ་མཁྱེན་རྣམ་པ་སུམ་ཅུ་དགུ༎ ༈ དང་པོ་བྱང་ཕྱོགས་སོ་བདུན་འདི་ལྟ་སྟེ༎ ༈ ལུས་ཚོར་སེམས་ཆོས་དྲན་པ་ཉེར་བཞག་བཞི༎ ༈ དགེ་བ་མ་སྐྱེས་སྐྱེད་ཅིང་སྐྱེས་པ་སྤེལ༎ མི་དགེ་མ་སྐྱེས་མི་སྐྱེད་སྐྱེས་པ་སྤོང་༎ ཡང་དག་སྤོང་བའི་དབྱེ་བ་རྣམ་པ་བཞི༎ ༈ འདུན་བརྩོན་སེམས་དཔྱོད་རྫུ་འཕྲུལ་རྐང་པ་བཞི༎ ༈ དད་བརྩོན་དྲན་ཏིང་ཤེས་རབ་དབང་སྟོབས་ལྔ༎ ༈ དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དགའ༎ ཤིན་སྦྱངས་ཏིང་ངེ་འཛིན་དང་བཏང་སྙོམས་སྟེ༎ ཡང་དག་བྱང་ཆུབ་ཡན་ལག་རྣམ་པ་བདུན༎ ༈ ཡང་དག་ལྟ་བ་རྟོག་པ་ངག་དང་ལས།། འཚོ་བ་རྩོལ་བ་དྲན་པ་ཏིང་ངེ་འཛིན།། འཕགས་ལམ་ཡན་ལག་བརྒྱད་པོ་འདི་དག་གོ། བྱང་ཕྱོགས་སྡེ་ཚན་བདུན་ལ་རིམ་པ་བཞིན༎ ༈ དངོས་པོར་ཡོངས་རྟོག་རྩོལ་བ་ལས་བྱུང་ལམ༎ ཏིང་འཛིན་ཡོངས་སྦྱོང་མངོན་རྟོགས་སྦྱོར་བའི་ལམ༎ མངོན་རྟོགས་དང་འབྲེལ་མངོན་པར་རྟོགས་པའི་ལམ༎ རྣམ་དག་ངེས་འབྱིན་ལམ་ཞེས་འགྲེལ་པར་གསུངས།། 

       ༈ བྱང་སེམས་ལ་ཡོད་རྗེས་མཐུན་སོ་བཞི་ནི༎ གཉེན་པོའི་ལམ་གསུམ་སྤྲུལ་པའི་ལམ་གསུམ་དང་།། མཐོང་ཆོས་བདེར་གནས་ལམ་ལྔ་འདས་ལམ་དགུ།། སྤོང་བའི་ལམ་བཞི་སངས་རྒྱས་ལམ་བཅུ་འོ།། ༈ གཉེན་པོའི་ལམ་ནི་རྣམ་པར་ཐར་པའི་སྒོ༎ སྟོང་ཉིད་མཚན་མེད་སྨོན་མེད་རྣམ་པ་གསུམ༎ ༈ གཟུགས་ཅན་གཟུགས་དང་གཟུགས་མེད་གཟུགས་ལ་ལྟ༎ སྡུག་པའི་རྣམ་ཐར་གསུམ་ནི་སྤྲུལ་པའི་ལམ༎ ༈ གཟུགས་མེད་བཞི་དང་འགོག་པའི་རྣམ་ཐར་ནི༎ མཐོང་ཆོས་བདེ་བར་གནས་པའི་ལམ་ལྔ་འོ༎ ༈ བསམ་གཟུགས་སྙོམས་འཇུག་བརྒྱད་དང་འགོག་སྙོམས་བཅས༎ འཇིག་རྟེན་འདས་པའི་ལམ་ནི་རྣམ་པ་དགུ༎ ༈ སྤོང་ལམ་ཆོས་བཟོད་བར་ཆད་མེད་ལམ་བཞི༎ ༈ སྦྱིན་སོགས་དྲུག་སྟེང་ཐབས་མཁས་སྨོན་ལམ་སྟོབས།། ཡེ་ཤེས་ཕར་ཕྱིན་བཅུ་ནི་སངས་རྒྱས་ལམ།། 

       ༈ ཐུན་མིན་རྣམ་མཁྱེན་རྣམ་པ་སོ་དགུ་ནི༎ སྟོབས་བཅུ་མི་འཇིགས་བཞི་དང༌སོ་རིག་བཞི༎ སངས་རྒྱས་ཆོས་ནི་མ་འདྲེས་བཅོ་བརྒྱད་དང་༎ དེ་བཞིན་ཉིད་དང་རང་བྱུང་སངས་རྒྱས་ཉིད༎ ༈ གནས་དང་གནས་མིན་ལས་ཀྱི་རྣམ་སྨིན་དང་༎ མོས་པ་སྣ་ཚོགས་ཁམས་ནི་སྣ་ཚོགས་དང་༎ དབང་པོ་མཆོག་དང་མཆོག་མིན་ཐམས་ཅད་འགྲོ༎ ཀུན་བྱང་སྔོན་གནས་རྗེས་དྲན་འཆི་འཕོ་སྐྱེ༎ ཟག་ཟད་མཁྱེན་པ་དང་བཅས་སྟོབས་བཅུ་འོ༎ ༈ སྤངས་རྟོགས་ངེས་འབྱུང་བར་ཆད་དམ་བཅས་པར༎ འཇིགས་པ་མེད་པས་མི་འཇིགས་རྣམ་པ་བཞི༎ ༈ ཆོས་དོན་ངེས་ཚིག་སྤོབས་པ་སོ་རིག་བཞི༎ ༈ སངས་རྒྱས་ཆོས་རྣམས་མ་འདྲེས་བཅོ་བརྒྱད་ནི༎ སྤྱོད་པ་རྟོགས་པ་མ་འདྲེས་དྲུག་ཚན་གཉིས༎ འཕྲིན་ལས་ཡེ་ཤེས་མ་འདྲེས་གསུམ་ཚན་གཉིས༎ ༈ འཁྲུལ་དང་ཅ་ཅོ་དྲན་པ་ཉམས་པ་དང་༎ མཉམ་པར་མ་བཞག་ཐ་དད་འདུ་ཤེས་དང་༎ མ་བརྟགས་བཏང་སྙོམས་མི་མངའ་སྤྱོད་པའི་དྲུག། ༈ འདུན་བརྩོན་དྲན་ཏིང་ཤེས་རབ་རྣམ་གྲོལ་ལས༎ ཉམས་པ་མི་མངའ་རྟོགས་པ་མ་འདྲེས་དྲུག། ༈ སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མ་འདྲེས་གསུམ༎ ༈ དུས་གསུམ་ཆགས་ཐོགས་མེད་པའི་ཡེ་ཤེས་གསུམ༎ ༈ དེ་བཞིན་ཉིད་ཀྱི་རྣམ་མཁྱེན་རྣམ་པ་ནི༎ ཆོས་ཉིད་སླར་མི་ལྡང་བར་གཟིགས་པའོ༎ ༈ རང༌བྱུང་ཉིད་ཀྱི་རྣམ་མཁྱེན་རྣམ་པ་ནི༎ ཆོས་རྣམས་ཀུན་ལ་མངའ་དབང་བསྒྱུར་བ་འོ༎ ༈ སངས་རྒྱས་ཉིད་ཀྱི་རྣམ་མཁྱེན་རྣམ་པ་ནི༎ ཆོས་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པའོ༎ 

       དེ་ལྟར་རྣམ་པའི་གྲངས་དང་ཐ་སྙད་ཙམ༎ ངེས་ནས་དེ་ཡིས་མ་ཚིམ་ཞིབ་མོའི་གནད༎ མཚན་ལྡན་བཤེས་དང་དྲི་མེད་གཞུང་བཟང་ལ༎ བརྟེན་ནས་ངོམས་མེད་ཐོས་བསམ་སྒོམ་པ་གཅེས༎ དགེ་བ་འདི་ཡིས་མཁའ་མཉམ་ཡིད་ཅན་ཀུན༎ ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས༎ ས་བཅུ་ལམ་ལྔའི་བགྲོད་པ་མཐར་ཕྱིན་ཏེ༎ སྐུ་བཞིའི་གོ་འཕང་དམ་པ་མྱུར་ཐོབ་ཤོག། 

       ཅེས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་སྡོམ་ཚིག་བློ་གསར་མགུལ་རྒྱན་ཞེས་བྱ་བ་འདི་ནི་རང་གི་བརྗེད་བྱང་དང་སྐལ་མཉམ་གཞན་ལ་ཕན་པའང་སྲིད་སྙམ་སྟེ། གཙོ་ཆེར་རྣམ་བཤད་སྙིང་པོ་རྒྱན་གྱི་དགོངས་པ་དང་མཐུན་པར་བཙུན་པ་ཤྲཱི་མིང་པས་ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༢༨ ལྷག་དཀར་གྱི་ཉིན་ཐོག་ཐག་ཏུ་རྫོགས་པར་སྦྱར་བའོ༎ སརྦམངྒལཾ༎     ༎ 

Monday, October 5, 2020

ལྷ་མོའི་སྦྱིན་སྲེག ༼འཕྲོ་ཅན། ༽

2A པར་སྦྱོར་རུང་བ་ནི། སྤྱིར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས། མགོན་པོ་དང་ལྕམ་སྲིང་གི་སྦྱིན་བསྲེགས་སོགས་ཀྱང་དེ་ལྟར་དུ་མཛད་འདུག་པ་དང་། དེ་མོ་རིན་པོ་ཆེ་དགེ་ལེགས་རྒྱལ་མཚན་གྱིས་མཛད་པའི་ལྷ་མོ་འདི་ཉིད་ཀྱི་སྦྱིན་བསྲེགས་འདོད་པ་ཀུན་འཇོ་ཡང་དེ་དག་དང་ཧ་ལམ་མཐུན་ཞིང་ལག་ལེན་བསྟར་ཆོག་ལྟ་བུར་འདུག་ཀྱང་སྐབས་འགར་དོགས་པའི་གནས་ཀྱང་འདུག་ཅིང་། ཁྱད་པར་གསང་བདག་རྗེ་དྲུང་བཞེད་པའི་རྡོ་རྗེས་ལྷ་མོ་འདི་ཉིད་ཀྱི་སྦྱིན་བསྲེགས་བྱིན་ཟའི་ཕུང་པོ་ཞེས་པར་ཡང་། གོང་གསལ་ལྟར་མཁའ་འགྲོའི་མེ་མཆོད་དང་མཐུན་པའི་བྱེད་ལུགས་དང་། དངོས་གྲུབ་རྒྱ་མཚོའི་དགོངས་པ་ལྟར་བགྱིས་ཚེ་དེ་ཡི་འགྲོས་འཛུབ་མོ་རི་སྟོན་གྱི་ཚུལ་དུ་གནང་འདུག་པས། དུས་ཕྱིས་ལྷ་མོ་འདིའི་སྐོར་ལ་དམ་པ་འདི་ཉིད་ནས་བླ་མ་མང་པོའི་ཞབས་ལ་གཏུགས་ནས་བསྙེན་སྒྲུབ་ལས་གསུམ་གྱི་རིམ་པ་མཐའ་དག་ལ་མཁས་པར་སྦྱངས་པ་བརྟེན་ནས་ལྷ་མོའི་སྐོར་གྱི་ཡིག་ཆ་མང་དག་མཛད་འདུག་པ་རྣམས་ཀྱང་ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་སོགས་ནས་ཚད་མར་མཛད་འདུག་པས། དེ་ཡིས་མཛད་པའི་སྦྱིན་བསྲེགས་བྱིན་ཟའི་ཕུང་པོ་ནས་བཤད་པ་ལྟར་དམིགས་བསལ་འགའ་ཞིག་གཞན་ནས་བླངས་ནས་ལག་ཏུ་བླང་བའི་རིམ་པ་འགོད་པ་ལ།   དེ་ལ་སྔར་ཆོ་ག་མ་བྱས་པའི་གཞིར་སྔོན་དུ་ས་སྦྱང་དགོས་པས་འགྲུབ་ན་རང་གི་ལྷའི་རྣལ་འབྱོར་རྒྱས་པར་བསྒོམས་ནས་ས་སྦྱང་བ་རྒྱས་པར་བྱ་ཞིང་། དེ་ཙམ་མ་གྲུབ་ན།  རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་གཡོན་བརྐྱངས་ཀྱིས་བཞུགས་པར་བསམ་སྟེ། ལག་པ་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་ནས། ཨོཾ་ཨཱཿཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲཱོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ནས། རྡོ་རྗེ་ཁྲོ་བོས་འགེགས་རྣམས་བཅོམས། རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་གྱུར་པར་བསམ་པའམ། ཡང་ན་ལས་སྔགས་བརྒྱ་རྩ་བརྗོད་པས་ཀྱང་རུང་ 


2B སྟེ་དེ་འདྲ་བའི་ཀུན་རྫོབ་ཀྱི་དག་པ་དང་། སའི་ཉེས་སྐྱོན་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར་པར་བསྒོམ་པ་དོན་དམ་པའི་སྦྱང་བ་བྱས་ནས། ས་གཞི་རང་བཞིན་གྱིས་དཀར་བའམ་ས་དཀར་པོ་བྱུགས་པས་དཀར་པོར་བྱས་པ་ལ། ཐོག་མར་དབུས་བཙལ་ནས་ཚངས་ཟུར་གྱི་ཐིག་བཏབ་སྟེ། དེ་ནས་ཐིག་སྐུད་ཁྲུ་ཕྱེད་པ་ཞིག་གིས་དབུས་ནས་ཟླུམ་པོར་བསྐོར། དེ་ནས་ཐིག་སྐུད་ཁྲུ་ཕྱེད་པ་དེ་ལ་སོར་བཞི་བསྣན་ནས་དེའི་དབུས་ནས་ཟླུམ་པོར་བསྐོར། དེ་སྟེང་སླར་ཡང་སོར་བཞི་བསྣན་ནས་ཟླུམ་པོར་བསྐོར་བར་བྱའོ།། དེ་ནས་ཟླུམ་ཐིག་ཕྱི་མ་དང་ཚངས་ཐིག་ཕྲད་མཚམས་ནས་ཕྱོགས་བཞིར་སོར་གཉིས་གཉིས་སོང་བར་ཟུར་ཐིག་བར་ལ་ཐིག་སྐུད་བརྐྱངས་ནས་གྲུ་བཞིར་གདབ་སྟེ། ཁ་ཁྱེར་ལ་འཁོར་ལོའམ་རྡོ་རྗེའི་ཕྲེང་བས་བསྐོར་བར་བྱ་ཞིང་། ཕྱིའི་གྲུ་བཞི་པའི་ཟུར་ནས་ཟླ་བ་ཕྱེད་པའི་སྟེང་རྡོ་རྗེ་རྩེ་གསུམ་པ་ཕྱེད་པས་མཚན་པ་དང་། ཐབ་ཀྱི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། རྡོ་རྗེ་རྩེ་ལྔ་པ་སྲིད་དུ་སོར་བརྒྱད་པ་དཔངས་སུ་སོར་གཅིག་པ་བྱ་བའམ། ཡང་ན་དེ་མོ་དགེ་ལེགས་རྒྱལ་མཚན་གྱི་གསུང་ལྟར་རྡོ་རྗེས་མཚན་པའི་བེ་ཅོན་ཚད་གོང་ལྟར་བྱ་སྟེ། འདི་ནི་འོད་སྙེར། རང་གི་འདོད་པའི་ལྷ་ཡི་མཚན་མ་འགོད་པར་གསུངས་པ་དང་ཡང་མཐུན། དེ་ནས་ཟླུམ་ཐིག་ནང་མའི་སྟེང་ནས་བུད་ཤིང་སྐམ་པོ་སྲོག་ཆགས་མེད་ཅིང་དྲི་ཞིམ་པས་ཟླུམ་པོར་བརྩིགས་ཏེ། བུད་ཤིང་བརྩིགས་པ་ལ་ས་དཀར་པོས་བྱུགས་ཤིང་། ཕྱི་རོལ་དུ་བའི་ལྕི་བ་དང་བདུད་རྩི་དཀར་པོ་དང་ལྡན་པའི་དྲི་དཀར་པོས་བྱུགས་ལ། མེ་ཏོག་དཀར་པོ་སིལ་མ་བཀྲམ་པར་བྱའོ།། བརྩིགས་ཐབ་ལ་འཇིམ་པ་བརྩིགས་པ་དང་བརྐོས་ཐབ་ལ་བྲུས་པའི་ཁྱད་པར་ལས། མུ་རེན་དང་ཁ་ཁྱེར་ལ་སོགས་པའི་དབྱེ་བ་ནི་གོང་གི་བྲིས་ཐབ་ཉིད་ཀྱིས་ཤེས་སོ།།  དེ་ནས་ཆུ་བཞི་དང་བཟེད་ཞལ་གསུམ། བསང་གཏོར་གྱི་ཀུ་ཤའི་ཆུན་པོ་དང་བཅས་པ་མཉྫི་ལ་སོགས་པའི་སྟེང་དུ་གཡོན་དུ་དགོད་པར་བྱ་ཞིང་། བསང་ཆུའམ་ལས་བུམ་ཡང་གཡོན་དུ་དགོད། ལས་བུམ་བསྒྲུབས་ཡོད་ན་བསང་ཆུ་བསྒྲུབ་མི་དགོས་ཤིང་། མེད་ན་བསང་ཆུ་བསྒྲུབ་དགོས་པས།   བསང་ཆུ་སྒྲུབ་ཚུལ་ནི། སྣོད་གཙང་མར་ཆུ་གཙང་མ་ལ་དྲི་བཟང་བཏབ་པ་བཞག་སྟེ། དེ་ཉིད་སྤོས་ཀྱིས་བདུག་ཅིང་། ཧྲཱིཿཥྚྲཱིཿ བརྒྱ་རྩ་བརྒྱད་དམ་བདུན་ཙམ་བཟླས་པས་ 


3A བྱིན་གྱིས་བརླབས། གཡས་སུ་བསྲེགས་རྫས་རྣམས་འབུལ་བའི་རིམ་པ་བཞིན་བསྒྲིགས། དེའི་ནང་རོལ་དུ་འཇིག་རྟེན་པའི་མེ་ལྷའི་མཆོད་རྫས་རྣམས་རིམ་པ་བཞིན་དུ་བཀོད་པའི་མཐར་འཇིག་རྟེན་པའི་མེ་ལྷའི་གཏོར་མ་ཡང་བཤམས། དེའི་ནང་རོལ་དུ་དཔལ་ལྡན་ལྷ་མོ་འཁོར་བཅས་ལ་འབུལ་རྒྱུའི་མཆོད་པ་ཉེར་སྤྱོད་དང་བསྲེགས་རྫས་ཀྱི་མཇུག་ཏུ་གཏོར་མ་འབུལ་ཚེ་གཏོར་མ་ཡང་བཤམས། མར་ཁུ་དང་། དགང་བླུགས་དང་། རྡོ་རྗེ་དྲིལ་བུ། ནང་མཆོད་དང་རཀྟ་གཉིས་ཀྱི་སྣོད་ཐོད་པ་ཁེབས་ལྡན་རྣམས་མདུན་དུ་བཞག་ཅིང་། མེ་གསོ་བའི་ཆས་དང་། ཐབ་ཀྱི་ཁ་ཁྱེར་ལ་འགོད་རྒྱུའི་ཀུ་ཤ་ཡང་སྟ་གོན་བྱས་ལ། རྫས་ཐམས་ཅད་ལ་བདུད་རྩི་རིལ་བུ་བཏབ་པའི་ནང་མཆོད་ཀྱིས་བྲན་པར་བྱ་ཞིང་། སློབ་དཔོན་གྱི་སྟན་ལ་འབྲུ་དཀར་གྱིས་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲི་བར་བྱའོ།། དེ་ལྟར་ཆོ་གའི་ཡན་ལག་རྣམས་ཚོགས་པར་བྱས་ལ། སྔར་སྒྲུབ་ཐབས་སྒོམ་པའི་རྒྱུན་ཡིན་ན་དེས་ཆོག། མིན་ན་ནང་མཆོད་བྱིན་བརླབས་ནས་བཟུང་སྟེ་ཉེར་བསྡུའི་བར་བདག་བསྐྱེད་རྫོགས་པར་བསྒོམ་སྟེ། འཇམ་ཞིང་བདེ་བའི་སྟན་ཧ་ཅང་འཐོན་པོ་མ་ཡིན་པ་ལ་རྐང་པ་གཉིས་ཅུང་ཟད་བརྐྱང་ལ་རྐང་མཐིལ་གཉིས་སྦྱར་བ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་ལ་ཕྱོགས་པར་འདུག་སྟེ། སྨྲ་བ་བཅད། རྡོར་དྲིལ་བྱིན་བརླབས་བྱས་པ་ནས་བཟུང་སྟེ་སྦྱིན་བསྲེགས་མ་ཚར་བར་ལག་པ་རྡོ་དྲིལ་དང་མ་བྲལ་བར་བྱ།     དེ་ནས་ཆོ་ག་དངོས་ལ་འཇུག་པ་ནི།   རྡོ་རྗེ་ནི་ཐབས་དང་། དྲིལ་བུ་ནི་ཤེས་རབ་སྟེ། དེ་གཉིས་ཀའང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ།། སྙམ་དུ་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་སྟཾ། དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་དེ་ལག་པ་གཡས་པའི་མཐེ་བོང་དང་མིང་མེད་ཀྱིས་ཐུགས་ཀར་རྡོ་རྗེ་བཟུང་། ཨོཾ་བཛྲ་གྷནྜ་ཧཱུཾ། ཞེས་བརྗོད་དེ་ལག་པ་གཡོན་པའི་མཐེ་བོང་དང་མིང་མེད་ཀྱིས་དྲིལ་བུ་གཡོན་གྱི་དཀུར་ཁ་གྱེན་ལ་བསྟན་ཏེ་བཟུང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ།། སྙམ་དུ་བསམ་ལ། ཧཱུཾ༑ སེམས་ཅན་རྨོངས་དང་བྲལ་བ་ཡི།། རྡོ་རྗེ་གསོར་བ་མཛེས་པ་ཡིས།། རྣམ་ཐར་ཆོས་ཀྱི་བྱ་


3B བ་སྟེ།། སྤྲོ་དང་བཅས་པས་རྡོ་རྗེ་བཟུང་།། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོཿ ཞེས་རྡོ་རྗེ་གསོར་བར་བྱའོ།། དེ་ནས་རྡོ་རྗེ་གཡས་པའི་དཀུར་བཟུང་བའམ་གསོར་ལ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེཏྲ་པྲ་ཙ་ལི་ནི། པྲཛྙཱ་པ་ར་མི་ཏཱ། ན་ད་སྭ་བྷཱ་ཝེ། བཛྲ་སཏྭ་ཧྲི་ད་ཡ། སནྟོ་ཥ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ་སྭཱཧཱ། ཞེས་བརྗོད་ཅིང་དྲིལ་བུ་ནང་གི་ཕྱོགས་བརྒྱད་དུ་ལྕེ་བསྐྱོད་པས་དཀྲོལ་བར་བྱའོ།། དེ་ནས་ལག་པ་གཡས་པས་ལས་བུམ་གྱི་ཁ་རྒྱན་ནམ་ཀུ་ཤས་ལས་བུམ་གྱི་ཆུའམ་བསང་ཆུ་ནས་བླངས་ཏེ། ཐབ་དང་མཆོད་རྫས་སོགས་དང་རང་ལའང་རང་གི་གཡོན་ནས་བརྩམས་ཏེ་གཡས་སྐོར་དུ་བསང་གཏོར་ལན་གསུམ་བྱ་ཞིང་།   ལས་སྔགས་བརྗོད་པར་བྱའོ།། དེ་རྗེས་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ནས་ཀྱང་གཡས་སྐོར་དུ་ལན་གསུམ་བྱ་ཞིང་།   ལས་སྔགས་བརྗོད་པར་བྱའོ།། དེ་ནས་སླར་ཡང་མེ་ལྷའི་མཆོད་རྫས་རྣམས་ལ་ནང་མཆོད་གཏོར་ལ།   ལས་སྔགས་བརྗོད་ཅིང་། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག། བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ། ཨཉྩ་མ་ཎཾ། པྲོཀྵ་ཎཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝིདྱ། ཤཔྟ། རཱུ་པ། ཤཔྟ། གནྡྷེ།  ར་ས། སྤར་ཤ། རྣམས་བཅུག་སྟེ་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། དེ་ནས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད་དེ། ཡམ་ཤིང་དང་མར་ཁུ་སོགས་བསྲེགས་རྫས་རྣམས་ལ་རེག་པའམ་རེག་པར་མོས་ནས། ཨོཾ་ཨོཾ་སྭཱཧཱ། ཞེས་བརྗོད་དེ་རྫས་རྣམས་དཀྲུས་པར་བསམ། ཨོཾ་ཨཱཿསྭཱཧཱས་ཡམ་ཤིང་། ཨོཾ་ཤྲཱི་སྭཱཧཱས་མར་ཁུ། ཨོཾ་ཛྲིཾ་སྭཱཧཱས་འབྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་དག་ལས་གཞན་པའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་ 


4A པའི་ཉེས་སྐྱོན་ཐམས་ཅད་བྱང་ཞིང་དག་ནས་བདུད་རྩི་ལྔའི་ངོ་བོར་གྱུར་པར་བསམ། དེ་ནས་ཤིང་འོ་མ་ཅན་ལས་བྱུང་བའམ། གཙུབ་ཤིང་ལས་བྱུང་བའམ། མེ་ཐ་མལ་པའམ། དགོན་པའི་མེ་གང་ཡང་རུང་། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་སྣོད་དུ་བཞག་ལ་ཞུན་མར་གྱི་སྒྲོན་མེ་སྤར་ཞིང་།   ལས་སྔགས་བརྗོད་ལ། བསང་ཆུ་དང་ནང་མཆོད་ཀྱིས་མེ་དེ་ལ་གཡས་སྐོར་དུ་ལན་གསུམ་གསུམ་བསང་ངོ་།། དེ་ནས་སྒྲོན་མེ་དེ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩྭའི་ཆུན་པོ་དང་བཅས་པས་ཐབ་ཀྱི་ནང་དུ་འཇུག་ལ།   ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བརྗོད་ཅིང་གཟི་བརྗིད་བསྐྱེད།  ཧཱུཾ༑ ཞེས་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར།   ལས་སྔགས་བརྗོད་ལ། མར་ཁུ་བླུགས་གཟར་བདུན་གྱིས་ཀྱང་མེ་གསོ། དེ་ནས་ཀུ་ཤ་རྣམས་ལག་པས་བཟུང་ལ།   ཨོཾ་བཛྲ་སཏྭ་ཨཱཿ ཞེས་བདུན་བརྗོད་ལ་ཀུ་ཤ་བྱིན་གྱིས་བརླབས། དེ་ནས།  ཨོཾ༑ ཀུ་ཤ་འདི་ནི་གཙང་ཞིང་དགེ། ཚངས་པ་ལྷ་རྣམས་དག་བྱེད་ཡིན།། དཀོན་མཆོག་གསུམ་པོ་མཉེས་བྱེད་པ།། ས་ལས་སྐྱེས་པའི་འདབ་མའི་སྙིང་།། བདག་གི་བགེགས་རྣམས་ཐམས་ཅད་ནི།། ཞི་དང་བཀྲ་ཤིས་མཛད་དུ་གསོལ།། ཞེས་བརྗོད་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་མ་གས་ཤིང་འདབ་མ་མ་གྲུག་པ་ཧ་ཅང་ཡང་མི་རིང་བ་གཉིས་གཉིས་རྩེ་མོ་གཤིབས་པ་རང་གི་གཡོན་ངོས་ནས་བརྩམས་ཏེ་ཐབ་ཀྱི་ཁ་ཁྱེར་ལ་རང་ཁ་གང་དུ་བལྟས་པའི་ངོས་ལ་ཤར་དུ་བྱས་པའི་ལུགས་ཀྱིས། རྩེ་མོ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བསྟན་ལ། སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་འགྲམ་ཞིང་། ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་ཡང་མི་རིང་བས་གཡོག་གོ། ཀུ་ཤ་བཀོད་ཚར་བ་དང་རྡོར་དྲིལ་འཛིན་པའི་ལག་པ་ཐལ་མོ་སྦྱར་ཏེ།   བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་སྟེ། དེ་དག་ནི་སྦྱོར་བའི་ཆོ་གའོ།།  དངོས་གཞིའི་ཆོ་ག་ལ། བསང་ཆུས་ཐབ་བསངས་ཏེ།   ལས་སྔགས་བརྗོད། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཐབ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པ། ཁ་


4B ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང༌། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པར་གྱུར། ཐབ་ཀྱི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་མེ་ལྷ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་བགྲང་ཕྲེང༌དང་སྤྱི་བླུགས་འཛིན་པས་བཞུགས་པར་གྱུར། རང་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས།   ཨོཾ༑ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ།། ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག། སྲེག་བླུགས་ཞལ་ཟས་བཞེས་སླད་དུ།། འདིར་ནི་ཡང་དག་བསྙེན་པར་མཛོད།།   ཨོཾ་ཊཀྐི་ཧཱུཾ་ཛཿ ཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ལས་སྔགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། འོག་ནས་འབྱུང་བར་ལྟར་གྱི་ཆུ་བཞི་ཕུལ་ཏེ།  ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སདྐ་རཾ་པྲོཀྵ་ཎཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་ཀུ་ཤའི་ཆུན་པོས་ཞལ་བསིལ་གྱི་སྣོད་ནས་བཟེད་ཞལ་དང་པོར་ལན་གསུམ་བསང་གཏོར་འབུལ།  སྣོད་དེ་ཉིད་ནས་མཛུབ་མོས་མེ་ཏོག་བླངས་ཏེ། ཁུ་ཚུར་འོག་ཏུ་བསྟན་པ་མཐེའུ་ཆུང་ནས་རིམ་བཞིན་དགྲོལ་བའི་ཕྱག་རྒྱ་དང་། སྔར་གྱི་པྲོཀྵ་ཎཾ་གྱི་གནས་སུ། ཨཉྩ་མ་ཎཾ། ཞེས་པ་བཅུག་ལ་བཟེད་ཞལ་དང་པོར་ཞལ་བསིལ་དང་། རྡོ་རྗེ་སྙིམ་པ་ཁ་ཕྱེ་བའི་ཕྱག་རྒྱ་དང་། ཨརྒྷཾ། ཞེས་སྦྱར་བས་བཟེད་ཞལ་གཉིས་པར་མཆོད་ཡོན་དང་། ཁུ་ཚུར་བཅིངས་ནས་ཆུ་ནང་ནས་མེ་ཏོག་བླངས་ནས་ལན་གསུམ་བསྐོར་ཏེ། ཁུ་ཚུར་ཁ་གྱེན་དུ་བསྟན་པའི་མཛུབ་མོ་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་། པཱདྱཾ། ཞེས་སྦྱར་བས་བཟེད་ཞལ་གསུམ་པར་ཞབས་བསིལ་དབུལ་ཞིང་།   ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་དི་བྱཱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། བཱ་ཧཱ་ནཱ་ཡ་བཛྲ་ཤཔྟ་ཨཱཿཧཱུཾ།   ཨོཾ་ཨགྣ་ཡེ་ ཞེས་པ་ནས། བཱ་ཧཱ་ནཱ་ཡ། ཨོཾ་ཨཱཿཧཱུཾ། ཞེས་པས་ཉེར་སྤྱོད་རོལ་མོ་ནང་མཆོད་དབུལ། དྲིལ་སྟབས་དང་བཅས་པས།  འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས།། མ་ལྷའི་རྒྱལ་པི་ཊཀྐིས་དབང་བསྐུར་བ།། ཤེས་རབ་མཆོག་ 


5A གིས་ཉོན་མོངས་ཐམས་ཅད་བསྲེགས།། འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད།། ཚངས་པ་འཇིག་རྟེན་མགོན་གྱི་སྲས།། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར།། ཐུགས་རྗེའི་དབང་གིས་སྐུ་སྤྲུལ་བ།། རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ།། ཉོན་མོངས་བསྲེགས་པའི་ཤེས་རབ་འོད།། བསྐལ་པའི་མེ་བཞིན་གཟི་བརྗིད་འབར།། མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན།། ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས།། རིག་སྔགས་གསུངས་ཤིང་བགྲང་འཕྲེང་འཛིན།། བདུད་རྩིའི་བཅུད་ལྡན་གྷུཎྜི་བསྣམས།། ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ།། ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད།། འཇིག་རྟེན་གནས་ཀྱང་མྱ་ངན་འདས།། ཞི་བ་བརྙེས་ཀྱང་ཐུགས་རྗེ་ཅན།། དེ་བས་བསྟོད་དེ་ཕྱག་ཀྱང་འཆལ།། ཞེས་པས་བསྟོད།   ཨོཾ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལཱ་ཡ། སརྦ་བྷསྨི་ཀུ་རུ། སརྦ་དུཥྚཾ་ཧཱུཾ་ཕཊ། ཏྲི་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྲཾ། ས་མ་ཡ་ཧཾ། (ཞེས་ལན་གསུམ་གྱིས་དམ་ཚིག་བསྒྲག་གོ། དེ་ནས།)   མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་བྷྱོཿཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར་(པར་བསམ། ལག་པ་གཡོན་པའི་ཁུ་ཚུར་བཅིངས་པའི་སྟེང་ནས་མཐེ་བོང་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱངས་པ་གན་རྐྱལ་དུ་བྱས་པས་དགང་གཟར་མར་གྱིས་བཀང་བ་བཟུང༌། གཡས་པ་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པ་ཁ་ཐུར་དུ་སྦུབ་ལ་བླུགས་གཟར་གྱི་ཡུ་བ་བཟུང་སྟེ། གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་སྟེ། དགང་གཟར་གྱི་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ། མེ་ལྷའི་ཞལ་ཅུང་ཟད་གདངས་བར། དགང་བླུགས་གསུམ་མམ་བདུན་མེ་ལྷའི་སྔགས་ལ་སྤེལ་ཚིག་བཏགས་པ་དབུལ་ཏེ།)  ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་དི་བྱཱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་


5B བྱ་བཱ་ཧཱ་ནཱ་ཡ། བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་དུ་གཅོད་པ་དང༌། སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། ཁྱད་པར་དུ་ཡང་དཔལ་ལྡན་ལྷ་མོའི་སྐུ་གསུང་ཐུགས་དང་འགལ་བའི་དམ་ཚིག་ཉམས་ཆག་དང་འཁོན་གྲིབ་སོགས་བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། (ཞེས་པ་དང༌། སྐབས་འདིར་མེ་ལ་བགེགས་ཡོད་མེད་བརྟགས་ནས། ཡོད་ན་སེལ་ཐབས་སྦྱིན་བསྲེགས་ཀྱི་ཆོ་ག་ཆེན་མོར་གསུངས་པ་ལྟར་བྱ། དེ་ནས་དྲི་ཞིམ་ཞིང་ཚེར་མ་མེད་པའི་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཕྱོགས་སྲིད་དུ་སོར་བཅུ་གཉིས་པ། སྦོམས་སུ་མཐེའུ་ཆུང་གི་ཚད། ལོ་མ་མ་རྙིང་པ། རླན་དང་བཅས་པ། མཉམ་པོར་བཅད་ཅིང་མ་གས་པ། རྩེ་མོ་གཉིས་མར་དང་སྦྲང་རྩིས་བྱུགས་པ། གཉིས་གཉིས་སྦྱར་བའམ། ཡང་ན་རྐྱང་པས་ཀྱང་རུང་སྟེ་ལག་པ་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་གྱི་ཕྱག་རྒྱས་རྩེ་མོ་ལྷ་ལ་བསྟན་ནས་དབུལ་ཞིང༌།)  ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར།  ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་དི་བྱཱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ། ཨོཾ་བོ་དྷི་བྲིཀྵ་ཡ། བདག་ཅག་དཔོན་སློབ་(ཅེས་པ་ནས།) བཀྲ་མི་ཤིས་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། (དེ་ནས་མར་ཁུ་ཕུལ།)  ཨོཾ་ཨགྣ་ཡེ་(ཞེས་པ་ནས།) བཱ་ཧཱ་ནཱ་ཡ། ཨོཾ་ཨགྷྣ་ཡེ། བདག་ཅག་དཔོན་སློབ་(ཅེས་པ་ནས།) བཀྲ་མི་ཤིས་པ་དང་། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ།  (དེ་ནས་ཏིལ་ལ།) ཨོཾ་ཨགྣ་ཡེ་(ཞེས་པ་ནས།) བཱ་ཧཱ་ནཱ་ཡ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། བདག་ཅག་དཔོན་སློབ་(ཅེས་པ་ནས།) བཀྲ་མི་ཤིས་པ་དང་། སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ།  (དེ་ནས་དུར་བ་གཉིས་གཉིས་སྦྱར་ནས་དབུལ་ཞིང་།) ཨོཾ་ཨགྣ་ཡེ་(ཞེས་པ་ནས།) བཱ་ཧཱ་ནཱ་ཡ། ཨོཾ་བཛྲ་ཨ་ཡུ་ཥེ། བདག་ཅག་དཔོན་སློབ་(ཅེས་པ་ནས།) བཀྲ་མི་ཤིས་པ་དང་། ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད

Sunday, October 4, 2020

དཔལ་ལྡན་ལྷ་མོའི་གཡང་འགུགས།

༄༅།།དཔལ་ལྡན་ལྷ་མོའི་གཡང་འགུགས་བཞུགས་སོ༎ 


       བྷྱོཿ དམིགས་མེད་སྙིང་རྗེ་ཆེན་པོའི་ངོས༎ བདེ་ཆེན་ཡེ་ཤེས་ལྷ་ཡི་སྐུ༎ འཇམ་དཔལ་དཔའ་བོའི་སྒྱུ་འཕྲུལ་ཆེ༎ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་ལོ༎ རྣམ་དག་ཁྲིམས་ཀྱི་ཞིང་ས་ལ༎ ཐོས་བསམ་སྒོམ་པའི་ལོ་འབྲས་སྨིན༎ བསླབ་གསུམ་འབྲས་བུ་གཡུར་ཟ་བས༎ མཁས་དང་གྲུབ་པའི་གཡང་ཁུག་ཅིག། རྒྱལ་ཀུན་ལོངས་སྤྱོད་འཁོར་ལོའི་དབུས༎ སྒྲ་དབྱངས་གཟུགས་ཀྱི་རོལ་བ་མོ༎ ངག་གི་དབང་ཕྱུག་དབྱངས་ཅན་ལྷ༎ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་ལོ༎ ཤེས་རབ་མཆོག་གི་སྒྱུ་རྩལ་གྱིས༎ གཞུང་ལུགས་ཀུན་ལ་བྱང་ཆུབ་པའི༎ བསྟན་པ་ཕྱོགས་བཅུར་སྤེལ་ནུས་པའི༎ འཆད་རྩོད་རྩོམ་པའི་གཡང་ཁུག་ཅིག། འོད་སྲུང་བསྟན་པའི་ཐ་མ་ལ༎ རྒྱལ་བ་ཤཱཀྱའི་རྒྱལ་བོ་དང༌༎ ཐུགས་དམ་སྨོན་ལམ་ལྷན་ཅིག་མཛད༎ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་ལོ༎ ལྔ་བརྒྱའི་དུས་ཀྱི་ཐ་མ་འདིར༎ ཐུབ་དབང་སླར་ཡང་བྱོན་པ་བཞིན༎ འགྲོ་བའི་སྡུག་བསྔལ་སེལ་བའི་སྨན༎ བསྟན་པ་དར་བའི་གཡང་ཁུག་ཅིག། རྡོ་རྗེ་འཆང་སོགས་རྩ་བརྒྱུད་ཀྱི༎ བླ་མ་དམ་པའི་བཀའ་བསྒོས་བཞིན༎ རྒྱལ་བསྟན་སྲུང་བའི་མཐུ་རྩལ་ཅན༎ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་ལོ༎ བསྟན་ལ་སྡང་བ་ཚར་གཅོད་ཅིང་༎ བསྟན་འཛིན་བུ་བཞིན་སྐྱོང་བ་ཡི༎ རྒྱལ་བའི་ཐུགས་ཀྱི་བཞེད་པ་ཀུན༎ ལྷུན་གྱིས་གྲུབ་པའི་གཡང་ཁུག་ཅིག། 

       བྷྱོཿ མ་མོ་ཝ་ཤཾ་ཀུ་རུ་མས༎ རྒྱ་གར་ཆོས་ཀྱི་གཡང་ཁུག་ཅིག། རྒྱ་མོ་སྔོན་མོ་དྲི་བཟང་མས༎ རྒྱ་ནག་ནོར་གྱི་གཡང་ཁུག་ཅིག། མ་གཅིག་དཔལ་ལྡན་ཨ་ཕྱི་མས༎ བོད་ཡུལ་དགེ་བཅུའི་གཡང་ཁུག་ཅིག། བརྒྱ་བྱིན་སྲས་མོ་ཨུ་མ་ཡིས༎ སྟེང་ཕྱོགས་ལྷ་ཡི་གཡང་ཁུག་ཅིག། གཙུག་ནའི་བུ་མོ་ནོར་འཛིན་མས༎ འོག་ཕྱོགས་ཀླུ་ཡི་གཡང་ཁུག་ཅིག། གང་བཟང་བུ་མོ་གཟི་ལེགས་མས༎ བྱང་ཕྱོགས་གནོད་སྦྱིནན་གཡང་ཁུག་ཅིག། འདོད་པ་ཁམས་ཀྱི་དབང་ཕྱུག་མས༎ བར་གྱི་མི་ཡི་གཡང་ཁུག་ཅིག། དཀར་མོ་ཟླ་བའི་མདངས་ལྡན་མས། །བར་ཆད་ཞི་བའི་གཡང་ཁུག་ཅིག། སེར་མོ་གཟི་བརྗིད་དཔལ་འབར་མས༎ ཚེ་བསོད་རྒྱས་པའི་གཡང་ཁུག་ཅིག། དམར་མོ་ཆགས་པའི་ཉམས་ལྡན་མས༎ ཁམས་གསུམ་དབང་སྡུད་གཡང་ཁུག་ཅིག། ནག་མོ་དྲག་ཤུལ་རྔམས་པ་མས། །དགྲ་བགེགས་ཚར་གཅོད་གཡང་ཁུག་ཅིག། དཔྱིད་དང་དབྱར་གྱི་རྒྱལ་མོ་ཡིས། །རྩི་ཐོག་རྒྱས་པའི་ གཡང་ཁུག་ཅིག། སྟོན་དང་དགུན་གྱི་རྒྱལ་མོ་ཡིས། །འབྲུ་དྲུག་སྨིན་པའི་གཡང་ཁུག་ཅིག། ལྷ་མོ་བཀྲ་ཤིས་ཚེ་རིང་མས༎ རིང་པོ་ཚེ་ཡི་གཡང་ཁུག་ཅིག། ལྷ་མོ་འཐིང་གི་ཞལ་བཟང་མས། །སྣང་གསལ་བྲ་ཡི་གཡང་ཁུག་ཅིག། ལྷ་མོ་མི་གཡོ་བློ་བཟང་མས། །ཞི་མངར་ཟས་་་ཀྱི་གཡང་ཁུག་ཅིག། ལྷ་མོ་ཅོད་པན་མགྲིན་བཟང་མས༎ བང་མཛོད་ནོར་གྱི་གཡང་ཁུག་ཅིག། ལྷ་མོ་གཏད་དཀར་འགྲོ་བཟང་མས༎ རྐང་བཞི་ཕྱུགས་ཀྱི་གཡང་ཁུག་ཅིག། བོད་ཁམས་བསྟན་མ་བཅུ་གཉིས་ཀྱིས༎ བོད་ཁམས་བདེ་བའི་གཡང་ཁུག་ཅིག། མདོར་ན་མངོན་མཐོ་ལྷ་མིའི་གཡང་༎ ངེས་པར་ལེགས་པ་ཐར་བའི་གཡང་༎ འཆད་རྩོད་རྩོམ་པ་མཁས་པའི་གཡང་༎ ཞི་དུལ་བག་ཡོད་བཙུན་པའི་གཡང་༎ ལྷག་བསམ་འཕྲིན་ལས་བཟང་པོའི་གཡང་༎ བསོད་ནམས་རྒྱས་པ་རྒྱལ་བའི་གཡང་༎ བཙན་ཕྱུག་འཛོམས་པ་ཕྱུག་པོའི་གཡང་༎ རྐང་བཞི་འཕེལ་བ་འབྲོག་གི་གཡང་༎ འབྲུ་དྲུག་རྒྱས་པ་རོང་གི་གཡང་༎ གསེར་དངུལ་དར་ཟབ་ནོར་གྱི༎ རྒྱལ་སྲིད་རིན་ཆེན་བདུན་གྱི་གཡང་༎ བཀྲ་ཤིས་རྟགས་རྫས་བརྒྱུད་ཀྱི་གཡང་༎ ལ་སོགས་སྲིད་དང་ཞི་བ་ཡི༎ ལེགས་ཚོགས་ཐམས་ཅད་གཡང་དུ་ཁུག། བཀྲ་ཤིས་ཕུན་སུམ་ཚོགས་པ་ཡི༎ དགེ་ལེགས་དཔལ་ལ་སྤྱོད་གྱུར་ཅིག།     ༎ 

        ཅེས་པ་འདི་ནི་དད་བརྩོན་ལྡན་པ་ཡེ་ཤེས་ཤེས་རབ་ཀྱིས་བསྐུལ་ངོར།  ྋ དགེ་སློང་བསྟན་པ་རྒྱ་མཚོས་དཔལ་ལྡན་ལྷ་མོ་མངོན་སུམ་དུ་བཞུགས་པའི་གནས་དགོན་ལུང་བྱམས་པ་གླིང་དུ་སྦྱར་བའོ༎     ༎ 

Saturday, October 3, 2020

སྒྲོལ་མ་དང་ལྷ་མོ་སྦྲགས་པའི་གཡང་འགུགས།

 ༄༅།   །རྗེ་བཙུན་སྒྲོལ་མ་དང་དཔལ་ལྡན་ལྷ་མོ་སྦྲགས་སྒྲུབ་ཀྱི་གཡང་འགུགས་ནོར་བུ་དགའ་འཁྱིལ་ཞེས་བྱ་བ་བཞུགས་སོ༎


 ༄༅།   །ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཤྲཱི་མཱན་དེ་ཝཱི་ཡེ། འདིར་རྗེ་བཙུན་སྒྲོལ་མ་དང་དཔལ་ལྡན་ལྷ་མོ་སྦྲགས་ནས་མཆོད་པའི་སྐབས་སུ་གཡང་འགུགས་བྱ་བའི་ཚུལ་ནི། མཎྜལ་བཞི་དང་འབྲེལ་བའི་མཆོད་ཆོག་དེ་གཞི་བདག་གཏོར་བསྔོའི་བར་སྔོན་དུ་བཏང་། ཆོ་ག་དངོས་ནི།        ཀྱཻ༑ རྒྱལ་བ་ཀུན་གྱི་འཕྲིན་ལས་རྣམས༎ གཅིག་བསྡུས་བླ་མ་རྗེ་བཙུན་མར༎ གུས་པ་ཆེན་པོས་གསོལ་འདེབས་ན༎ བྱིན་བརླབས་དངོས་གྲུབ་སྩལ་དུ་གསོལ༎ དབུ་རྒྱན་འོད་ཀྱི་ཕཻརང་བ་ཡིས༎ སྟེང་ཕྱོགས་ལྷ་ཡི་གཡང་ཁུག་ཅིག། གློག་དང་འདྲ་བའི་སྤྱན་གཉིས་ཀྱི༎ བར་གྱི་མི་ཡི་གཡང་ཁུག་ཅིག། གཡས་བསྐུམ་གཡོན་བརྐྱང་ཞབས་གཉིས་ཀྱིས༎ འོག་ཕྱོགས་ཀླུ་ཡི་གཡང་ཁུག་ཅིག། མཆོག་སྦྱིན་སྐྱབས་སྦྱིན་ཕྱག་རྒྱ་ཡིས༎ མཆོག་ཐུན་དངོས་གྲུབ་གཡང་ཁུག་ཅིག། རིན་པོ་ཆེ་ཡི་རྒྱན་མང་གིས༎ འདོད་དགུའི་ལོངས་སྤྱོད་གཡང་ཁུག་ཅིག། ལྷ་རྫས་དར་གྱི་ན་བཟའ་ཡིས༎ ཚུལ་ཁྲིམས་དག་པའི་གཡང་ཁུག་ཅིག། རིགས་བདག་ཚེ་དཔག་མེད་མགོན་གྱིས༎ འཆི་མེད་ཚེ་ཡི་གཡང་ཁུག་ཅིག། གསེར་མདོག་འོད་ཟེར་ཅན་མ་ཡིས༎ བསྲུང་སྐྱོབ་སྦ་བའི་གཡང་ཁུག་ཅིག། ནམ་མཁའི་མདོག་ཅན་རལ་གཅིག་མས༎ མཐུ་བྱད་བཟློག་པའི་གཡང་ཁུག་ཅིག། ཉེར་གཅིག་ལྷ་མོའི་ཚོགས་རྣམས་ཀྱིས༎ འཕྲིན་ལས་སྣ་ཚོགས་གཡང་ཁུག་ཅིག། 

       བྷྱོཿ འཕགས་མའི་ཐུགས་རྗེའི་རྣམ་པར་འཕྲུལ༎ བཀའ་སྲུང་དཔལ་ལྡན་ལྷ་མོ་༏༎ གུས་པས་མཆོད་ཅིང་གསོལ་འདེབས་ན༎ ལས་བཞིའི་དངོས་གྲུབ་སྩལ་དུ་གསོལ༎ དབུ་གདུགས་རྨ་བྱའི་སྒྲོ་མདོངས་ཀྱིས༎ ལྷ་ཡུལ་ཚེ་ཡི་གཡང་ཁུག་ཅིག། གུར་ཁྱིམ་མེ་རླུང་རབ་འཁྲུགས་པས༎ མི་ཡུལ་ཆོས་ཀྱི་གཡང་ཁུག་ཅིག། བཞུགས་གནས་ཁྲག་མཚོའི་ཀློང་འཁོར་གྱིས༎ ཀླུ་ཡུལ་ནོར་གྱི་གཡང་ཁུག་ཅིག། རྫུ་འཕྲུལ་ཤུགས་ལྡན་དྲེའུ་རྟ་ཡིས༎ རྐང་བཞི་ཕྱུགས་ཀྱི་གཡང་ཁུག་ཅིག། མགོ་པགས་སྦྲུལ་གྱི་རྟ་ཆས་ཀྱིས༎ འདོད་དགུའི་ལོངས་སྤྱོད་གཡང་ཁུག་ཅིག། ཞབས་གཉིས་མཛེས་བྱེད་ལྕགས་སྒྲོག་གིས༎ དགོན་སྡེར་བསྡད་པའི་གཡང་ཁུག་ཅིག། རིན་ཆེན་ཐོད་སྐམ་དབུ་རྒྱན་གྱིས༎ མཚན་ལྡན་བཤེས་གཉེན་གཡང་ཁུག་ཅིག། སྤྱན་གསུམ་གློག་ལྟར་འཁྱུག་པ་ཡིས༎ ཐོས་བསམ་སྒོམ་པའི་གཡང་ཁུག་ཅིག། སྦྲལ་དང་སེང་གེའི་སྙན་རྒྱན་གྱིས༎ རིགས་ལུང་གཏོང་བའི་གཡང་ཁུག་ཅིག། ཞལ་གདངས་མི་རོ་ཟ་བ་ཡིས༎ གནས་ལྔ་རིག་པའི་གཡང་ཁུག་ཅིག། ཨ་ལ་ལ་ཡི་གད་མོ་ཡིས༎ མཁས་རྣམས་མགུ་བའི་གཡང་ཁུག་ཅིག། ཕྱག་གཡས་རྡོ་རྗེ་བེ་ཅོན་གྱིས༎ ལོག་སྨྲ་ཚར་གཅོད་གཡང་ཁུག་ཅིག། ཕྱག་གཡོན་ཁྲག་བཀང་ཐོད་པ་ཡིས༎ སྐལ་ལྡན་རྗེས་འཛིན་གཡང་ཁུག་ཅིག། དབུ་སྐྲ་སྨ་ར་རབ་འབར་བས༎ སྙན་གྲགས་རྒྱས་པའི་གཡང་ཁུག་ཅིག། རིན་ཆེན་རུས་པའི་རྒྱན་བཟང་གིས༎ ཚུལ་ཁྲིམས་བསྲུང་བའི་གཡང་ཁུག་ཅིག། རེ་ལྡེ་དར་གོས་གཡང་གཞི་ཡིས༎ ལམ་གཙོ་གསུམ་གྱི་གཡང་ཁུག་ཅིག། མི་མགོ་ལྔ་བཅུའི་དོ་ཤལ་གྱིས༎ ཕྱིན་དྲུག་བསྡུ་བཞིའི་གཡང་ཁུག་ཅིག། ཁྲག་ཞག་ཐིག་ལེའི་སྐུ་རྒྱན་གྱིས༎ རྣམ་དག་དབང་བཞིའི་གཡང་ཁུག་ཅིག། སྟག་ཤམ་སྦྲུལ་གྱི་སྐ་རགས་ཀྱིས༎ ཟབ་ལམ་རིམ་གཉིས་གཡང་ཁུག་ཅིག། ལྟེ་གཙུག་ཉི་ཟླའི་དཀྱིལ་འཁོར་གྱིས༎ བདེ་སྟོང་ཟུང་འཇུག་གཡང་ཁུག་ཅིག། ཐུགས་དམ་ཤོ་རྡེ་དཀར་ནག་གིས༎ མངོན་ཤེས་ལྔ་ཡི་གཡང་ཁུག་ཅིག། ཁྲམ་སོགས་སྐུ་ཆས་སྣ་ཚོགས་ཀྱིས། མཆོག་ཐུན་དངོས་གྲུབ་གཡང་ཁུག་ཅིག། མ་སྲིང་གདོང་ཅན་རྣམ་གཉིས་ཀྱིས༎ འཁོར་སློབ་འདུ་བའི་གཡང་ཁུག་ཅིག། ཨུ་མ་དུང་སྐྱོང་ལྷ་མོ་ཡིས༎ བུ་ཚ་དར་བའི་གཡང་ཁུག་ཅིག། རབ་དྭངས་ཞི་བའི་ལྷ་མོ་ཡིས༎ ནད་གདོན་ཞི་བའི་གཡང་ཁུག་ཅིག། རབ་བརྗིད་རྒྱས་པའི་ལྷ་མོ་ཡིས༎ ཚེ་བསོད་རྒྱས་པའི་གཡང་ཁུག་ཅིག། རབ་ཆགས་དབང་གི་ལྷ་མོ་ཡིས༎ ཁམས་གསུམ་དབང་སྡུད་གཡང་ཁུག་ཅིག། རབ་རྔམ་དྲག་པོའི་ལྷ་མོ་ཡིས༎ དགྲ་བགེགས་བསྒྲལ་བའི་གཡང་ཁུག་ཅིག། རེས་འཁོར་དུས་བཞིའི་རྒྱལ་མོ་ཡིས༎ སྡེ་བཞིའི་དགའ་སྟོན་གཡང་ཁུག་ཅིག། ཇོ་མོ་ཚེ་རིང་མཆེད་ལྔ་ཡིས༎ རང་རང་དངོས་གྲུབ་གཡང་ཁུག་ཅིག། བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱིས༎ བསྟན་འགྲོར་སྨན་པའི་གཡང་ཁུག་ཅིག། བཀའ་ཉན་འཁོར་ཚོགས་རྒྱ་མཚོ་ཡིས༎ གང་བསམ་འགྲུབ་པའི་གཡང་ཁུག་ཅིག། 

       ཀྱཻ༑ ཚངས་པ་བརྒྱ་བྱིན་ལ་སོགས་པ༎ ལྷ་ཡི་བསོད་ནམས་དཔལ་འབྱོར་གཡང་༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎ དགའ་བོ་འཇོག་པོ་ལ་སོགས་པ༎ ཀླུ་ཡི་མི་ཟད་གཏེར་གྱི་གཡང་༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎ འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས༎ བར་གྱི་མི་ཡི་ཕྱུག་གཡང་དེ༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎ རྟ་ནོར་ར་ལུག་ལ་སོགས་པ༎ སྒོ་ན་རྐང་བཞི་ཕྱུགས་ཀྱི་གཡང་༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎གསེར་དངུལ་དར་ཟབ་ལ་སོགས་པ༎ ཕུག་ན་ནོམ་རྫས་འབྱོར་པའི་གཡང་༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎ བུ་དང་ཚ་བོ་ཡང་ཚ་སོགས༎ བར་ན་མགོ་ནག་མི་ཡི་གཡང་༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎ ཕ་རོལ་མི་མཐུན་དལུང་འཇོམས་པའི༎ སྙིང་སྟོབས་ལྡན་པའི་དཔའ་རྩལ་གཡང་༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎ མི་མཐུན་ཞི་བའི་བཀྲ་ཤིས་གཡང་༎ མཐིན་རྐྱེན་འཛོམས་པའི་ཕུན་ཚོགས་གཡང་༎ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༎ གནས་འདིར་ཕྱྭ་དང་གཡང་ལ་བྱོན༎ མདོར་ན་སྔོན་བསགས་བསོད་ནམས་ཀྱི༎ ས་བོན་བྱིན་བརླབས་གྲུ་ཆར་གྱིས༎ བསྐྱངས་པས་དོན་གཉིས་ལོ་ཏོག་གིས༎ རེ་བའི་བང་བ་གང་བར་ཤོག།     ༎ 

       ཅེས་རྗེ་བཙུན་སྒྲོལ་མ་དང་དཔལ་ལྡན་ལྷ་མོ་སྦྲགས་སྒྲུབ་ཀྱི་གཡང་འགུགས་ནོར་བུ་དགའ་འཁྱིལ་ཞེས་བྱ་བ་འདི་ནི། དད་ལྡན་སློབ་མ་འགའ་ཞིག་གི་འདོད་མོས་ལྟར།  ྋ ཐུའུ་བཀྭན་ཡོངས་འཛིན་གྱི་སྒྲོལ་མའི་གཡང་འགུགས་ལ་འཁོར་གཉིས་དང་ལྷ་མོའི་གཡང་འབོད་གསར་དུ་བཅུག་སྟེ།  ྋ བཀའ་བཅུ་པ་བློ་བཟང་རྟ་དབྱངས་ཀྱིས་སུག་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ༎     ༎ 

ལྷ་མོའི་གཡང་འགུགས་འཕྲིན་བཅོལ།

 

བྷྱོཿ  རྒྱལ་བ་ཀུན་ཡུམ་དོན་དམ་ཆོས་ཀྱི་དབྱིངས༎ དག་པ་རབ་འབྱམས་སྤྲོ་བསྡུའི་བྱེད་པོ་མཆོག། ངག་གི་དབང་ཕྱུག་རྡོ་རྗེ་དབྱངས་ཅན་མ༎ གདུག་པ་འདུལ་ཕྱིར་མི་སྡུག་སྲིན་མོའི་ཚུལ༎ ཉི་མའི་གཉེན་གྱི་བསྟན་པ་སྲུང་བའི་གཙོ༎ རྗེས་འཇུག་རྣལ་འབྱོར་བུ་བཞིན་སྐྱོང་བའི་མ༎ དམ་ཉམས་སྲོག་དབུགས་སྡུད་པའི་བཤན་པ་མོ༎ མི་བཟད་ཆོ་འཕྲུལ་དཔག་པར་དཀའ་བའི་བདག། དག་དང་མ་དག་སེམས་ཀྱི་སྣང་ངོ་རུ༎ འཁོར་འདས་སྣ་ཚོགས་མ་ངེས་གཟུགས་སྟོན་ཀྱང་༎ རྩེ་གཅིག་བྱང་ཆུབ་བསྒྲུབ་པའི་རྣལ་འབྱོར་ལ༎ བདེ་ཆེན་དགའ་བཞིའི་དཔལ་སྟེར་ཕོ་ཉ་མོ༎ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་བདག་མོ་སྟེ༎ སྲིད་གསུམ་དབང་བསྒྱུར་དངོས་གྲུབ་ཆར་དུ་འབེབས༎ ཐོགས་མེད་མྱུར་མགྱོགས་འཕྲིན་ལས་འོད་ཞགས་ཀྱིས༎ བརྟན་གཡོའི་ཕྱྭ་གཡང་འགུགས་པའི་དབང་གི་ལྷ༎ དེ་ཕྱིར་དེང་འདིར་རྣལ་འབྱོར་བདག་ཅག་གིས༎ སྲིད་དང་ཞི་བའི་དངོས་གྲུབ་སྒྲུབ་པའི་ཕྱིར༎ སྲིད་གསུམ་བདག་མོ་གསོལ་མཆོད་བསྐུལ་བགྱིད་ན༎ ལྷུན་གྲུབ་དབང་གི་འཕྲིན་ལས་དུས་ལ་བབས༎ རང་ཉིད་ལྷར་གསལ་གཟི་བྱིན་གྱིས་བསྐུལ་བས༎ འཁོར་བཅས་ཐུགས་སྲོག་འོད་དམར་ལྕགས་ཀྱུ་ཡིས༎ སྲིད་ཞིའི་ཕུན་ཚོགས་ཕྱྭ་གཡང་དངོས་གྲུབ་ཀུན༎ བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་འདོད་ཡོན་ཚོགས༎ བདུད་རྩི་འོད་ཟེར་སྣ་ལྔ་འཁྲིགས་བཞིན་དུ༎ ཆར་ལྟར་བབ་སྟེ་རྟེན་ལ་ཐིམ་པ་ཡིས༎ ཕུན་ཚོགས་འདོད་དགུའི་ལོངས་སྤྱོད་རྒྱས་པར་གྱུར༎ 

       ཨོ༑ འགྱུར་མེད་མོས་གུས་རྟེན་འབྱུང་མཁའ་དབྱིངས་སུ༎ བླ་མ་མཆོག་གསུམ་བྱིན་རླབས་དབྱར་གྱི་སྤྲིན༎ མཆོག་ཐུན་དངོས་གྲུབ་གྲུ་ཆར་འདོད་འཇོ་བའི༎ ཕུན་ཚོགས་དངོས་གྲུབ་ཕྱྭ་དང་གཡང་དུ་སྩོལ༎ མ་སྨད་ལེགས་བྱས་རིན་ཆེན་བུམ་བཟང་དུ༎ འཆི་མེད་རྡོ་རྗེའི་སྲོག་གི་ཨ་མྲྀ་ཏ༎ རབ་འཁྱིལ་བསོད་ནམས་ཡོངས་འདུའི་ཁ་རྒྱན་ཅན༎ ཚེ་དཔལ་དངོས་གྲུབ་ཕྱྭ་དང་གཡང་དུ་སྩོལ༎ གཟུངས་སྤོབས་རྣམ་འབྱེད་རྟ་བདུན་འོད་སྣང་གིས༎ རབ་འབྱམས་གཙུག་ལག་པདྨོ་རབ་ཕྱེ་སྟེ༎ ལེགས་བཤད་སྦྲང་རྩིའི་དགའ་སྟོན་ཆད་མེད་པའི༎ ལུང་ཆོས་དངོས་གྲུབ་ཕྱྭ་དང་གཡང་དུ་སྩོལ༎ རྣམ་དག་སྡོམ་གསུམ་སྐྱེད་ཚལ་ཡངས་པ་རུ༎ ཐབས་ཤེས་ཏིང་འཛིན་རྐང་འཐུང་འབུམ་རྒྱས་པས༎ འགྲོ་ལ་ཕན་བདེའི་གྲིབ་བསིལ་སྲིད་མཐའི་བར༎ སྦྱིན་པའི་ཉམས་རྟོགས་ཕྱྭ་དང་གཡང་དུ་སྩོལ།། གང་འཚམས་འཁོར་ལོ་གསུམ་གྱི་བྱ་བ་ཡིས༎ སྐྱེ་དགུའི་ཕན་བདེའི་གཞི་གཅིག་ཐུབ་པའི་བསྟན༎ འཛིན་ཅིང་སྤེལ་བའི་ཁུར་གྱིས་མི་ངལ་བའི༎ ཀུན་བཟང་སྤྱོད་པའི་ཕྱྭ་གཡང་དེང་འདིར་སྩོལ༎ སྔོན་བསགས་རྣམ་པར་དཀར་བའི་ནོར་འཛིན་གཞིར༎ ལོངས་སྤྱོད་འདོད་དགུའི་རྒྱ་མཚོ་རབ་འཁྱིལ་བར༎ མཆོད་སྦྱིན་རླབས་ཀྱི་ཕྲེང་བ་འབུམ་འགྱེད་པའི༎ འཛད་མེད་ནམ་མཁའ་མཛོད་ཀྱི་ཕྱྭ་གཡང་སྩོལ༎ རིན་ཆེན་འབྲུ་དར་བང་མཛོད་ཕྱུར་བུར་གཏམས༎ རྟ་ལུག་གནག་ཕྱུགས་རི་ཀླུང་མ་ལུས་ཁྱབ༎ མཁོ་དགུའི་བཟའ་བཏུང་གོས་རྒྱན་འཁོར་གཡོག་སོགས༎ ཡིད་བཞིན་ལྷུན་གྱིས་འགྲུབ་པའི་ཕྱྭ་གཡང་སྩོལ༎ ལུས་ངག་ཡིད་ཀྱི་བྱ་བའི་ཆུ་ཀླུང་ཀུན༎ རྣམ་དཀར་ལེགས་པའི་ལམ་གྱི་ཡུར་བ་རུ༎ ལེགས་ཞུགས་བསྟན་འགྲོའི་དོན་གྱི་རྒྱ་མཚོ་ཆེར༎ ཐོགས་མེད་འཇུག་པའི་ཕྱྭ་གཡང་དངོས་གྲུབ་སྩོལ༎ ནག་ཕྱོགས་བདུད་ཀྱི་གཡུལ་ལས་རབ་རྒྱལ་ཞིང་༎ ཆོས་སྲིད་ལེགས་ཚོགས་དབྱར་གྱི་ཆུ་བོ་བཞིན༎ སྲིད་གསུམ་དབང་སྡུད་གནོད་བྱེད་ཚར་གཅོད་པའི༎ འཕྲིན་ལས་རྣམ་བཞིའི་ཕྱྭ་གཡང་དངོས་གྲུབ་སྩོལ༎ སྣང་ཞིང་སྲིད་པའི་དཀྱིལ་འཁོར་མ་ལུས་པ༎ རྣམ་དག་བརྟན་གཡོའི་རོལ་པར་འབྱམས་ཀླས་ཤིང་༎ ཡུལ་དྲུག་ལོངས་སྤྱོད་སྒྱུ་མའི་རོལ་པ་ཡིས༎ བདེ་སྟོང་ལང་ཚོ་རྒྱས་པའི་དངོས་གྲུབ་སྩོལ༎ མཁའ་འགྲོའི་དབང་ཕྱུག་གཏུམ་ཆེན་དཔལ་འབར་མ༎ ཐབས་མཆོག་བདེ་ཆེན་བདུད་རྩིའི་མཆོད་ཡོན་གྱིས༎ རབ་མྱོས་བརྒྱད་ཟུང་མི་ཤིགས་རྡོ་རྗེའི་གར༎ ཨེ་ཝཾ་ཟུང་མཇུག་དབྱིངས་སུ་བསྒྱུར་བར་མཛོད༎ མདོར་ན་བྱང་ཆེན་དེ་སྲིད་འབྲལ་མེད་དུ༎ མ་སྲིང་བཞིན་དུ་བརྩེ་བས་གྲོགས་མཛད་ནས༎ ཅི་བསམ་འདོད་དགུའི་རེ་འབྲས་ཐོགས་མེད་དུ༎ ཡིད་བཞིན་དབང་གི་རྒྱལ་པོ་ལྟར་འགྲུབ་མཛོད༎ 

       (ཅེས་མ་གཅིག་སྲིད་གསུམ་བདག་མོ་ལ་བརྟེན་ནས་ཕྱྭ་གཡང་འགུགས་པའི་འཕྲིན་བཅོལ་འདི་ནི། དབལ་ཤུལ་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་ནས་བསྐུལ་ངོར། ྋ རོང་པོ་ཆོས་རྗེའི་སྤྲུལ་མིང་བ་བློ་བཟང་འཕྲིན་ལས་ཀྱིས་སྦྱར་བ་ཛ་ཡནྟུ༎     ༎)