༄༅། །ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་དང་དམ་ཅན་རྡོ་རྗེ་ལེགས་པ་གཉིས་ལ་མཆོད་གཏོར་འབུལ་ཚུལ་བཞུགས་སོ།།
༄༅། །ན་མོ་གུ་རུ་བཛྲ་བྷཻ་ར་ཝ་ཡ། འདིར་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་དང་དམ་ཅན་རྡོ་རྗེ་ལེགས་པ་གཉིས་ལ་མཆོད་གཏོར་འབུལ་བ་ལ། རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་མཆོད་གཏོར་བསྐང་རྫས་རྣམས་བྱིན་གྱིས་རླབས་པ་ནི།) ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས།སྤྱན་གཟིགས། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦ་བིད་པཱུ་ར་པཱུ་ར། སཱུ་ར་སཱུ་ར།ཨཱ་ཝརྟ་ཡ། ཨཱ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ། ཨོཾ་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ་ཨཱཿཧཱུཾ། ཨོཾ་རཱུ་པ། ཤཔྟ། གནྡྷེ། ར་ས། སྤརྴ་ཨཱཿཧཱུཾ།
(རྡོ་རྗེ་གྲགས་ལྡན་གྱི་མངོན་རྟོགས་ནི།) ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས། བྱུ་རུ་དམར་པོའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་དགྲ་བགེགས་བསྒྲལ་བའི་ཁྲག་མཚོ་རྦ་ཀློང་འཁྲུག་ཅིང༌། ཤ་ཆེན་གྱི་ལྷུ་དུམ་ཉིལ་བ། མི་ལྤགས་ཀྱི་བླ་བྲེ། གློ་སྙིང་གི་ཕྲེང་བ། རྒྱུ་མའི་ལྡ་ལྡི། ཀེང་རུས་གཅལ་དུ་བཀྲམ་པའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་བསྣོལ་བའི་གདན་གྱི་སྟེང་དུ་སྣང་སྲིད་དྲེགས་པའི་སྡེ་དཔོན་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་སྐུ་མདོག་དམར་པོ་དྲག་ཏུ་ཁྲོས་པའི་རྔམ་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མདུང་དམར་བསྒྲེང་ཞིང༌།གཡོན་དགྲ་བགེགས་ཀྱི་སྲོག་དབུགས་འགུགས་པའི་ཞབས་པ་བསྣམས་པ། ཞལ་གདངས་ཤིང་ལྗགས་གློག་ལྟར་འཁྱུག་པ། མཆེ་བ་རྣོན་པོ་གཙིགས་ཤིང་། ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་མེ་ལྟར་འབར་ཞིང་། བསེ་ཁྲབ་དང་བསེ་རྨོག་གྱོན་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་ཞིང་།རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་ལ་སག་ལྷམ་གསོལ་ཞིང་། བ་སྤུའི་བུ་ག་ནས་འཕྲོས་པའི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། དེའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་བློན་པོ་ཤ་གྲོལ་ཀྱི་གྲོལ་འཁོལ་པོ་འཛིན་པ་སྡོམ་པོ། སྐྱོ་སངས་འབག་དང་སེང་གེ །མོན་བུ་ཨ་ཙ་རྭ་དང་སྤྲེའུ།བནྡྷེ་འཁར་གསིལ་ཐོགས་པ་བརྒྱ། སྔགས་པ་ཕུར་བུ་ཐོགས་པ་བརྒྱ། བུད་མེད་རལ་པ་སྤྲུག་པ་བརྒྱ། སྐྱེས་པ་གྲི་ཕུབ་ཐོགས་པ་བརྒྱ་ལ་སོགས་པ་འཁོར་དཔག་ཏུ་མེད་པས་བསྐོར་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ནུབ་ཕྱོགས་བདེ་བ་ཅན། བྱང་ཕྱོགས་ཤམྦྷ་ལ། ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་། གནས་ཆུང་པེ་ཧར་ལྕོག་སོགས་གར་བཞུགས་ཀྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས།
ཧཱུཾ༑ སྣང་བ་མཐའ་ཡས་ཡེ་ཤེས་རང་སྣང་རྩལ།།སྣང་སྲིད་དྲེགས་པའི་གཙུག་ན་ཆེ་བའི་ལྷར། །ཡོངས་བཞེངས་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས།།དམ་ཚིག་ལྡན་པའི་གནས་འདིར་རིངས་པར་གཤེགས།། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཀ་མ་ལཱ་ཡ་སྟྭཾ། ཨོཾ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། (ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ།) ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། (ཞེས་ནང་མཆོད་འབུལ།) དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་ལྷའི། །སྤྱན་སྔར་བསྟན་པ་བསྲུང་བར་ཁས་བླངས་པ། །དྲེགས་པའི་སྡེ་དཔོན་པེ་ཧར་གསུང་གི་རྒྱལ། །རྡོ་རྗེ་དྲག་ལྡན་འཁོར་དང་བཅས་ལ་བསྟོད།། (ཅེས་པས་བསྟོད།)
(དམ་ཅན་རྡོ་རྗེ་ལེགས་པའི་མངོན་རྟོགས་ནི།) ༈ མདུན་དུ་རཀྟའི་རྒྱ་མཚོ་འཁྲུགས་པའི་དབུས། །སྟང་ཟིལ་ཕ་ཝང་ལོང་བུའི་སྐུ་མཁར་ནང་། །པད་ཉི་སེངྒེ་དཀར་པོ་བརྗིད་པའི་སྟེང་། །ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་ནི། །དམར་ནག་བཟོད་པར་དཀའ་བའི་གཟི་བརྗིད་ཅན། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ལ་ཟླུམ། །དབུ་སྐྲ་སྨིན་མ་སྨ་ར་དམར་སེར་འབར། །ཕྱག་གཡས་རྡོ་རྗེ་དགྲ་བོའི་ཀླད་ལ་འཕྱར། །གཡོན་པ་འདར་ཞིང་འཕྲིག་པའི་དགྲ་སྙིང་འཛིན། །དར་དམར་འཇོལ་བེར་གསེར་རྐད་སག་ལྷམ་ཅན། །རབ་བརྗིད་ཁྲོ་གཏུམ་རྔམས་པའི་ཚུལ་གྱིས་འགྱིང་། །དེ་ཡི་མདུན་དུ་པད་ཉི་ར་སྐྱེས་སྟེང་། །ཏྲི་ལས་ཐེ་རང་སྟོང་འཁྲུགས་མགར་བ་ནག །ཁྲོ་ཆུའི་ཐོ་བ་མགར་གྱི་སྦུད་པ་འཛིན། །མཐིང་ནག་འོབ་ཞུ་དར་བེར་དགུ་བརྩེགས་གསོལ། །སྟག་རལ་གཟིག་ཤུབས་དཔའ་བོའི་ཆས་ཀྱིས་བརྒྱན། །གསང་ཡུམ་གཡུ་སྒྲོན་ཀོང་བཙུན་དེ་མོ་སོགས། །ཐུགས་ཀྱི་དགྱེས་སྡེ་བསྟན་མའི་ཚོགས་དང་བཅས། །གིང་ཆེན་སྡེ་བཞི་ལྷ་དང་བཙན་བདུད་ཀྱི། །དགེ་བསྙེན་སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར། །བྱ་ཁྲ་འཕར་བ་དོམ་དྲེད་ལྕེ་སྤྱང་སོགས། །ཟ་བྱེད་མཆེ་བ་ཅན་སོགས་ཕོ་ཉ་དང་། །ལས་མཁན་སྣང་སྲིད་དྲེགས་པའི་དམག་ཚོགས་ཀྱིས། །ས་གཞི་བར་སྣང་ནམ་མཁའི་ཁྱོན་ཀུན་འགེས། །དེ་དག་གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །རང་གི་ཐུགས་ཀའི་ས་བོན་འོད་ཟེར་གྱིས། །གར་བཞུགས་གནས་ནས་སྐྱེས་མཆོག་རྡོ་རྗེ་ལེགས།།འཁོར་དང་བཅས་པ་གནས་འདིར་སྤྱན་དྲངས་གྱུར།།
ཀྱཻ༑ འོག་མིན་ཞིང་ཁམས་རི་རབ་མ་ལ་ཡ། །ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་སོགས། །གར་བཞུགས་གནས་ནས་སྲུང་མ་དམ་ཚིག་ཅན། །སྐྱེས་མཆོག་རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །དགྱེས་སྡེ་བསྟན་མ་བཅུ་གཉིས་གིང་ཆེན་བཞི། །དགེ་བསྙེན་སུམ་བརྒྱ་དྲུག་ཅུ་ཕོ་ཉའི་ཚོགས། །སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་དང་བཅས་པ། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །དགྱེས་པའི་མཆོད་གཏོར་དམ་རྫས་སྤྱན་གཟིགས་བཤམས། །གདུང་བའི་དབྱངས་དང་རོལ་མོའི་སྒྲས་བསྐུལ་ན། །སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ལ། །འཁོར་བཅས་ཐོགས་པ་མེད་པར་ད་ཚུར་སྤྱོན།། ཏྲི་བཛྲ་སཱ་དྷུ་ས་མ་ཡ་ཛ་ཿཛཿཛཿཧཱུཾ་བཾ་ཧོཿཀ་མ་ལ་ཡེ་སྟྭཾ། ཨོཾ་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་ཨརྒྷཾ། པདྱཾ།པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། (ཅེས་ནང་མཆོད་ཕུལ་ལ།) ཧཱུཾ༑ གསང་བདག་ཐུགས་སྤྲུལ་མཐུ་སྟོབས་དབང་ཕྱུག་ཆེ། །རྡོ་རྗེ་ལེགས་པ་གསང་ཡུམ་བློན་ཆེན་བཞི། །ལས་བྱེད་མགར་བ་ནག་པོ་འཁོར་བཅས་ལ། །རྩེ་གཅིག་ཡིད་ཀྱིས་གུས་པས་བསྟོད་པར་བགྱི།། (ཅེས་པས་བསྟོད།)
(བཤགས་པ་བྱ་བ་ལ། ཐོག་མར།) རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་སཏྭ། (ཞེས་སོགས་ཡིག་བརྒྱ་ཅི་ནུས་བཟླས་ལ།)
(རྡོ་རྗེ་གྲགས་ལྡན་གྱི་བཤགས་པ་ནི།) ཧཱུཾ༑ རྡོ་རྗེ་འཆང་དང་རྗེ་བཙུན་པད་དཀར་འཛིན། །གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་དང་། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས། །རྩ་བརྒྱུད་བླ་མའི་ཚོགས་རྣམས་དགོངས་སུ་གསོལ། །དངོས་གྲུབ་འབྱུང་གནས་དྲིན་ཅན་བླ་མ་ལ། །ཉོན་མོངས་དབང་གིས་ལོག་ལྟ་བགྱིས་པ་དང་། །རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཞུགས་ནས། །ཁས་བླངས་དམ་ཚིག་འགལ་རྣམས་མཐོལ་ལོ་བཤགས། །དམ་ཅན་ཆོས་སྐྱོང་ཁྱོད་ཀྱིས་དུས་རྒྱུན་དུ། །ཡེངས་མེད་འཕྲིན་ལས་བསྒྲུབ་པར་བྱས་པ་ལ། །མཆོད་གཏོར་ཡོ་བྱད་དམན་པར་གྱུར་པ་དང༌། །གཏང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤགས། །ཆོས་ཀུན་རང་བཞིན་གདོད་ནས་རྣམ་དག་ཀྱང་། །གློ་བུར་ཉེས་སྐྱོན་སྒྲིབ་པ་ཅི་མཆིས་པ། །ཐམས་ཅད་བསམ་པ་ཐག་པས་མཐོལ་ལོ་བཤགས། །རང་བཞིན་རྣམ་དག་ངང་དུ་དག་པར་མཛོད།།
(རྡོརྗེ་གྲགས་ལྡན་གྱི་བསྐང་བ་ནི།) ཧཱུཾ༑ ཕྱག་ན་པདྨོའི་བསྟན་པ་བསྲུང་བ་ལ། །ནམ་ཡང་གཡེལ་བ་མེད་པའི་དམ་ཚིག་ཅན། །ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་འཁོར་བཅས་ལ། །བདེ་ཆེན་རང་སྣང་མཆོད་རྫས་འབུལ་བ་ནི། །ཡན་ལག་བརྒྱད་ལྡན་ཆབ་ཀྱི་མཆོད་ཡོན་དང་། །རྣམ་བཀྲའི་མེ་ཏོག་དྲི་བཟང་བསྲེགས་པའི་སྤོས། །གསལ་འཚེར་ནོར་བུའི་འོད་སོགས་སྣང་གསལ་འབར། །དྲི་མཆོག་བྱུག་པའི་ངད་ལྡན་རོ་བརྒྱ་ཡི། །ཞལ་ཟས་ལྷུན་པོའི་མཆེད་ཟླར་སྤུངས་པ་དང༌། །ཡིད་འོང་སྙན་པའི་རོལ་མོས་སྲིད་པ་གསུམ། །འདར་བྱེད་ཕྱི་ཡི་མཆོད་པ་འབུལ་ལགས་ན། །བཞེས་ཏེ་ཞི་རྒྱས་དབང་གི་འཕྲིན་ལས་མཛོད། །དམར་ཆེན་ཁྲག་གི་ཨརྒྷཾ་དབང་པོ་ལྔའི། །མེ་ཏོག་དྲོད་ལྡན་འཁྲིགས་པས་བར་སྣང་གང་། །ཤ་ཆེན་གུ་གུལ་བསྲེགས་བའི་དུད་སྤྲིན་དང༌། །ཚིལ་ཆེན་སྒྲོན་མེའི་འོད་ཀྱིས་ལྷ་ལམ་གང་། །མཁྲིས་པའི་དྲི་ཆབ་ལྷུན་པོ་ལྟར་སྤུངས་པའི། །ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔ་སོགས། །རྔམ་བརྗིད་རོལ་མོའི་བྱེ་བྲག་མཐའ་ཡས་པ། །འབུལ་གྱི་དྲག་པོའི་འཕྲིན་ལས་མ་ལུས་སྒྲུབས། །མཁའ་དབྱིངས་རྒྱུ་མའི་དྲ་བ་ཡན་ལག་དང༌། །དབང་པོ་ལྡ་ལྡིར་བྲེས་པས་ཡོངས་སུ་ཁྱབ། །བར་སྣང་ལང་ལིང་གར་གྱིས་འགེངས་བྱེད་པའི། །བྱ་ནག་མཆུ་སྡེར་རྣོན་པོས་དགྲ་སྲོག་གཅོད།།མྱུར་མགྱོགས་རྟ་དང་མ་ཧེ་འདོད་འཇོའི་བ། །སྟག་གཟིགས་དྲེད་སོགས་གཅན་གཟན་ས་གཞི་ཁྱབ། །རང་བསྲུང་སྲ་བའི་གོ་ཆ་བཙན་པོ་དང༌། །དགྲ་འཇོམས་རྣོ་ངར་མཚོན་ཆ་སྣ་ཚོགས་པ། །མཛེས་བརྗིད་རྒྱན་ཆ་ལྷབ་ལྷུབ་གོས་བཟང་དང་། །རི་རབ་གླིང་བཞི་གླིང་ཕྲན་འདོད་ཡོན་ལྔ་། །མདོར་ན་སྲིད་ན་དགོས་པའི་ཕུན་སུམ་ཚོགས། །མ་ལུས་ཡིད་ཀྱིས་སྤྲུལ་ཏེ་འབུལ་བར་བགྱི། །སྟོང་གསུམ་ལྟར་ཡངས་བྷནྡྷའི་སྣོད་རྣམས་སུ། །ལྷུན་པོ་ལྟར་སྤུངས་ཤ་ཁྲག་གཏོར་མ་དང༌། །ཁྲག་ཆང་བདུད་རྩིའི་བཏུང་བ་མཚོར་འཁྱིལ་བ། །འབུལ་གྱི་དགྱེས་པ་ཆེན་པོས་བཞེས་སུ་གསོལ།།
(དེ་ནས་འཕྲིན་ལས་གཉེར་དུ་གཏད་པ་ནི།) ཧཱུཾ༑ པད་དཀར་འཆང་བ་རིམ་པར་བྱོན་རྣམས་ཀྱིས། །སྲུང་མར་བསྔགས་ཤིང་དེ་དོན་སྒྲུབ་པ་ལ། །ནམ་ཡང་གཡེལ་བ་མེད་པའི་དམ་ཚིག་ཅན། །ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་འཁོར་བཅས་དགོངས། །སྔོན་ཚེ་ཨོ་ཌི་ཡཱ་ནའི་ཕོ་བྲང་དུ། །ཆོས་རྒྱལ་དཀོན་མཆོག་འབངས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་དྲན་དགོངས་ལ། །ལས་བཞིའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག །ཤམྦྷ་ལ་ཡི་རིགས་ལྡན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་དྲན་དགོངས་ལ། །བསྟན་དང་བསྟན་འཛིན་བསྲུང་ཞིང་སྐྱོང་བ་ལ། །སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་མཛོད། །སྔོན་ཚེ་འཇམ་དབྱངས་ཆོས་རྗེའི་སྤྱན་སྔ་རུ།།འཇམ་མགོན་བསྟན་པ་བསྲུང་ཞིང་སྐྱོང་ངོ་ཞེས། །རྡོ་རྗེའི་གཡར་དམ་བཅས་པ་དྲན་དགོངས་ལ། །འཇམ་མགོན་བསྟན་པ་བསྲུང་ལ་མ་གཡེལ་ཞིག །གངས་ཅན་འགྲོ་ལ་འདོད་དགུ་འབྱུང་བའི་གཞི། །བསམ་འཕེལ་ནོར་བུ་མཐོང་བ་དོན་ལྡན་གྱི། །ལས་བཞིའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་བར། །གངས་ཅན་མགོན་པོའི་འཕྲིན་ལས་རྒྱས་པར་མཛོད། །རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་ཡི། །རྣམ་དཀར་འཕྲིན་ལས་ཕུན་སུམ་ཚོགས་པ་ལ། །འགལ་རྐྱེན་བར་གཅོད་ཐམས་ཅད་ཞི་བ་དང༌། །མཐུན་རྐྱེན་ལེགས་ཚོགས་ལྷུན་གྱིས་གྲུབ་པར་མཛོད། །བསིལ་ལྡན་ལྗོངས་འདིའི་ཕན་བདེ་མ་ལུས་པ། །གང་ལས་འབྱུང་བ་བསམ་འཕེལ་ཡིད་བཞིན་ནོར། །རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་པར་མཛོད།། (ཅེས་འཕྲིན་ལས་བཅོལ་ལོ།།)
(དམ་ཅན་བསྐང་བཤགས་བྱ་བ་ནི།) ཧཱུཾ༑ ཏིང་འཛིན་སྔགས་རྒྱའི་འཁྲུལ་འཁོར་གྱིས་བསྐྲུན་པའི། །ཕྱི་ནང་གསང་རྟེན་བླ་མེད་དམ་ཚིག་རྫས། །ཉེར་སྤྱོད་འདོད་ཡོན་མཆོད་པ་བསམ་མི་ཁྱབ། །སྤྱན་གཟིགས་གོ་མཚོན་བཟའ་བཏུང་མཐུན་པའི་རྫས། །བགོ་བའི་གོས་དང་བཞོན་པའི་བྱེ་བྲག་རྣམས། །ངོ་མཚར་ཡོན་ཏན་ཆེན་པོར་སྨིན་པ་དང༌། །ཁམས་གསུམ་སྐྱེ་དགུ་ཀུན་གྱི་དཔལ་འབྱོར་སོགས། །དགེ་ལེགས་ཕུང་པོ་གཅིག་ཏུ་བསྡུས་པ་ཡིས། །དམ་ཅན་ཆེན་པོ་འཁོར་བཅས་ཐུགས་དམ་བསྐང་། །དགྱེས་པ་དགོངས་ནས་ཅི་འདོད་སྩོལ་བ་དང་། །ཐུགས་དང་འགལ་བར་གྱུར་རྣམས་བཟོད་བཞེས་ཏེ། །ལུས་དང་གྲིབ་མ་བ་མ་བཞིན་དུ་རབ་འགྲོགས་ནས། །རབ་འབྱམས་ལས་བཞིའི་འཕྲིན་ལས་སྒྲུབ་པ་ལ། །ཐོགས་པ་མེད་པའི་མཐུ་དང་ལྡན་པར་མཛོད།།
(བཟློག་པ་ནི།) ཧཱུཾ༑ ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ།། (རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ།།) གཞན་གྱི་བསམ་སྦྱོར་ངན་པ་དང་། །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་བསྟན་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཞང་ཞུང་བཙོ་དམར་འཕེན་པ་བཟློག །སུམ་པ་གླང་ཟོར་འཕེན་པ་བཟློག །བནྡེ་སྔགས་ཟོར་འཕེན་པ་བཟློག །བོན་པོ་རྟ་ཟོར་འཕེན་པ་བཟློག །སྔགས་པ་སྒོང་ཟོར་འཕེན་པ་བཟློག །སྐྱེས་པ་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟེར་འཕེན་པ་བཟློག །མུ་སྟེགས་བར་ཆད་བྱེད་པ་བཟློག །ངན་སྔགས་གདུག་པའི་རྦོད་གཏོང་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བཟློག །ཐེའུ་རང་སྲིད་ལ་བརྐུ་བ་བཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག །དྲང་སྲོང་གཟའ་ཡི་ཀི་ཀཾ་བཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐག་ཟླ་སྐེག་ཞག་སྐེག་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ཧཱུཾ༑ མཐུན་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ་བསྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས།།
(དམ་ཅན་བཟླས་པ་ནི།) དམ་ཅན་འཁོར་དང་བཅས་པ་ཡི། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །སྲོག་གི་ངོ་བོ་ཏྲི་ཡིག་གི།མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར། །རང་ཉིད་ཡི་དམ་ལྷར་གསལ་བའི། །ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས། །ཅི་ལྟར་འདོད་པའི་འཕྲིན་ལས་ཀུན། །ཐོགས་པ་མེད་པར་བསྒྲུབ་པར་གྱུར།།ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷ་ག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུཾ་བཾ་ཧོཿ (ཞེས་བཟླ་ཞིང་། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང་།)
(དེནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ།) ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ནས་གསོལ་བར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨཱ་ཎཾ་ཨདྱ་ནུད་པནྣ་ཏྭ་ཏ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྤ་ར་ཎ་ཧི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། (ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་དབུལ།) ཨོཾ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། (ཞེས་ཆུ་གཉིས་ཉེར་སྤྱོད་དང་ནང་མཆོད་འབུལ།)
(དམ་ཅན་གཏོར་འབུལ་ནི།) དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་བུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་སཱ་དྷུ་ས་མ་ཡ་བྷ་ག་ཏྲ་ཾཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུཾ་ཾཧོཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱཧི། (ཞེས་ལན་གསུམ་མམ་བདུན་གྱིས་གཙོ་བོ་དང་།) ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎ་ཨཱདྱ་ནུཏྤ་ནྣཏཱ་ཏ་ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། (ཅེས་པ་ལན་གསུམ་གྱིས་གཙོ་འཁོར་སྤྱིར་གཏོར་མ་དབུལ།) ཨོཾ་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་ཨརྒྷཾ། པདྱཾ།པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། (ཅེས་ཕྱི་ནང་གི་མཆོད་པ་གོང་བཞིན་ཕུལ་ལ།) ཆོས་སྐྱོང་སྲུང་མ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ཆོས་སྐྱོང་སྲུང་མས་སྒྲོལ། །དགྲ་བགེགས་ཨ་མུ་ཀ་མཱ་ར་ཡ་ཕཊ། (ཅེས་ཐལ་མོ་བརྡབ་བོ།།)
(མཁའ་འགྲོ་སྤྱི་གཏོར་ནི།) ཧ་ཧོ་ཧྲིཿ (ལན་གསུམ།) ཕཻཾ༑ རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས། བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ། པྲེ་ཏ། པེ་ཤཱ་ཙ། ཨུནྨ་ད། ཨ་པ་སྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ།ཨི་མཾ་བཱ་ལི་གྲིཧྣཾ་ཏུ། ས་མ་ཡ་རཀྵནྟུ། མཱ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་པཾ། ཡ་ཐཻཥྚཾ། བྷུ་ཛ་ཐ། བི་པ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མཱ་མ་སརྦ་ཀརྟཡ།སད་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡེ་ཀ་བྷ་བནྟུ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། (ཞེས་ལན་གཉིས་ཀྱིས་གཏོར་མ་ཕུལ།) ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ།བཛྲ་པུཥྤེ། བཛྲ་དྷུ་པེ། བཛྲ་དི་པཾ། བཛྲ་གནྡྷེ། བཛྲ་ནཻ་ཝིདྱ། བཛྲ་ཤཔྟ་ཨཱཿཧཱུཾ་སྭཱཧཱ། (ཞེས་ཕྱི་མཆོད་དང་།) དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། (ཞེས་ནང་མཆོད་ཕུལ།) ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །རྗེད་བྱེད་ཚོགས་རྣམས་མ་ལུས་དང་།།མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགསརྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང་། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།
(གཞི་བདག་གཏོར་མ་ནི།) ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭམབྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར།སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། (ལན་གསུམ་བརྗོད།) ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། (ལན་གསུམ།) བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི་ཉིད་ས་བདག་སའི་ལྷ་མོ།འཛམ་གླིང་སྐྱོང་བ་སྤྱི་དང་། ཁྱད་པར་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། ཡུལ་ལྷ་གཞི་བདག་སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག །བར་དབུས་གཙང་རུ་བཞི། ས་ཕྱོགས་ཡུལ་རིགས་༼དགོན་གནས་༽འདི་ཉིད་ལ་གནས་པའི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ལ་འབུལ་ལོ། །བཞེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། བསམ་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་དང་སྡོངས་གྲོགས་རྒྱ་ཆེན་པོ་གནང་བར་མཛད་དུ་གསོལ་ལོ།། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག།
(རྡོ་རྗེ་གྲགས་ལྡན་གྱི་བསྟོད་པ་ནི།) ཧཱུཾ༑དགྲ་བགེགས་བསྒྲལ་བའི་སྙིང་ཁྲག་གངྒཱའི་རྒྱུན། །འཐུངས་པས་མྱོས་པའི་ཁ་དོག་མེ་ལྟར་འབར། །རྣལ་འབྱོར་བུ་བཞིན་སྐྱོང་བའི་དམ་ཚིག་ཅན། །རྡོ་རྗེ་གྲགས་ལྡན་འཁོར་དང་བཅས་ལ་བསྟོད། ཅེས་བསྟོད།། ཧྲཱིཿ མཁའ་དབྱིངས་བཞུགས་པའི་ཡེ་ཤེས་རྣམ་རོལ་ལས། །བདེ་གཤེགས་དཀྱིལ་འཁོར་རྒྱ་མཚོའི་པདྨའི་དབང་། །རྣམ་གསུམ་རྡོ་རྗེ་རྟག་པའི་སྙིང་པོའི་བཅུད། །དགའ་ལྡན་བསྟན་སྲུང་རྣམ་རོལ་འཆར་ལ་བསྟོད། །རབ་དམར་བྱུ་རུ་པད་རག་ལྷུན་པོ་ཆེ། །མཐུན་མཚམས་སྨུག་རྩི་ཉི་འོད་འདྲེས་པའི་གཟུགས། །ཀུན་གསལ་འགོག་པའི་ཡེ་ཤེས་མེ་དཔུང་ཀློང༌། །དབང་གི་མངའ་བདག་སྲིན་པོ་ཁྲོས་པའི་སྐུ།།ཁྲག་གིས་སྦགས་པའི་ཉི་ཟླ་འབར་བའི་གཟི། །ཤེས་བྱ་ཀུན་ཁྱབ་སྤྱན་གསུམ་གློག་ལྟར་འཁྱུག །རབ་ཡངས་ཤངས་ནས་རླུང་སྤྲིན་རྡོ་རྗེའི་ཆར། །སྲིད་གསུམ་ཟོས་པའི་སོ་རྣོན་གངས་རིའི་འཕྲེང་། །ཚངས་པའི་དབྱངས་དང་འདྲེས་པའི་ཐོག་གི་སྒྲ། །ཚོགས་གཉིས་གཟི་བྱིན་ཁྲོ་གཏུམ་ཀུན་འདུས་ཞལ། །བདུད་འདུལ་དཔའ་བོ་ཆེན་པོ་ཁྱོད་ལ་བསྟོད། །དྲུག་ཚན་དྲུག་གི་བསེ་ཁྲབ་འོད་འབུམ་འཕྲོ། །གཡུལ་དུ་འཇུག་པའི་དཔའ་བོའི་རུ་མཚོན་འབར། །སྟོབས་བཅུའི་མཚོན་ཆ་འཇའ་འོད་ཆགས་པ་བཞིན། །ཐུགས་རྗེའི་ཕྱག་རིང་རྒྱས་པའི་སྤོབས་ཤུགས་ལྡན། །སྟོང་པའི་ངང་དུ་རིག་པའི་མདུང་རྣོན་བསྣུན། །མ་ལུས་ཀུན་རྟོག་ཙིཏྟ་ཞལ་དུ་གསོལ། །ཟུང་འཇུག་ཞབས་གཉིས་གར་གྱིས་མ་རུང་མནན། །སྣང་བྱེད་དབང་པོ་ཆུ་སྐྱེས་རྒྱས་པའི་སྟེང་། །ངོ་མཚར་དཔའ་བོའི་དཀྱིལ་འཁོར་རྫོགས་ལ་བསྟོད། །མ་རུང་ཤ་ཁྲག་མཆོད་གཟུགས་མཐའ་ཡས་པ། །སྦྱང་རྟོག་འབར་བའི་ཚོགས་ཀྱི་འཁོར་ལོས་འགེངས། །དགྱེས་ཤིང་བཞེས་ལ་བཅོལ་བའི་འཕྲིན་ལས་ཀུན། །ཐོགས་མེད་དབང་དུ་འགུགས་བྱེད་ཁྱོད་ལ་བསྟོད།། ཧྲཱིཿབཞེངས་ཤིག་རྗེ་བཙུན་ཁྲོ་བོའི་ཉམས་ཀྱིས་མཛེས། །འཇིག་རྟེན་མགོན་པོ་སྟོང་ཉིད་ཅི་སྟེ་ཞུགས། །ཁམས་གསུམ་མ་རུངས་པ་ཡི་གཏི་མུག་སོལ། །དེ་རིང་སྡིག་ལས་རྣམ་པར་རྒྱལ་བར་མཛོད།། ཧྲཱིཿབཞེངས་ཤིག་མཆོག་མུར་བཞེངས་ཤིག་དཔའ་སྟོབས་ཆེ། །གངས་ཅན་མགོན་པོར་ཟོལ་འཕྲུལ་མཐའ་དག་རྣམས། །ཆོ་འཕྲུལ་ལྟས་ངན་བརྒྱ་ཡིས་ནོན་པར་གྱུར། །ཐུགས་རྗེ་ཆེན་པོའི་ངོ་མཚར་ཀུན་ཁྱབ་མཛོད།། ཧྲཱིཿ བཞེངས་ཤིག་དཔའ་ཆས་ཡོངས་རྫོགས་དབང་གི་ལྷ། །སྡེ་འདིར་ངན་སྦྱོར་མ་ལུས་མྱུར་ཞི་ལ། །རབ་ཡངས་དབང་གི་རྒྱལ་པོ་མ་ལུས་བསྡུས། །བློ་གསལ་སྙན་གྲགས་འཛམ་གླིང་ཀུན་ཁྱབ་མཛོད།།
(དམ་ཅན་བསྟོད་པ་ནི།) ཧཱུཾ༑ གང་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་། །མི་བཟད་གཏུམ་རྔམས་སྣ་ཚོགས་སྒྱུ་འཕྲུལ་གྱིས། །དྲེགས་པའི་དེད་དཔོན་ཆེན་པོའི་སྐུར་སྟོན་པ། །སྐྱེས་མཆོག་རྡོ་རྗེ་ལེགས་པ་ཁྱོད་ལ་བསྟོད། །སྐབས་འགར་མཐིང་ནག་མདོག་འཆང་ར་སྐྱེས་ཞོན།།ཐེ་རང་སྟོང་འཁྲུག་མགར་བ་ནག་པོར་གྲགས། །རྣལ་འབྱོར་སྐྱོང་ཞིང་ཉམས་པའི་སྲོག་གི་གཤེད། །གཙུག་ལག་དཀོར་གྱི་སྲུང་མ་ཁྱོད་ལ་བསྟོད། །ཕུལ་བྱུང་ཡིད་དབང་འཕྲོག་པའི་ལང་ཚོ་ཡིས། །དགྱེས་པ་བསྐྱེད་པའི་ཡུམ་ཆེན་བཅུ་གཉིས་དང་། །མཆེད་འཁོར་སྤྲུལ་བློན་བཀའ་ཉན་ཕོ་ཉར་བཅས། །རྣམ་འགྱུར་ཕ་མཐའ་ཡས་པ་རྣམས་ལ་བསྟོད།།གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་ནས། །དྲིན་ཅན་བླ་མའི་བར་གྱིས་བཀའ་བསྒོས་པའི།།དམ་ཚིག་གཉན་པོ་མ་གཡེལ་དྲན་མཛོད་ལ།།དུས་རྣམས་ཀུན་ཏུ་བདག་ཅག་བསྲུང་ཞིང་སྐྱོབ། །བདག་ཅག་ཆོས་མཐུན་རྣམ་དཀར་བསྒྲུབ་པ་ལ། །བར་དུ་གཅོད་པའི་ཕྱི་ནང་ཉེར་འཚེ་སོགས། །མི་དང་མི་མིན་ལས་བྱུང་ཅི་མཆིས་པ། །ད་ལྟ་ཉིད་དུ་ཞི་བའི་འཕྲིན་ལས་མཛོད། །ཚེ་རིང་བསོད་ནམས་དཔལ་འབྱོར་དམ་ཆོས་རྒྱས། །ཁམས་གསུམ་བརྟན་གཡོ་མ་ལུས་དབང་དུ་བསྡུས། །ཡོངས་འཛིན་ཞབས་བརྟན་འཁོར་སློབ་ལྟོས་བཅས་རྣམས།།ཡིད་མཐུན་དགའ་སྤྲོ་རྒྱས་པའི་འཕྲིན་ལས་མཛོད། །བདག་ཅག་རྣམས་ལ་ཐོ་བརྩམས་གླགས་བལྟ་ཞིང༌། །ཁ་མཆུ་བསྙད་འདོགས་བརྐུ་འཕྲོག་མཐུ་བྱད་སོགས། །ལོག་པར་སྒྲུབ་པའི་དགྲ་བགེགས་མ་ལུས་པ། །མངོན་སྤྱོད་ལས་ཀྱིས་མྱུར་དུ་ཚར་གཅོད་མཛོད། །གཞི་ལམ་བྱེས་གསུམ་གར་འགྲོ་གར་འདུག་ཀྱང་། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད།།ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས། །གང་བཅོལ་ལས་རྣམས་ཐོགས་མེད་འགྲུབ་པརམཛོད།།
(དེ་ནས་གཏང་རག་གི་མཆོད་བསྟོད་དང་།བཟོད་གསོལ། སྨོན་ཤིས་སོགས་མཇུག་ཆོག་སྤྱི་ལྟར་བྱའོ།། ༈ འདི་ཡང་བཙུན་པ་ཤྲཱི་མིང་པས་འཕྲལ་གྱི་དགོས་མཁོར་ནག་འགྲོས་སུ་ ༢༠༢༡ ཟླ་བ་ ༤ ཚེས་ ༢ ཉིན་བསྒྲིགས་པའོ།། སརྦ་མངྒ་ལཾ།། །།