༄༅། །ནམོགུརུམཉྫུགྷོཥཱཡ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། འདིར་ཤེས་རབ་སྙིང་པོའི་དོན་ཅུང་ཟད་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ།། དང་པོ་མཚན་གྱི་དོན་ནི། རྒྱ་གར་སྐད་དུ། བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ། གཉིས་པ་འགྱུར་གྱི་ཕྱག་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།། གསུམ་པ་གཞུང་གི་དོན་ལ་གཉིས། མདོ་འདི་གང་ལས་འབྱུང་བའི་གླེང་གཞི་དང་། དེ་ལས་བྱུང་བའི་མདོ་དངོས་ཀྱི་དོན་ནོ།། དང་པོ་མདོ་འདི་གང་ལས་འབྱུང་བའི་གླེང་གཞི་ལ་གཉིས། གླེང་གཞི་ཐུན་མོང་བ་དང་། ཐུན་མོང་མིན་པའི་གླེང་གཞིའོ།། དང་པོ་གླེང་གཞི་ཐུན་མོང་བ་ལ་བཞི། དུས་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པའོ།། དང་པོ་དུས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས། གསུམ་པ་གནས་ཕུན་སུམ་ཚོགས་པ་ནི། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། གཉིས་པ་ཐུན་མོང་མིན་པའི་གླེང་གཞི་ནི། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ།།
གཉིས་པ་དེ་ལས་བྱུང་བའི་མདོ་དངོས་ཀྱི་དོན་ལ་བཞི། ཤཱ་རིའི་བུས་དྲི་བ་དྲིས་པ། སྤྱན་རས་གཟིགས་ཀྱིས་ལན་བཏབ་པ། སྟོན་པས་མཐུན་འགྱུར་བྱིན་པ། འཁོར་རྣམས་ཀྱིས་འཛིན་པར་དམ་བཅས་པའོ།། དང་པོ་ཤཱ་རིའི་བུས་དྲི་བ་དྲིས་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། གཉིས་པ་སྤྱན་རས་གཟིགས་ཀྱིས་ལན་བཏབ་པ་ལ་བཞི། མཚམས་སྦྱར་བ། དབང་བརྟུལ་ལ་སོ་སོར་ཕྱེ་སྟེ་བསྟན་པ། དབང་རྣོན་ལ་སྔགས་ཚིག་ཉུང་ངུས་བསྟན་པ། དོན་བསྡུས་ཏེ་བསླབ་པར་གདམས་པའོ།། དང་པོ་མཚམས་སྦྱར་བ་ནི། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། གཉིས་པ་ད་བང་བརྟུལ་ལ་སོ་སོར་ཕྱེ་སྟེ་བསྟན་པ་ལ་གཉིས། ལམ་ལྔ་ལ་བསླབ་ཚུལ་སོ་སོར་བསྟན་པ་དང། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་བསྟན་པའོ།། དང་པོ་ལམ་ལྔ་ལ་བསླབ་ཚུལ་སོ་སོར་བསྟན་པ་ལ་བཞི། ཚོགས་སྦྱོར་ལ་བསླབ་ཚུལ། མཐོང་ལམ་ལ་བསླབ་ཚུལ། སྒོམ་ལམ་ལ་བསླབ་ཚུལ། མི་སློབ་ལམ་ལ་བསླབ་ཚུལ་ལོ།། དང་པོ་ཚོགས་སྦྱོར་ལ་བསླབ་ཚུལ་ལ་གཉིས། མདོར་བསྟན་པ་དང་།རྒྱས་པར་བཤད་པའོ།། དང་པོ་མདོར་བསྟན་པ་ནི། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གཟུགས་ཕུང་པོ་ཇི་ལྟར་བསླབ་ཚུལ་དང་། རིགས་པ་དེ་ཕུང་པོ་ལྷག་མ་ལ་སྦྱར་བའོ།། དང་པོ་གཟུགས་ཕུང་པོ་ཇི་ལྟར་བསླབ་ཚུལ་ནི། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། གཉིས་པ་རིགས་པ་དེ་ཕུང་པོ་ལྷག་མ་ལ་སྦྱར་བ་ནི། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ།། གཉིས་པ་མཐོང་ལམ་ལ་བསླབ་ཚུལ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ།མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ།བྲི་བ་མེད་པ། གང་བ་མེད་པའོ།།
གསུམ་པ་སྒོམ་ལམ་ལ་བསླབ་ཚུལ་ལ་གཉིས། སྒོམ་ལམ་སྤྱི་ལ་བསླབ་ཚུལ་དང་། ཁྱད་པར་རྒྱུན་མཐའི་རྡོ་རྗེ་ལྟ་བུ་ལ་བསླབ་ཚུལ་ལོ།། དང་པོ་སྒོམ་ལམ་སྤྱི་ལ་བསླབ་ཚུལ་ལ་བདུན། ཕུང་པོ་ལྔ་མི་སྣང་བར་བསྟན་པ། སྐྱེ་མཆེད་བཅུ་གཉིས་མི་སྣང་བར་བསྟན་པ། ཁམས་བཅོ་བརྒྱད་མི་སྣང་བར་བསྟན་པ། རྟེན་འབྲེལ་བཅུ་གཉིས་མི་སྣང་བར་བསྟན་པ། བདེན་པ་བཞི་མི་སྣང་བར་བསྟན་པ། ཐོབ་བྱེད་ལམ་གྱི་ངོ་བོ་མི་སྣང་བར་བསྟན་པ། ཐོབ་བྱའི་འབྲས་བུ་མི་སྣང་བར་བསྟན་པའོ།། དང་པོ་ཕུང་པོ་ལྔ་མི་སྣང་བར་བསྟན་པ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། གཉིས་པ་སྐྱེ་མཆེད་བཅུ་གཉིས་མི་སྣང་བར་བསྟན་པ་ནི། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ།། གསུམ་པ་ཁམས་བཅོ་བརྒྱད་མི་སྣང་བར་བསྟན་པ་ནི། མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ།། བཞི་པ་རྟེན་འབྲེལ་བཅུ་གཉིས་མི་སྣང་བར་བསྟན་པ་ནི། མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ།། ལྔ་པ་བདེན་པ་བཞི་མི་སྣང་བར་བསྟན་པ་ནི། དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། དྲུག་པ་ཐོབ་བྱེད་ལམ་གྱི་ངོ་བོ་མི་སྣང་བར་བསྟན་པ་ནི། ཡེ་ཤེས་མེད། བདུན་པ་ཐོབ་བྱའི་འབྲས་བུ་མི་སྣང་བར་བསྟན་པ་ནི། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ།། གཉིས་པ་ཁྱད་པར་རྒྱུན་མཐའི་རྡོ་རྗེ་ལྟ་བུ་ལ་བསླབ་ཚུལ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། བཞི་པ་མི་སློབ་ལམ་ལ་བསླབ་ཚུལ་ནི། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ།། གཉིས་པ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་བསྟན་པ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།། གསུམ་པ་དབང་རྣོན་ལ་སྔགས་ཚིག་ཉུང་དུས་བསྟན་པ་ལ་གཉིས། སྔགས་ཀྱི་ཆེ་བ་བསྟན་པ་དང་། ཆེ་བ་དང་ལྡན་པའི་སྔགས་དངོས་བསྟན་པའོ།། དང་པོ་སྔགས་ཀྱི་ཆེ་བ་བསྟན་པ་ནི། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། གཉིས་པ་ཆེ་བ་དང་ལྡན་པའི་སྔགས་དངོས་བསྟན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱཧཱ། བཞི་པ་དོན་བསྡུས་ཏེ་བསླབ་པར་གདམས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ།།
གསུམ་པ་སྟོན་པས་མཐུན་འགྱུར་བྱིན་པ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། ལེགས་སོ།། ཞེས་བྱ་བ་བྱིན་ནས། ལེགས་སོ།། ལེགས་སོ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་།། བཞི་པ་འཁོར་རྣམས་ཀྱིས་འཛིན་པར་དམ་བཅས་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བཞི་པ་མཇུག་གི་དོན་(ལ་གཉིས། གཞུང་ཡོངས་སུ་རྫོགས་པར་བསྟན་པ་དང་། ལོ་པཎ་གང་གིས་བསྒྱུར་ཅིང་ཞུས་པའོ།། དང་པོ་གཞུང་ཡོངས་སུ་རྫོགས་པར་བསྟན་པ་ནི།) བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། (གཉིས་པ་ལོ་པཎ་གང་གིས་བསྒྱུར་ཅིང་ཞུས་པ་ནི།) རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ་ལ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་དང་ཞུ་དག་ལེགས་པར་བགྱིས་སོ།། །།
དེ་ལྟར་དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་ཤེས་རབ་སྙིང་པོའི་ས་བཅད་བསྡུས་དོན་ལ། གཞུང་ཚིག་སོ་སོའི་ཐད་ཀར་ས་བཅད་ཀྱི་མཚན་མི་གསལ་བ་རྣམས་བཀོད་ཅིང་། མཐའི་མཇུག་གི་དོན་ལས་ཕྱེ་བའི་ས་བཅད་གཉིས་པོ་(ཕྲན་གྱིས)གསར་དུ་བཅུག །ཤེས་རབ་སྙིང་པོའི་གཞུང་ཚིག་གི་ཧོར་ཁོངས་རྣམས་ཀྱང་བསབ་སྟེ་གཞུང་ཆ་ཚང་བར་བཀོད་པ་འདི་ནི། རང་གིས་རང་ལ་དབྱངས་ཅན་འབངས་ཞེས་བཏགས་པའི་བཙུན་པ་ཤྲཱི་མིང་པས་ཕྱི་ལོ་ ༢༠༢༡ ཟླ་བ་ ༤ ཚེས་ ༢༣ ཉིན་བསྒྲིགས་པའོ།། ཤུབྷཾ།། །།
No comments:
Post a Comment