༄༅། །མཁས་པའི་སྤྱོད་པ་བསྡུས་པ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྗེ་བཙུན་མཁྱེན་པའི་གཏེར་ཆེན་ཡབ་ཡུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།
མཁས་པ་བྱེ་བའི་གཙུག་རྒྱན་ཤཱཀྱའི་ཏོག།
མཁས་པའི་མཁས་པ་དེ་ལ་ཕྱག་འཚལ་ནས།།
མཁས་པའི་གོ་ས་བསྙེགས་འདོད་རྣམས་ཀྱི་ཕྱིར།།
མཁས་པའི་སྤྱོད་པ་བསྡུས་པ་བསྟན་པར་བྱ།། ༡
མཁས་པའི་འཕྲིན་ལས་འཆད་རྩོད་རྩོམ་པ་གསུམ།།
མཁས་པའི་བྱ་བ་ཐོས་བསམ་བསྒོམ་པ་གསུམ།།
མཁས་པའི་རང་བཞིན་མཁས་བཙུན་བཟང་བ་གསུམ།།
མཁས་པའི་སྤྱོད་པ་ཐམས་ཅད་ཚུལ་དགུས་བསྡུས།། ༢
མཁས་པ་ཨཱནནྡདྷྭཇའི་ལེགས་བཤད་ལས།།
མཁས་པ་ལེགས་བཤད་རིན་ཆེན་རྟག་པར་སྡུད།།
མཁས་པས་སྐྱོན་ཡོན་ཕྱེ་ནས་བླང་དོར་འཇུག།
མཁས་པས་ལེགས་བཤད་ལེགས་བཤད་ཡིན་པར་གོ། ༣
མཁས་པར་ཉེས་སྐྱོན་བསལ་བའི་ནུས་པ་ཆེ།།
མཁས་པ་རྒུད་ཚེ་དེ་བས་བློ་རྩེ་སྒྲིམ།།
མཁས་པ་བརྩད་ཅིང་མ་དྲིས་གཏིང་མི་དཔོག།
མཁས་པ་ནངས་པར་འཆི་ཡང་རིག་པ་བསླབ།། ༤
མཁས་པས་འཁོར་མང་མ་བསྡུས་ངང་གིས་འདུས།།
མཁས་པའི་དབང་པོས་འཇིག་རྟེན་རྨོངས་པ་སེལ།།
མཁས་པས་གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།
མཁས་པས་རིག་པའི་འཕྲུལ་གྱིས་དགྲ་བོ་འདུལ།། ༥
མཁས་པས་གྲོས་ཉེས་བྱ་ཉེས་ཐབས་ཀྱིས་་གསོ།།
མཁས་པ་རྡུགས་ཀྱང་བླུན་པོའི་རྗེས་མི་འབྲང་།།
མཁས་པ་བརྫུན་གྱིས་བསླུས་ཀྱང་དོན་མི་འཆུག།
མཁས་པ་ནང་གྲོས་རིག་པ་གསར་པ་འབྱུང་།། ༦
མཁས་པ་བསོད་ལྡན་གཅིག་པུར་ཀུན་ལས་རྒྱལ།།
མཁས་པས་ཐབས་ཀྱིས་ཆེན་པོའང་བྲན་དུ་བཀོལ།།
མཁས་པས་འདི་ཕྱིའི་དོན་སྒྲུབ་ཤེས་རབ་མཐུ།།
མཁས་པའི་དཔལ་དེ་དཔའ་རྩལ་ཙམ་ནི་མིན།། ༧
མཁས་པས་སྐྱོན་དང་ཡོན་ཏན་མ་འདྲེས་འབྱེད།།
མཁས་པ་མ་སྨྲས་ན་ཡང་བསམ་པ་རྟོགས།།
མཁས་པས་རྣམ་འགྱུར་ཉིད་ཀྱིས་བསམ་པ་གོ།
མཁས་པ་གཞན་གྱི་ཡུལ་དུ་མཆོད་པ་མང་།། ༨
མཁས་པ་སློབ་ཚེ་སྡུག་ཀྱང་མཐའ་མར་བདེ།།
མཁས་པར་སྟོབས་ལྡན་དགྲས་ཀྱང་གླགས་མི་རྙེད།།
མཁས་པས་ལུས་ངག་སྤྱོད་པ་གཞན་ལ་བསྟུན།།
མཁས་པས་འགྲུབ་ངེས་མ་གྲུབ་རྐྱེན་ཅི་དཔྱོད།། ༩
མཁས་པར་བགྲངས་པའི་ཤེས་བྱས་མཁས་གྲགས་ཐོབ།།
མཁས་པ་ལེགས་བཤད་འཚོལ་བས་གཏན་མི་ངོམས།།
མཁས་པས་བྱིས་པ་ལས་ཀྱང་ལེགས་བཤད་ལེན།།
མཁས་པ་ཡོན་ཏན་ནོར་བུ་ཁོང་དུ་སྦས།། ༡༠
མཁས་པ་ང་རྒྱལ་སྐྱུངས་ཤིང་དུལ་བར་གནས།།
མཁས་པ་མཁས་བླུན་ཀུན་ལ་ཁྱད་གསོད་སྤོང་།།
མཁས་པ་ཁྲོས་ཀྱང་བཏུད་ན་ཞི་བར་འགྱུར།།
མཁས་པ་འདུ་འཛིས་བསྐོར་ཀྱང་ཆོས་བཞིན་སྤྱོད།། ༡༡
མཁས་པ་རང་སྐྱོན་བརྟགས་ནས་བྱི་དོར་བརྩོན།།
མཁས་པ་དུལ་བས་རང་གཞན་བདེ་བར་སྐྱོང་།།
མཁས་པར་རྐྱེན་ངན་བྱུང་ན་གྲོགས་སུ་ཁྱེར།།
མཁས་པས་ཕན་གནོད་གནས་སྐབས་ཙམ་དུ་བལྟ།། ༡༢
མཁས་པས་ཡོན་ཏན་ཡོན་ཏན་མཐོང་བས་དགའ།།
མཁས་པས་མཁས་པ་མཁས་པར་ཤེས་པས་གུས།།
མཁས་པ་ཟེར་རྗེས་མ་འབྲངས་རྣམ་དཔྱོད་དཀྲུག།
མཁས་པ་རྒུད་ཀྱང་ལེགས་བཤད་དགའ་སྟོན་སྐྱོང་།། ༡༣
མཁས་པར་བཤད་པ་ལས་ཀྱང་སྒྲུབ་པ་གཙོ།།
མཁས་པ་ཅུང་ཟད་ཙམ་གྱིས་འགྱུར་ལྡོག་མེད།།
མཁས་པ་ངོ་ཚ་ཁྲལ་ཡོད་རྒྱན་གྱིས་མཛེས།།
མཁས་པས་དོན་ཆེན་་ལོག་ལམ་ལ་མི་བསྟེན།། ༡༤
མཁས་པས་བསྒྲུབས་ཀྱང་མ་གྲུབ་ཁྲེལ་བ་མེད།།
མཁས་པ་དབྱེ་བར་དཀའ་ལ་འདུམ་པ་སླ།།
མཁས་པ་མིག་རྒྱང་རིང་བས་ཀུན་དབང་སྡུད།།
མཁས་པ་དཀའ་ལས་གཟུར་བ་དཔའ་རྟགས་ཡིན།། ༡༥
མཁས་པ་གང་དུ་གནས་པའི་ཡུལ་འཁོར་རྒྱས།།
མཁས་པས་གསང་བ་སྲོག་དང་བསྡོས་ཏེ་བསྲུང་།།
མཁས་པའི་སྤྱོད་པ་ཕུལ་བྱུང་འདི་དག་གསུངས།།
མཁས་པའི་སྤྱོད་པ་ལེགས་པ་བཤད་པ་རིན་པོ་ཆེའི་གཏེར་ལས་བསྡུས་པའོ།། །།
མཁས་པ་པུནྱཀཱིརྟིའི་ལེགས་བཤད་ལས།། ༡༦
མཁས་པ་མཁས་པའི་ངག་ལ་ཡིད་རྟོན་བྱེད།།
མཁས་པ་མཁས་པ་གཞན་གྱི་སྙན་པ་བརྗོད།།
མཁས་པས་མཁས་པ་དབུལ་མཐོང་ཡི་རངས་བྱེད།།
མཁས་པས་རང་གི་གོང་མ་ཐོད་བཞིན་འཁུར།། ༡༧
མཁས་པ་དྲང་བས་གཞན་གྱིས་ཚད་མར་བྱེད།།
མཁས་པ་འཕྲལ་ཡུན་གཉིས་ལས་ཕྱི་མར་གཅེས།།
མཁས་པ་མཛའ་བ་ནམ་ཡང་གཏོང་མི་བྱེད།།
མཁས་པས་རྣམ་དཔྱོད་རྩལ་གྱིས་དགྲ་ལས་རྒྱལ།། ༡༨
མཁས་པ་གང་དུ་ཕྱིན་པ་དེ་རུ་བྲིན།།
མཁས་པ་རང་ཡུལ་ལས་ལྷག༌གཞན་དུ་མཆོད།།
མཁས་པ་དམ་ཚིག་བསྲུངས་བས་དོན་ཆེན་འགྲུབ།།
མཁས་པ་ཕམ་ན་ལན་ལྡོན་བློ་སྟོབས་འབྱུང་།། ༡༩
མཁས་པ་གལ་ཐུག་གང་ལའང་འཇིགས་པ་མེད།།
མཁས་པའི་བློ་གྲོས་བསྡུར་བས་ལེགས་ལ་སྦྱོར།།
མཁས་པའི་དགེ་མཚན་རྒྱལ་ཁམས་ཀུན་ལ་འབྱུང༌།།
མཁས་པ་ཞི་བས༌དགྲ་བོ་དང་ཡང་མཛའ།། ༢༠
མཁས་པས་རྙེད་པ་རྙེད་པར་འོས་པ་ཡིན།།
མཁས་པས་གང་བརྩམས་བྱ་བ་ཕ་མཐའ་རུ་སྐྱེལ།།
མཁས་པས་དོན་ལ་བལྟས་ནས་འཇུག་ལྡོག་བྱེད།།
མཁས་པ་རྒུད་ཀྱང་དཀའ་ལས་མྱུར་དུ་ཐར།། ༢༡
མཁས་པས་ཕན་པའི་སེམས་ཀྱིས་འཐབ་རྩོད་འདུམ།།
མཁས་པས་ནོར་བསགས་དམན་ལ་སྦྱིན་པ་གཏོང༌།།
མཁས་པས་མི་འཐབ་འཐབ་རྟིང་དགྲ་མཐར་བྱེད།།
མཁས་པས་སྟོབས་ཅན་དགྲ་བོ་ཐོག་མར་གཞོམ།། ༢༢
མཁས་པས་སྙན་གྲགས་གཞན་ལ་བགོ་བཤའ་བྱེད།།
མཁས་པས་ཐབས་ཀྱིས་ཆེན་པོའང་བྲན་དུ་བཀོལ༌།།
མཁས་པ་རང་གི་གཏམ་ངན་ཐབས་ཀྱིས་སེལ།།
མཁས་པ་ཉམ་ང་་ལས་གཟུར་དཔའ་རྟགས་ཡིན།། ༢༣
མཁས་པ་སྐྱེ་བོ་སུས་ཀྱང་ཚོད་འཛིན་སླ།།
མཁས་པས་སྲོལ་བཟང་སྐྱོང་བས་ཡུལ་འཁོར་བདེ།།
མཁས་པས་ས་ཆེན་གང་ཡང༌ཉུང་བ་སྙམ།།
མཁས་པས་ནོར་ཡང༌ཅུང་ཟད་མཐོ་དམར་འགྱུར།། ༢༤
མཁས་པས་ནང་བསྡུམས་དགྲ་ལ་ནུས་པ་འདོན།།
མཁས་པས་རྒྱང་བསྲིངས་ཐ་མར་དགྲ་བོའང་སྡུད།།
མཁས་པས་དམ་པ་བསྟེན་ནས་ལེགས་བཤད་ལེན།།
མཁས་པ་དབྱེ་བར་དཀའ་ལ་འདུམ་པ་སླ།། ༢༥
མཁས་པ་འབྱོར་ན་རང་གཞན་བདེ་ལ་འགོད།།
མཁས་པ་བསླབ་ཚེ་སྡུག་ཀྱང་སྲན་དུ་ཚུགས།།
མཁས་པ་རང་སྐྱོན་ལྟ་བས་བག་ཡོད་ཐོབ།།
མཁས་པས་གཞན་གྱིས་བྱས་པ་དྲིན་དུ་གཟོ།། ༢༦
མཁས་པ་འབྱོར་ན་རང་སྐྱིད་མཆོད་སྦྱིན་བྱེད།།
མཁས་པས་ལྟོ་གོས་གཉིས་བས་གཏམ་ལ་བརྩིས།།
མཁས་པ་ཟོན་གནས་གཞན་གྱིས་བརླག་མི་ནུས།།
མཁས་པར་གཞན་གྱིསགནོད་ཀྱང་ཕན་པ་སྒྲུབ།། ༢༧
མཁས་པས་རང་ཉེར་བག་ཕེབས་སེམས་བདེ་སྟེར།།
མཁས་པ་ཡོན་ཏན་རིན་ཆེན་ཁོང་དུ་སྦས།།
མཁས་པ་ཟབ་དཀྱེལ་ཁོག་ཡངས་ཅ་ཅོ་མེད།།
མཁས་པ་འཁོན་ཡང་ལེགས་པར་བཏུད་ན་ཞི།། ༢༨
མཁས་པ་གློ་བུར་ཕྲད་ལ་ཡིད་མི་རྟོན།།
མཁས་པ་ཁྲོས་ཀྱང་གནོད་ཚིག་ཁར་མི་འབྱིན།།
མཁས་པས་ཤིན་ཏུ་དཀའ་བའང་རང་མཐུས་སྒྲུབ།།
མཁས་པ་ལས་འབྲས་བཟང་པོ་འཕྲལ་དུ་མྱོང༌།། ༢༩
མཁས་པ་ཡོན་ཏན་མེད་ལ་མགུ་བ་དཀའ།།
མཁས་པ་དཔའ་མཛངས་ལྡན་པ་འཇིག་རྟེན་རྒྱན།།
མཁས་པ་མཁས་བཙུན་བཟང་འཛོམས་བསྟན་པའི་རྒྱན།།
མཁས་པའི་ངང་ཚུལ་རྨད་བྱུང་་འདི་དག་གསུངས།། ༣༠
མཁས་པའི་སྤྱོད་པ་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་ལས་བསྡུས་པའོ།། །།
མཁས་པས་རེ་བ་བཟང་་ས་དེ་ནས་བྱེད།།
མཁས་པས་གྲ་སྒྲིག་སྡུག་ས་དེ་ནས་བྱེད།།
མཁས་པ་འཚོ་བ་སྤྲོས་མེད་དཀྱུས་མར་དགའ།།
མཁས་པས་དཀའ་བའང་ཐབས་ཀྱིས་ཚེགས་མེད་སྒྲུབ།། ༣༡
མཁས་པས་ཇུས་མེད་ཇུས་འཁྲིའི་བྱ་བ་སྐྱུངས།།
མཁས་པས་གཞན་ལ་བླུན་ཞེས་བརྙས་པ་ཉུང་།།
མཁས་པ་མཐོ་དམན་ཀུན་ལ་གུས་བརྩི་ཟབ།།
མཁས་པས་གཞན་གྱི་ཚིག་ལ་ལེགས་པར་མཉན།། ༣༢
མཁས་པས་དགོས་མེད་འཁྲུག་རྩོད་རིང་དུ་སྤོང་།།
མཁས་པས་དོན་མེད་གཞན་ལ་གནོད་མི་བྱེད།།
མཁས་པ་མང་ཞིག་གཅིག་པུར་གནས་པར་དགའ།།
མཁས་པ་རྒྱུན་དུ་གདོང་ལ་འཛུམ་མདངས་འཁོར།། ༣ེ༣
མཁས་པ་དུས་གསུམ་བསམས་ནས་བྱ་བ་རྩོམ།།
མཁས་པས་དུས་སུ་བབས་ཚེ་གླེན་ཚུལ་སྟོན།།
མཁས་པས་གཞན་གྱི་ནོངས་ལས་བློ་བསྐྱེད་ལེན།།
མཁས་པ་ཡོན་ཏན་སྦྱོང་ལ་རྟག་པར་དགའ།། ༣༤
མཁས་པས་རང་གི་གསང་བ་ཀུན་ལ་སྦས།།
མཁས་པ་དྲང་ཞིང་གཤིས་འཇམ་རྒྱས་སྤྲོས་དབེན།།
མཁས་པར་མ་དྲིས་རང་དགར་ལམ་སྟོན་དཀོན།།
མཁས་པས་ང་ནི་མཁས་ཞེས་སྨྲ་བར་འཛེམས།། ༣༥
མཁས་པས་ཕལ་གཏམ་སྨྲ་ཡང་རིགས་པ་ལྡན།།
མཁས་པས་གང་བསམས་གསལ་ལ་བསྒྲིལ་བར་སྨྲ།།
མཁས་པ་རང་གིས་རང་ལ་བགྲོ་བ་མང་།།
མཁས་པ་་དྲི་བ་མང་ལ་ལན་ཡང་མང་།། ༣༦
མཁས་པ་སྨྲ་བ་ཉུང་ཞིང་རན་པར་སྨྲ།།
མཁས་པ་ཉན་པ་མང་ལ་སྨྲ་བ་ཉུང་།།
མཁས་པ་མནོ་བསམ་མང་ལ་འཆར་སྣང་ཟབ།།
མཁས་པ་ཤེས་བྱ་གསར་པ་དང་བས་བསུ།། ༣༧
མཁས་པ་ཐོས་པས་ནམ་ཡང་ངོམ་པ་མེད།།
མཁས་པ་གནས་སྐབས་གང་ལའང་འབྲེལ་འདྲིས་མྱུར།།
མཁས་པས་རྒྱུ་མཚན་མེད་པར་ཡིད་མི་ཆེས།།
མཁས་པ་སློབ་པའི་ཚེ་ན་བློ་རྩེ་གཅིག། ༣༨
མཁས་པས་ནོར་ཞིང་འཁྲུལ་ལ་བསྐྱར་ཟློས་སྤོང་།།
མཁས་པས་རང་གིས་མ་ཤེས་དང་དུ་ལེན།།
མཁས་པས་གཞན་ལ་འཚམས་པའི་བསྔགས་པ་བརྗོད།།
མཁས་པ་ཁྲོས་ཀྱང་ཆོས་མིན་ལས་མི་འཇུག། ༣༩
མཁས་པར་སྐྱེས་ཀྱི་མཆོག་ནི་ལེགས་བཤད་ཉིད།།
མཁས་པས་དུས་ནི་དོན་མེད་འདའ་བ་ཕངས།།
མཁས་པ་རྒུད་ཚེ་བློ་སྟོབས་སྔར་ལས་རྒྱས།།
མཁས་པས་རྒྱུ་མཚན་མ་མཐོང་ཐག་མི་གཅོད།། ༤༠
མཁས་པར་མི་སེམས་འགུགས་པའི་ལྕགས་ཀྱུ་ཡོད།།
མཁས་པས་འབྲས་བུ་མ་ཐོན་དེ་རྐྱེན་འཚོལ།།
མཁས་པ་རང་གི་རྩལ་ལ་ཆོག་མི་ཤེས།།
མཁས་པས་འཕྲལ་ལས་ཕུགས་ལ་གཙོ་བོར་བྱེད།། ༤༡
མཁས་པ་རང་གིས་རང་ལ་ཡིད་ཆེས་བརྟན།།
མཁས་པས་ནམ་ཡང་མཐུན་པའི་ཕྱོགས་ནས་བསམ།།
མཁས་པ་རེ་བའི་སྲོག་རྩ་ཤིན་ཏུ་བརྟན།།
མཁས་པ་་རང་གི་བྱ་བར་སྤྲོ་སྣང་ཆེ།། ༤༢
མཁས་པའི་སྤྱོད་པ་ལེགས་བཤད་དང་གདམས་ངག་ཐོར་བུ་ལས་བསྡུས་པའོ།། །།
མཁས་པ་ཞེས་བྱའི་གྲལ་དུ་འཚང་འདོད་ན།།
མཁས་པའི་སྤྱོད་པ་འདི་དག་ཉམས་སུ་ལོངས།།
མཁས་པས་དགེ་བ་འགྲོ་ལ་བསྔོ་བ་བཞིན།།
མཁས་པར་འདོད་པ་བདག་ཀྱང་དེ་ལྟར་བསྔོ།། ༤༣
མཁས་པའི་སྤྱོད་པ་བསྡུས་པ་ཞེས་བྱ་བ་འདི་ནི་བཙུན་པ་དབྱངས་ཅན་འབངས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ ཚེས་ ༧ ལ་ཐའེ་ཝན་དུ་སྦྱར་བ་དགེ་ལེགས་འཕེལ།། །།
ཡག་པོ་བྱུང་། ད་དུང་ཤུགས་རྒྱོབ།
ReplyDeleteཡག་པོ་བྱུང་། ད་དུང་ཤུགས་རྒྱོབ།
ReplyDelete