༄༅། །ནམོབུདྡྷཤཱཀྱམུཎིཡེ། སྲ་བརྐྱང་མ་མའི་རྣམ་གཞག་ཁ་སྐོང་ནི།། དབྱེ་བ་ངོ་བོ་བསྡུ་ཚུལ་གསུམ་གྱིས་བཤད།།
༈ དང་པོ་ལུང་གཞིར་མ་མ་བརྒྱད་གསུངས་པ།། སོང་བ་རྫོགས་པ་ངེས་པ་ཉམས་པ་དང་།། ཐོས་དང་མཚམས་ལས་འདས་དང་རེ་བ་ཆད།། སྲ་བརྐྱང་ཕྱུང་བའི་མཐའ་ཅན་མ་མ་བརྒྱད།། མ་མའི་སྒྲ་དོན་སོ་གཅིག་དབྱེ་བ་སོགས།། མཚོ་ཊཱིཀ་སྡོམ་དང་མཐའ་དཔྱོད་ལ་སོགས་ལྟོས།།
༈ གཉིས་པ་མ་མ་བརྒྱད་ཀྱི་ངོ་བོ་ནི།། མཚམས་ནང་མཚམས་ལ་རེ་མེད་མཚམས་ཕྱིར་སོང་།། དེ་ཡི་སྟོབས་ཀྱིས་ཕྱུང་བ་སོང་མཐའ་ཅན།། སྟོབས་ཀྱིས་ཕྱུང་བ་འོག་མ་དྲུག་ལ་སྦྱར།། རྙེད་པ་ལག་ཏུ་ཐོབ་པ་རྫོགས་མཐའ་ཅན།། རྙེད་པར་རེ་མེད་ཡིད་གཉིས་མཚམས་ཀྱི་ཕྱིར།། མཚམས་ལ་རེ་ཆད་ཡིད་གཉིས་ངེས་མཐའ་ཅན།། རྙེད་པ་བརླག་པའི་གཏམ་ཐོས་ཉམས་མཐའ་ཅན།། སྲ་བརྐྱང་ཕྱུང་བའི་གཏམ་ཐོས་ཐོས་མཐའ་ཅན།། མཚམས་ལ་ཡིད་གཉིས་མཚམས་འདས་མཚམས་འདས་མཐའ།། ལེན་འདོད་བསམ་པའི་རྒྱུན་ཆད་རེ་ཆད་མཐའ།། གསོལ་བཞིའི་ལས་ཀྱིས་ཕྱུང་བ་བརྒྱད་པ་ཡིན།།
༈ གསུམ་པ་མ་མ་བསྡུ་ཚུལ་སུམ་ཅུ་ལས།། སོང་བས་གཉིས་བསྡུས་རྫོགས་དྲུག་ངེས་པས་བཞི།། ཉམས་དྲུག་ཐོས་བཞི་མཚམས་ལས་འདས་པས་གཉིས།། རེ་ཆད་ཀྱིས་དྲུག་མཐའ་མས་བཅོས་མ་ཀུན།། བསྡུས་ཀྱང་གང་ཟག་ཞིང་མིན་གྱུར་པ་དང་།། དགེ་འདུན་སྤྱི་ཡི་རང་འཇུག་བྲལ་བ་རྣམས།། ལུང་གཞིའི་མ་མ་མ་བརྒྱད་ཀྱིས་མ་བསྡུས་སོ།།
༈ མཚན་གཞིའི་སྒོ་ནས་ཞིབ་མོར་ཕྱེ་བ་ནི།། བརྒྱད་ཚན་དང་པོའི་སྦྱོར་འགྲོའི་འབྲེལ་མེད་དང་།། དྲུག་ཚན་མཚམས་ནང་རེ་མེད་སོང་མཐའ་ཅན།། རྙེད་སྐལ་ལག་ཐོབ་དྲུག་ནི་རྫོགས་མཐའ་ཅན།། བརྒྱད་ཚན་དང་པོའི་ངེས་འབྱེད་འབྲེལ་མེད་དང་།། བརྒྱད་ཚན་གཉིས་པའི་ཡིད་གཉིས་འབྲེལ་མེད་དང་།། དྲུག་ཚན་མཚམས་ཕྱིར་མཚམས་ལ་རེ་མེད་དང་།། མཚམས་ཕྱིར་མཚམས་ལ་ཡིད་གཉིས་ངེས་མཐའ་ཅན།། རྙེད་བརླག་གཏམ་ཐོས་དྲུག་ནི་ཉམས་མཐའ་ཅན།། རྙེད་པར་རེ་མེད་གཉིསདང་ཡིད་གཉིས་གཉིས།། མཚམས་ལ་རེ་བཅས་བཞི་ནི་ཐོས་མཐའ་ཅན།། བརྒྱད་ཚན་གཉིས་པའི་སྦྱོར་འགྲོའི་འབྲེལ་མེད་དང་།། དྲུག་ཚན་མཚམས་ནང་ཡིད་གཉིས་མཚམས་འདས་མཐའ།། བསམ་པའི་རྒྱུན་ཆད་དྲུག་ནི་རེ་ཆད་མཐའ།ོ།
དགེ་འདིས་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན།། ཐུབ་པའི་བསྟན་པ་ཡུན་རིང་གནས་གྱུར་ཅིག། ཅེས་པའང་སྐལ་མཉམ་འགའ་ཞིག་ལ་ཕན་པའི་བསམ་པས་བཙུན་པ་ཤྲཱི་མིང་པས་ ༢༠༢༡ ཟླ་བ་ ༦ ཚེས་ ༥ ཐའེ་ཝན་དུ་སྦྱར་བའོ།། །།
No comments:
Post a Comment