༄༅། །ན་མོ་གུ་རུ། དེ་ལ་འདིར་ལམ་རིམ་ཆེན་མོའི་མཇུག་བསྔོ་སྨོན་དུ་མཛད་པ་ངིང་འབད་མར་གྲགས་པ་དེའི་དོན་ས་བཅད་ཀྱིས་ཕྱེ་བ་ལ་གསུམ། བསགས་པའི་དགེ་བ་རྣམས་སྤྱིར་བསྔོ་བ། བྱེ་བྲག་ཏུ་བསྔོ་བ། མདོར་བསྡུས་ཏེ་བསྔོ་བའོ།། དང་པོ་ལ་གསུམ། རང་དོན་དུ་བསྔོ་བ། གཞན་དོན་དུ་བསྔོ་བ། བསྟན་དོན་དུ་བསྔོ་བའོ།། དང་བོ་ལ་གཉིས། མཐར་ཐུག་གི་དོན་དུ་བསྔོ་བ་དང་། གནས་སྐབས་ཀྱི་དོན་དུ་བསྔོ་བའོ།། དང་པོ་ནི།
དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི།། མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས།། བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན།། རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག།
གཉིས་པ་གནས་སྐབས་ཀྱི་དོན་དུ་བསྔོ་བ་ནི།
དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌།། འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ།། བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག། རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག།
གཉིས་པ་གཞན་དོན་དུ་བསྔོ་བ་ནི།
རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།། ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།། འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས།། རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག།
གཉིས་པ་བསྟན་དོན་དུ་བསྔོ་བ་ནི།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།
གཉིས་པ་བྱེ་བྲག་ཏུ་བསྔོ་བ་ལ་གཉིས། བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་སྟོན་པའི་བསྟན་བཅོས་འདི་དར་ཞིང་རྒྱས་པའི་ཕྱིར་བསྔོ་བ། བསྟན་བཅོས་འདི་རྩོམ་པའི་མཐུན་རྐྱེན་སྒྲུབ་པའི་མི་དང་མི་མིན་རྣམས་ལམ་བཟང་འདི་དང་མི་འབྲལ་བའི་ཕྱིར་བསྔོ་བའོ།། དང་པོ་ནི།
སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས།། ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌།། ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌།། རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག།
གཉིས་པ་བསྟན་བཅོས་འདི་རྩོམ་པའི་མཐུན་རྐྱེན་སྒྲུབ་པའི་མི་དང་མི་མིན་རྣམས་ལམ་བཟང་འདི་དང་མི་འབྲལ་བའི་ཕྱིར་བསྔོ་བ་ནི།
ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌།། འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན།། ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི།། རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག།
གསུམ་པ་མདོར་བསྡུས་ཏེ་བསྔོ་བ་ནི།
གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།། ཚུལ་བཞིན་བསྒྲུབ་ལ་བརྩོན་པ་དེ་ཡི་ཚེ།། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌།། བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག།
ཅེས་ཨ་ལགས་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་ ‘བྱང་ཆུབ་ལམ་རིམ་ཆེན་མོའི་(ས་བཅད་)བསྡུས་དོན་བླ་མའི་ཞལ་ཆབ་བཞིན་བཀོད་པ་ཉམས་རྟོགས་རྒྱ་མཚོ་སྤེལ་བའི་ཟླ་ཟེར་’ ཞེས་བྱ་བ་ལས། བསྔོ་སྨོན་གྱི་ས་བཅད་རྣམས་ཟུར་དུ་ཕྱུང་ཞིང་། ཐོག་མའི་མཆོད་བརྗོད་དང་། དབྱེ་གཞི། བསགས་པའི་དགེ་བ་རྣམས། ཞེས་པ་ཡན་གསར་དུ་བཅུག་པ་ལས། གཞན་སྣོན་འཕྲི་མ་བྱས་པར་ལམ་རིམ་སྨོན་ལམ་གྱི་གཞུང་ཚིག་དང་སྦྱོར་བ་པོ་ནི་བཙུན་པ་ཤྲཱི་མིང་ཅན་ནོ།། ༢༠༢༡་༦་༢༢ ཉིན།
No comments:
Post a Comment