Friday, October 15, 2021

རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་ངོས་འཛིན།


 ༄༅། །མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་ངོས་འཛིན་བློ་གསར་མགུལ་རྒྱན་མཛེས་པའི་ཕྲ་ཚོམ་ཞེས་བྱ་བ་བཞུགས་སོ༎ 


༄༅།  །ནམོགུརུམུཎེནྡྲ་ཡ། 

འདྲེན་མཆོག་མཉམ་མེད་ཐུབ་པའི་དབང་པོ་དང་༎ 

དབྱེར་མེད་རྩ་བའི་བླ་མར་གུས་བཏུད་ནས༎ 

ཐམས་ཅད་མཁྱེན་པ་གསུམ་གྱི་འཛིན་སྟངས་ཡུལ༎

དོན་རྣམ་བརྒྱ་དང་དོན་གསུམ་བརྩི་བར་བྱ༎ 

       དེ་ལ་མཁྱེན་གསུམ་རྣམ་པ་ལ་བརྒྱ་དང་བདུན་ཅུ་རྩ་གསུམ་ཡོད་དེ། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན། ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་དྲུག། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་རྣམས་སུ་ཡོད་པའི་ཕྱིར།

       དང་པོ་གཞི་ཤེས་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཡོད་དེ། གཞི་ཤེས་ཀྱི་སྡུག་བསྔལ་བདེན་པའི་རྣམ་པ་བཞི་དང་། ཀུན་འབྱུང་བདེན་པའི་བཞི། འགོག་བདེན་གྱི་བཞི། གཞི་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་བཅོ་ལྔ་ཡོད་པའི་ཕྱིར། གཞི་ཤེས་ཀྱི་སྡུག་བསྔལ་བདེན་པའི་རྣམ་པ་བཞི་ཡོད་དེ། མེད་པའི་རྣམ་པ་དང་མི་སྐྱེ་བ་དང་། དབེན་པ་དང་། མི་བརྫི་བའི་རྣམ་པ་སྟེ་བཞི་ཡོད་པའི་ཕྱིར། གཞི་ཤེས་ཀྱི་ཀུན་འབྱུང་བདེན་པའི་རྣམ་པ་བཞི་ཡོད་དེ། གནས་མེད་པ་དང་། ནམ་མཁའ་དང་། བརྗོད་དུ་མེད་པ་དང་། མིང་མེད་པའི་རྣམ་པ་སྟེ་བཞི་ཡོད་པའི་ཕྱིར། གཞི་ཤེས་ཀྱི་འགོག་བདེན་གྱི་རྣམ་པ་བཞི་ཡོད་དེ།  འགྲོ་བ་མེད་པ་དང་། མི་འཕྲོགས་པ་དང་། ཟད་པ་མེད་པ་དང་། སྐྱེ་བ་མེད་པའི་རྣམ་པ་སྟེ་བཞི་ཡོད་པའི་ཕྱིར། བཞི་ཚན་གསུམ་སོ་སོའི་ངོས་འཛིན་ཡང་ཡོད་དེ། རིམ་པ་བཞིན་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་དང་། ཀུན་འབྱུང་བདེ་པའི་ཁྱད་ཆོས་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི། འགོག་བདེན་གྱི་རྣམ་པ་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི་པོ་རྣམས་ཡིན་པའི་ཕྱིར། 

       གཞི་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་ལ་བཅོ་ལྔ་ཡོད་དེ། ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གནས་པའི་མཐོང་ལམ་ཟག་མེད་བཞི། གཟུང་བ་ཆོས་ཀྱི་བདག་འཛིན་གྱི་གཉེན་པོའི་རིགས་སུ་གནས་པའི་སྒོམ་ལམ་ཟག་བཅས་ལྔ། གཟུང་བ་ཆོས་ཀྱི་བདག་འཛིན་གྱི་གཉེན་པོའི་རིགས་སུ་གནས་པའི་མཐོང་ལམ་ཟག་མེད་དྲུག་རྣམས་སུ་ཡོད་པའི་ཕྱིར། ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གནས་པའི་མཐོང་ལམ་ཟག་མེད་བཞི་ཡོད་དེ། བྱེད་པ་པོ་བདག་མེད་པར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཟག་མེད་དང་། དེ་བཞིན་དུ་ཤེས་པ་པོ་དང་། འཕོ་བ་པོ་དང་། འདུལ་བ་པོ་བདག་མེད་པར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཟག་མེད་རྣམས་ཡིན་པའི་ཕྱིར། གཟུང་བ་ཆོས་ཀྱི་བདག་འཛིན་གྱི་གཉེན་པོའི་རིགས་སུ་གནས་པའི་སྒོམ་ལམ་ཟག་བཅས་ལྔ་ཡོད་དེ། རྨི་ལམ་ལྟར་ཕྱི་རོལ་དོན་གྱི་ངོ་བོ་ཉིད་མེད་པར་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སྒོམ་ལམ་ཟག་བཅས་དང་། སྒྲ་བརྙན་ལྟར་ཕྱི་རོལ་དོན་གྱི་མ་སྐྱེས་པ་དང་། མིག་ཡོར་ལྟར་ཕྱི་རོལ་དོན་གྱི་མ་འགགས་པ་དང་། སྨིག་རྒྱུ་ལྟར་ཕྱི་རོལ་དོན་གྱི་གཟོད་མ་ནས་ཞི་བ་དང་། སྒྱུ་མ་ལྟར་ཕྱི་རོལ་དོན་གྱི་རང་བཞིན་མྱ་ངན་འདས་པར་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སྒོམ་ལམ་ཟག་བཅས་རྣམས་ཡིན་པའི་ཕྱིར། གཟུང་བ་ཆོས་ཀྱི་བདག་འཛིན་གྱི་གཉེན་པོའི་རིགས་སུ་གནས་པའི་མཐོང་ལམ་ཟག་མེད་དྲུག་ཡོད་དེ། ཕྱི་རོལ་དོན་གྱི་ཀུན་ནས་ཉོན་མོངས་པ་མེད་པར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཟག་མེད་དང་། ཕྱི་རོལ་དོན་གྱི་རྣམ་པར་བྱང་བ་མེད་པ་དང་། ཕྱི་རོལ་དོན་གྱི་བག་ཆགས་གོས་པ་མེད་པ་དང་། ཕྱི་རོལ་དོན་གྱི་དབྱེ་བའི་སྤྲོས་པ་མེད་པ་དང་། ཕྱི་རོལ་དོན་གྱི་རློམ་པ་མེད་པ་དང་། ཕྱི་རོལ་དོན་གྱི་མི་གཡོ་བར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཟག་མེད་རྣམས་ཡིན་པའི་ཕྱིར་རོ།། 

       གཉིས་པ་ལམ་ཤེས་ཀྱི་རྣམ་པ་ལ་སོ་དྲུག་ཡོད་དེ། ལམ་ཤེས་ཀྱི་ཀུན་འབྱུང་བདེན་པའི་རྣམ་པ་བརྒྱད་དང་། ལམ་བདེན་གྱི་རྣམ་པ་བདུན། སྡུག་བསྔལ་བདེན་པའི་རྣམ་པ་ལྔ། འགོག་བདེན་གྱི་རྣམ་པ་བཅུ་དྲུག་རྣམ་པ་རྣམས་སུ་ཡོད་པའི་ཕྱིར། ལམ་ཤེས་ཀྱི་ཀུན་འབྱུང་བདེན་པའི་རྣམ་པ་སྤང་གཉེན་སྒོ་ནས་བསྟན་པ་ལ་བརྒྱད་ཡོད་དེ། ཡུལ་ལ་སྲེད་པའི་འདུན་པ་དང་། མི་འབྲལ་སྲེད་པའི་འདོད་ཆགས། ཡང་སྲིད་ལ་དགའ་བའི་སྲེད་པ། འདོད་ཆགས། ཞེ་སྡང་། གཏི་མུག གཙང་བདེ་རྟག་བདག་ཏུ་ཞེན་པའི་ཀུན་རྟོག །སེམས་ཅན་དུ་མངོན་པར་ཞེན་པ་རྣམས་ཡིན་པའི་ཕྱིར། བརྒྱད་པོ་དེ་དག་ཀུན་འབྱུང་བདེན་པའི་རྣམ་པ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི་ལ་སྦྱར་ཚུལ་ཡོད་དེ། དེ་དག་ལས་རིམ་བཞིན་རྒྱུའི་རྣམ་པ་ལ་གསུམ། ཀུན་འབྱུང་ལ་གསུམ། རབ་སྐྱེ་ལ་གཅིག །རྐྱེན་ལ་གཅིག་བཅས་སྦྱར་བའི་ཕྱིར། མཁས་པ་རྒྱལ་རོང་བློ་བཟང་ཚེ་རིང་གི་སྡོམ་ལས། དེ་དག་རྩ་བའི་བདག་འཛིན་ཞེན་མེད་ཆས༎ ཀུན་བདེན་ལ་བརྟེན་དོན་རྣམ་བརྒྱད་ཡིན་ནོ།། ཞེས་གསུངས་ནའང་བརྟག་དགོས་ཏེ། གསེར་ཕྲེང་ལས་སྤང་བྱ་ཉིད་ལ་དོན་རྣམ་དུ་གསུངས་ཤིང་། རྣམ་བཤད་དང་རྩ་ཊཱིཀ་ཏུའང་གཉེན་པོ་འཆད་པ་ན་སྤང་བྱ་བདུན་པོ་དེ་དག་གི་ཞེན་ཡུལ་མེད་པར་རྟོགས་པ་ཉིད་ལ་གསལ་བར་གསུངས་པའི་ཕྱིར། 

       ལམ་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་དམ་བཅའ་འཐད་པའི་སྒོ་ནས་བསྟན་པ་ལ་བདུན་ཡོད་དེ། ཚད་མེད་པའི་རྣམ་པ་དང་། མཐའ་གཉིས་དང་མ་འབྲེལ་བ་དང་། ཐ་མི་དད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པ་དང་། ་ཆགས་པ་མེད་པའི་རྣམ་པ་རྣམས་ཡིན་པའི་ཕྱིར། བདུན་པོ་དེ་དག་ལམ་བདེན་གྱི་རྣམ་པ་ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་ལ་སྦྱོར་ཚུལ་ཡོད་དེ། དེ་དག་ལས་རིམ་པ་བཞིན་ལམ་གྱི་རྣམ་པ་ལ་གཉིས་དང་། རིགས་པ་ལ་གཉིས་དང་། སྒྲུབ་པ་ལ་གཉིས་དང་། ངེས་འབྱིན་གྱི་རྣམ་པ་ལ་གཅིག་བཅས་སྦྱར་བའི་ཕྱིར། ངེས་འབྱིན་གྱི་རྣམ་པ་ལ་དམ་བཅའ་ཙམ་ལས་འཐད་པ་མ་གསུངས་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པ་ཙམ་ཡོན་པའི་ཕྱིར། 

       ལམ་ཤེས་ཀྱི་སྡུག་བསྔལ་བདེན་པའི་རྣམ་པ་རང་སྤྱིའི་མཚན་ཉིད་སྒོ་ནས་བསྟན་པ་ལ་ལྔ་ཡོད་དེ། མི་རྟག་པ་དང་། སྡུག་བསྔལ་བ། སྟོང་པ། བདག་མེད་པ། བདེན་པའི་མཚན་ཉིད་མེད་པའི་རྣམ་པ་རྣམ་པ་ཡིན་པའི་ཕྱིར། དེ་དག་ལས་རང་གི་མཚན་ཉིད་བཞི་དང་སྤྱི་མཚན་གཅིག་ཡིན་ཏེ། སྔ་མ་བཞི་དང་ཐ་མ་གཅིག་པུ་སྟེ་དེ་ལྟར་ཡིན་པའི་ཕྱིར། 

        ལམ་ཤེས་ཀྱི་འགོག་བདེན་གྱི་རྣམ་པ་ཕན་ཡོན་སྒོ་ནས་བསྟན་པ་ལ་བཅུ་དྲུག་ཡོད་དེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་།  དོར་བ་མེད་པ་སྟོང་པ་ཉིད་ད་དང་། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་ཡིན་པའི་ཕྱིར། དེ་རྣམས་འགོག་བདེན་གྱི་རྣམ་པ་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི་ལ་སྦྱར་ཚུལ་ཡོད་དེ། རིམ་བཞིན་འགོག་པའི་རྣམ་པ་ལ་གསུམ་དང་། ཞི་བ་ལ་བརྒྱད་དང་། གྱ་ནོམ་ལ་གཅིག་དང་། ངེས་འབྱུང་གི་རྣམ་པ་ལ་བཞི་བཅས་སྦྱོར་བའི་ཕྱིར། འགྲེལ་པ་ལས་འགོག་བདེན་གྱི་རྣམ་པ་བཅུ་དྲུག་པོ་དོན་ཚན་ལྔའི་སྒོ་ནས་བཤད་དེ། དངོས་པོ་འགོག་པ་དང་། བཏགས་པ་འགོག་པ། བྱེད་པ་པོ་འགོག་པ། ཡུལ་དུ་འཁྲུལ་བ་འགོག་པ། ངོ་བོ་ཉིད་འགོག་པ་ལ་རིམ་པ་བཞིན་རྣམ་པ་གསུམ་དང་། བརྒྱད་དང་། གཅིག་དང་། གསུམ་དང་། གཅིག་རྣམས་སུ་དབྱེ་ཞིང་། དེ་ལྟར་ལྔར་ཕྱེ་བའང་དོན་ཚན་ཐ་མ་གཉིས་བསྡོམས་ན། གྲངས་འདྲེན་ཚུལ་གོང་གི་འགོག་བདེན་གྱི་རྣམ་པ་བཞི་ལ་སྦྱོར་ཚུལ་དང་འདྲ་བའི་ཕྱིར་རོ།།

       གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ལ་བརྒྱ་དང་བཅུ་ཡོད་དེ། ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བདུན། བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བཞི། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་དགུ་རྣམས་སུ་ཡོད་པའི་ཕྱིར། 

       དང་པོ་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བདུན་ནི་བྱང་ཕྱོགས་སོ་བདུན་ཡིན་ལ། དེ་རྣམས་ཀྱང་བཞག་ཏུ་ཡོད་དེ། དྲན་པ་ཉེར་གཞག་པ་བཞི་དང་། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་རྣམས་ཡིན་པའི་ཕྱིར། དྲན་པ་ཉེར་བཞག་བཞི་ཡོད་དེ། ལུས་དྲན་པ་ཉེར་བཞག །ཚོར་བ་དྲན་པ་ཉེར་བཞག །སེམས་དྲན་པ་ཉེར་བཞག །ཆོས་དྲན་པ་ཉེར་བཞག་རྣམས་ཡིན་པའི་ཕྱིར། ཡང་དག་སྤོང་བ་བཞི་ཡོད་དེ། དགེ་བ་མ་སྐྱེས་སྐྱེད་ ཡང་དག་སྤོང་བ། དགེ་བ་་སྐྱེས་པ་སྤེལ་བའི་ཡང་དག་སྤོང་བ། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པའི་ཡང་དག་སྤོང་བ། མི་དགེ་བ་སྐྱེས་པ་སྤོང་བའི་ཡང་དག་སྤོང་བ་རྣམས་ཡིན་པའི་ཕྱིར། རྫུ་འཕྲུལ་རྐང་པ་བཞི་ཡོད་དེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། སེམས་པའི་རྫུ་འཕྲུལ་གྱི་རྐང་པ།  དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡིན་པའི་ཕྱིར། དབང་པོ་ལྔ་ཡོད་དེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ། དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཀྱི་དབང་པོ་རྣམས་ཡིན་པའི་ཕྱིར། སྟོབས་ལྔ་ཡོད་དེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་རྣམས་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོད་དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡིན་པའི་ཕྱིར། འཕགས་ལམ་ཡན་ལག་བརྒྱད་ཡོད་དེ། ཡང་དག་པའི་ལྟ་བ་འཕགས་པའི་ལམ་ཡན་ལག་དང་། ཡང་དག་པའི་རྟོག་པ། ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་རྣམས་ཡིན་པའི་ཕྱིར། འགྲེལ་ཆུང་ལས་བྱང་ཕྱོགས་སྡེ་ཚན་བདུན་ལ་མིང་འདོགས་མཛད་ཚུལ་ཡོད་དེ། རིམ་པ་བཞིན་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དང་། རྩོལ་བ་ལས་བྱུང་བའི་ལམ། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ། མངོན་པར་རྟོགས་པར་སྦྱོར་བའི་ལམ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ། མངོན་པར་རྟོགས་པའི་ལམ། རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ཞེས་གསུངས་པའི་ཕྱིར་རོ།། 

      གཉིས་པ་བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བཞི་ཡོད་དེ། གཉེན་པོའི་ལམ་གསུམ། སྤྲུལ་ལམ་གསུམ། མཐོང་ཆོས་བདེར་གནས་ཀྱི་ལམ་ལྔ། འཇིག་རྟེན་ལས་འདས་པའི་ལམ་དགུ། སྤོང་བའི་ལམ་བཞི། སངས་རྒྱས་ཀྱི་ལམ་བཅུ་རྣམས་སུ་ཡོད་པའི་ཕྱིར།  གཉིས་པ་བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བཞི་ཡོད་དེ། གཉེན་པོའི་ལམ་གསུམ། སྤྲུལ་ལམ་གསུམ། མཐོང་ཆོས་བདེར་གནས་ཀྱི་ལམ་ལྔ། འཇིག་རྟེན་ལས་འདས་པའི་ལམ་དགུ། སྤོང་བའི་ལམ་བཞི། སངས་རྒྱས་ཀྱི་ལམ་བཅུ་རྣམས་ཡིན་པའི་ཕྱིར། གཉེན་པོའི་ལམ་རྣམ་ཐར་སྒོ་གསུམ་ཡོད་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་རྣམ་པ་གསུམ་ཡིན་པའི་ཕྱིར། སྤྲུལ་པའི་ལམ་གཟུགས་ཅན་གྱི་རྣམ་ཐར་གསུམ་ཡོད་དེ།གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང་། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར་གསུམ་ཡིན་པའི་ཕྱིར། མཐོང་ཆོས་ལ་བདེ་བར་གནས་པའི་ལམ་གཟུགས་ཅན་མ་ཡིན་པའི་རྣམ་ཐར་ལྔ་ཡོད་དེ། ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར་དང་། རྣམ་ཤེས་མཐའ་ཡས་ཀྱི་རྣམ་ཐར། ཅི་ཡང་མེད་ཀྱི་རྣམ་ཐར། སྲེད་རྩེའི་རྣམ་ཐར།འགོག་པའི་རྣམ་ཐར་རྣམས་ཡིན་པའི་ཕྱིར།འཇིག་རྟེན་ལས་འདས་པའི་ལམ་མཐར་གནས་སྙོམས་འཇུག་དགུ་ཡོད་དེ། བསམ་གཏན་དང་པོའི་སྙོམས་འཇུག་དང་། བསམ་གཏན་གཉིས་པའི་སྙོམས་འཇུག བསམ་གཏན་གསུམ་པའི་སྙོམས་འཇུག བསམ་གཏན་བཞི་པའི་སྙོམས་འཇུག ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག །རྣམ་ཤེས་མཐའ་ཡས་ཀྱི་སྙོམས་འཇུག །ཅི་ཡང་མེད་ཀྱི་ སྙོམས་འཇུག།སྲེད་རྩེའི་སྙོམས་འཇུག །འགོག་པའི་སྙོམས་འཇུག་རྣམས་ཡིན་པའི་ཕྱིར། སྤོང་ལམ་བཞི་ཡོད་དེ། སྡུག་བསྔལ་ཆོས་བཟོད་དང་། ཀུན་འབྱུང་ཆོས་བཟོད། འགོག་པ་ཆོས་བཟོད།ལམ་ཆོས་བཟོད་བར་ཆད་མེད་ལམ་རྣམས་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ལམ་ཕར་ཕྱིན་བཅུ་ཡོད་དེ། སྦྱིན་པའི་ཕར་ཕྱིན་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བཟོད་པའི་ཕར་ཕྱིན།བརྩོན་འགྲུས་ཀྱི་ཕར་ཕྱིན། བསམ་གཏན་གྱི་ཕར་ཕྱིན། ཤེས་རབ་ཀྱི་ཕར་ཕྱིན། ཐབས་མཁས་ཀྱི་ཕར་ཕྱིན། སྨོན་ལམ་གྱི་ཕར་ཕྱིན།སྟོབས་ཀྱི་ཕར་ཕྱིན། ཡེ་ཤེས་ཀྱི་ཕར་ཕྱིན་རྣམས་ཡིན་པའི་ཕྱིར་རོ།།

       གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་དགུ་ཡོད་དེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པ། རང་བྱུང་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པ་རྣམས་ཡིན་པའི་ཕྱིར།  དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོད་དེ། གནས་དང་གནས་མིན་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བ་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་དང་རྣམ་པརབྱང་བ་སོགས་མཁྱེན་པའི་སྟོབས། སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་ཡིན་པའི་ཕྱིར། མི་འཇིགས་པའི་རྣམ་པ་བཞི་ཡོད་དེ། སྤངས་པ་མཐར་ཐུག་དམ་བཅས་པ་ལ་མི་འཇིགས་པ་དང་། རྟོགས་པ་མཐར་ཐུག་དམ་བཅས་པ་ལ་མི་འཇིགས་པ། ངེས་འབྱུང་དམ་བཅས་པ་ལ་མི་འཇིགས་པ། བར་ཆད་དམ་བཅས་པ་ལ་མི་འཇིགས་པའི་རྣམ་པ་རྣམ་པ་རྣམས་ཡིན་པའི་ཕྱིར། སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞི་ཡོད་དེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ། ངེས་ཚིག་སོ་སོ་ཡང་དག་པར་རིག་པ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དེ། སྤྱོད་པ་མ་འདྲེས་པ་དྲུག །རྟོགས་པ་མ་འདྲེས་པ་དྲུག །འཕྲིན་ལས་ མ་འདྲེས་པ་གསུམ།  ཡེ་ཤེས་མ་འདྲེས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། སྤྱོད་པ་མ་འདྲེས་པ་དྲུག་ཡོད་དེ། འཁྲུལ་པ་མི་མངའ་བ་དང་། དང་ཅ་ཅོ་མི་མངའ་བ། དྲན་པ་ཉམས་པ་མི་མངའ་བ། མཉམ་པར་མ་བཞག་པ་མི་མངའ་བ། ཐ་དད་པའི་འདུ་ཤེས་མི་མངའ་བ། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་རྣམས་ཡིན་པའི་ཕྱིར། རྟོགས་པ་མ་འདྲེས་པ་དྲུག་ཡོད་དེ། འདུན་པ་ཉམས་པ་མི་མངའ་བ་དང་། བརྩོན་འགྲུས་ཉམས་པ་མི་མངའ་བ། དྲན་པ་ཉམས་པ་མི་མངའ་བ། ཏིང་ངེ་འཛིན་ཉམས་པ་མི་མངའ་བ། ཤེས་རབ་ཉམས་པ་མི་མངའ་བ། རྣམ་གྲོལ་ལས་ཉམས་པ་མི་མངའ་བ་རྣམས་ཡིན་པའི་ཕྱིར། འཕྲིན་ལས་མ་འདྲེས་པ་གསུམ་ཡོད་དེ། །  ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་སྐུའི་འཕྲིན་ལས་མ་འདྲེས་་པ་དང་། གསུང་གི་འཕྲིན་ལས་མ་འདྲེས་་པ། ཐུགས་ཀྱི་འཕྲིན་ལས་མ་འདྲེས་པ་གསུམ་ཡིན་པའི་ཕྱིར། ཡེ་ཤེས་མ་འདྲེས་པ་གསུམ་ཡོད་དེ། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། ད་ལྟར་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་གསུམ་ཡིན་པའི་ཕྱིར།  དེ་བཞིན་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པའི་ངོ་བོ་ཡོད་དེ། ཆོས་ཉིད་སླར་མི་ལྡང་བའི་ཚུལ་གྱིས་གཟིགས་པའི་མཐར་ཐུག་པའི་ཡེ་ཤེས་དེ་དེའི་ངོ་བོ་ཡིན་པའི་ཕྱིར། རང་བྱུང་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པའི་ངོ་བོ་ཡོད་དེ། ཆོས་ཐམས་ཅད་ལ་མངའ་དབང་བསྒྱུར་བའི་མཐར་ཐུག་པའི་ཡེ་ཤེས་དེ་དེའི་ངོ་བོ་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པའི་ངོ་བོ་ཡོད་དེ། ཆོས་ཐམས་ཅད་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཐར་ཐུག་གི་ཡེ་ཤེས་དེ་དེའི་ངོ་བོ་ཡིན་པའི་ཕྱིར་རོ།། 

       དེ་ལྟར་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་གྲངས་འདྲེན་དང་ཐ་སྙད་ཙམ་ཞིག་འདིར་བཀོད་པ་ལས་ངེས་པར་བྱས་ནས། དེ་ཅམ་གྱིས་མ་ཚིམ་པར་ཤིན་ཏུ་ཞིབ་པའི་་གནད་གསང་རྣམས་མཚན་ཉིད་དང་ལྡན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་དང་། རྒྱལ་བའི་བཀའ་དང་འཕགས་བོད་མཁས་པའི་དགོངས་འགྲེལ་གྱི་གཞུང་བཟང་དྲི་མ་མེད་པ་རྣམས་ལ་བརྟེན་ནས་ངོམས་པ་མེད་པའི་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་བྱ་བ་ནི་ཤིན་ཏུ་གཅེས་སོ།། 

དགེ་བ་འདི་ཡིས་མཁའ་མཉམ་ཡིད་ཅན་ཀུན༎ 

ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས༎ 

ས་བཅུ་ལམ་ལྔའི་བགྲོད་པ་མཐར་ཕྱིན་ཏེ༎ 

སྐུ་བཞིའི་གོ་འཕང་དམ་པ་མྱུར་ཐོབ་ཤོག། 

       ཅེས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་ངོས་འཛིན་བློ་གསར་མགུལ་རྒྱན་མཛེས་པའི་ཕྲ་ཚོམ་ཞེས་བྱ་བ་འདི་ཡང་རང་དང་སྐལ་བ་མཉམ་པ་འགའ་ཞིག་ལ་ཕན་རེས་བཙུན་པ་ཤྲཱི་མིང་ཅན་རང་གིས་རང་ལ་དབྱངས་ཅན་འབངས་སུ་བཏགས་པ་དེས་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ ཚེས་ ༡༦ ཉིན་རྫོགས་པར་སྦྱར་བ་དགེ་ལེགས་འཕེལ།།   ༎ 

No comments:

Post a Comment