Friday, February 26, 2021

ཆོ་འཕྲུལ་བསྟོད་པ།

 



ཆོ་འཕྲུལ་བསྟོད་པ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་མཛད། 


ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ།། 

ཚེམས་ཤིང་ས་ལ་བཙུགས་པས་ལྗོན་ཤིང་སྐྱེས།།

དཔག་ཚད་ལྔ་བརྒྱར་ཁྱབ་པའི་ལོ་འབྲས་སྨིན།།

དྲི་རོས་སྐྱེ་བོ་ཚིམས་མཛད་ཕྱག་འཚལ་ལོ།།


ཚེས་གཉིས་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ།།

གཡས་གཡོན་གཉིས་སུ་རིན་ཆེན་རི་གཉིས་སྤྲུལ།།

རི་རྩེ་ལ་སྐྱེས་འབྲས་དང་ཤིང་རྣམས་ཀྱིས།།

མི་དང་དུད་འགྲོ་ཚིམས་མཛད་ཕྱག་འཚལ་ལོ།།


ཚེས་གསུམ་རྒྱལ་པོ་ཤུན་ཙིས་མཆོད་པའི་ཚེ།།

ཞལ་བསིལ་ཆུ་ལས་རིན་ཆེན་རྫིང་བུ་སྤྲུལ།།

ཁ་དོག་སྣ་ཚོགས་པདྨོའི་འོད་ཟེར་གྱིས།།

ཆོས་སྟོན་བདེ་ལ་འགོད་མཛད་ཕྱག་འཚལ་ལོ།། 


ཚེས་བཞི་ཨིནྡྲ་ཝརྨས་མཆོད་པའི་ཚེ།།

ཕྱོགས་བཞིར་ཡུར་བ་བརྒྱད་ལྡན་རྫིང་བུ་སྤྲུལ།།

ཆུ་ཡི་སྒྲ་ལས་ཚད་མེད་བཞི་ལ་སོགས།།

ཆོས་ཀྱི་གསུང་སྙན་སྒྲོག་ལ་ཕྱག་འཚལ་ལོ།། 


ཚེས་ལྔ་ཚངས་སྦྱིན་གྱིས་ནི་མཆོད་པའི་ཚེ།།

ཞལ་གྱི་སྒོ་ནས་གསེར་མདོག་འོད་ཟེར་འཕྲོས།། 

འོད་དེས་རེག་པས་སྒྲིབ་པ་རྣམས་དང་བྲལ།།

ལུས་སེམས་བདེ་ལ་འགོད་མཛད་ཕྱག་འཚལ་ལོ།།


ཚེས་དྲུག་ལི་ཙཱ་རྣམས་ཀྱིས་མཆོད་པའི་ཚེ།། 

སངས་རྒྱས་ཀྱི་མཐུས་ཕན་ཚུན་བསམ་པ་ཤེས།།

རབ་ཏུ་དགའ་ནས་སྟོན་པའི་ཡོན་ཏན་བརྗོད།།

སོ་སོར་སྨོན་ལམ་འདེབས་མཛད་ཕྱག་འཚལ་ལོ།།


ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ།།

སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས།། 

རྒྱལ་པོར་གྱུར་ནས་རིན་ཆེན་བདུན་སོགས་ལྡན།།

ཀུན་ཀྱང་སྤྲོ་ཞིང་ཚིམས་མཛད་ཕྱག་འཚལ་ལོ།།


ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ།། 

སེང་གེའི་ཁྲི་ལས་གླང་ཆེན་སྒྲ་སྐད་དང༌།།

སྲིན་པོ་བཞི་དང་ཕྱག་ན་རྡོ་རྗེར་སྤྲུལ།།

མུ་སྟེགས་སྟོན་པ་འཇོམས་མཛད་ཕྱག་འཚལ་ལོ།།

དེ་ཚེ་མུ་སྟེགས་འཁོར་གྱི་སྟོང་ཕྲག་དག།

དགུ་བཅུ་སངས་རྒྱས་སྐྱབས་སོང་རབ་ཏུ་བྱུང་།།

ཆོས་ཀྱི་བདུད་རྩི་མྱངས་ནས་ཟག་པ་ཟད།།

ཀུན་གྱིས་དགྲ་བཅོམ་ཐོབ་མཛད་ཕྱག་འཚལ་ལོ།། 


ཚེས་དགུ་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ།།

ཚངས་པའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས།།

སྐུ་ལས་འོད་ཟེར་ཆེན་པོ་རབ་འཕོ་བ།།

ཀུན་གྱིས་མཐོང་བར་མཛད་ལ་ཕྱག་འཚལ་ལོ།།


ཚེས་བཅུ་རྒྱལ་ཆེན་བཞི་ཡིས་མཆོད་པའི་ཚེ།།

སྲིད་རྩེའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས།།

འོད་ཟེར་ཆེན་པོ་སྣང་ཞིང་གསལ་བར་མཛད།།

ཀུན་གྱིས་མཐོང་ཞིང་གསུང་ཐོས་ཕྱག་འཚལ་ལོ།།


བཅུ་གཅིག་མགོན་མེད་ཟས་སྦྱིན་མཆོད་པའི་ཚེ།།

སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ།།

སྐུ་ནི་མི་མངོན་འོད་ཀྱི་གོང་བུར་གྱུར།།

གསུང་གིས་ཆོས་སྟོན་མཛད་ལ་ཕྱག་འཚལ་ལོ།།


བཅུ་གཉིས་ཁྱིམ་བདག་ཙེ་དས་མཆོད་པའི་ཚེ།།

གསེར་མདོག་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ།།

འོད་དེས་རེག་པས་སྒྲིབ་པ་རྣམས་དང་བྲལ།།

བརྩེ་དང་བྱམས་པས་ཁྱབ་མཛད་ཕྱག་འཚལ་ལོ།།


བཅུ་གསུམ་རྒྱལ་པོ་ཤུན་ཙེས་མཆོད་པའི་ཚེ།།

འདོམ་བདུན་ཁྱབ་པའི་འོད་ནི་ལྟེ་བ་ནས།།

སྐྱེས་ཏེ་བདེ་དང་རང་རྒྱལ་སངས་རྒྱས་སྤྲུལ།།

དེ་འདྲས་སྟོང་གསུམ་ཁྱབ་མཛད་ཕྱག་འཚལ་ལོ།།


བཅུ་བཞི་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ།།

མེ་ཏོག་གཏོར་བ་རིན་ཆེན་ཤིང་རྟ་ནི།།

ཆིག་སྟོང་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་གང་།།

སྤྲུལ་ཅིང་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ།།


བཅོ་ལྔ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ།།

ཕྱག་ནི་ས་ལ་བསྟན་པས་དམྱལ་བ་ཡིས།།

སྣོད་ཀུན་རོ་བརྒྱའི་ཟས་གང་ཐམས་ཅད་ཚིམས།།

སེམས་ཅན་དཔག་མེད་སྒྲོལ་མཛད་ཕྱག་འཚལ་ལོ།།


ཞེས་པ་འདི་ཡང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་མཛད་པའོ།།  ཤུབྷཾམསྟུ།།    །།


Tuesday, February 23, 2021

བརྒལ་ལན་མེས་པོའི་ཞལ་ཆབ། རྩོམ་ཤོག་གསུམ་པ།

༄༅།   །ནམོསརྦབུདྡྷབོདྷིསཏྭཡ།

རྣམ་འདྲེན་ཀུན་གྱི་རྣམ་སྤྲུལ་ཆོས་ཀྱི་རྗེ།།

སྐལ་བཟང་གདུལ་བྱའི་སྐལ་བ་མཆོག་མཛད་པའི།།

སྐྱབས་གནས་ཀུན་འདུས་སྐྱབས་མགོན་ཡིད་བཞིན་ནོར།།

མི་འབྲལ་སྙིང་དབུས་མི་ཕྱེད་དད་པས་བསྟེན།། 


       ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། སྐབས་དོན་བརྒལ་ལན་མེས་པོའ་ིཞལ་ཆབ་ཅེས་བྱ་བའི་དཔྱད་རྩོམ་དེའི་སྔ་མའི་འཕྲོ་འཐུད་ནས་འཆད་པ་ལ་འཇུག་པར་བྱའོ།།  གསུམ་པ་ལེན་པའི་ཆོ་གའི་སྐོར་ལ་མཁས་གྲུབ་རྗེས་ཕྱོགས་སྔ་བླངས་པ་ནི། བོད་སྔ་མ་དག་ན་རེ། ལུགས་གཉིས་སྡོམ་པ་ལེན་པའི་ཆོ་ག་མི་འདྲ་སྟེ། སྦྱོར་དངོས་མཇུག་གསུམ་ཐམས་ཅད་མི་འདྲ་བའི་ཕྱིར། སྦྱོར་བ་མི་འདྲ་སྟེ། སློབ་དཔོན་ཐོགས་མེད་ཀྱི་བྱང་སའི་འབོགས་ཆོག་ལྟར་ན། སྦྱོར་བ་ལ་ཕྱག་དང་མཆོད་པ་ཙམ་ལས་ཡན་ལག་བདུན་པ་རྫོགས་པ་མི་མཛདཅིང་། དེ་ཡང་རྟེན་སོ་ཐར་སྡོམ་ལྡན་དུ་ངེས་པས། སོ་སོ་ཐར་པ་རིགས་བདུན་གྱིས་རྒྱུད་དག་ཟིན་པའི་དབང་དུ་བྱས་པའི་ཕྱིར་དང་། སློབ་དཔོན་ཀླུ་སྒྲུབ་ནི། སྡིག་ཅན་སོ་སོ་ཐར་པ་རིགས་བདུན་དང་ཡེ་མ་འབྲེལ་བ་ལ་ཡང་སེམས་བསྐྱེད་སྐྱེ་བ་ལ་དགོངས་ནས། སྡིག་པ་བཤགས་པ་སོགས་ཡན་ལག་བདུན་པ་ཚང་བ་མཛད་པའི་ཕྱིར། དང་པོ་གྲུབ་སྟེ། 

བྱང་ས་(སྡེ་བསྟན། སེམས་ཙམ། ཝི་པ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། འཕགས་པ་ཐོགས་མེད། ༨༥ བ ༥) ལས། 

འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཡེ་ཤེས་དང༌། མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ་རྣམས་ལ་མཆོད་པ་བྱས་ནས། དེ་དག་གི་ཡོན་ཏན་རྣམས་ཀྱང་མངོན་སུམ་དུ་བྱས་པ་ལ་བསམ་པ་ཐག་པ་ནས་དང་བའི་སེམས་སམ། ཡང་ན་དེས་ཅི་ནུས་པ་དང༌། རྒྱུའི་སྟོབས་ཅི་ཡོད་པས་ཆུང་ངུ་ཡང་བསྐྱེད་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞག་སྟེ། ལེགས་པར་མཆོད་པར་བྱས་ནས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྱོད་འཇུག་ (སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཞི་བ་ལྷ། ༣ བ ༣) ལས། 

གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌།། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། 

ཞེས་དང་། འོག་ནས། (༤ བ ༧) 

དུས་གསུམ་གཤེགས་པའི་སངས་རྒྱས་ཀུན།། ཆོས་དང་ཚོགས་ཀྱི་མཆོག་བཅས་ལ།། ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི།། ལུས་བཏུད་པ་ཡིས་བདག་ཕྱག་འཚལ།། 

ཞེས་སོགས་ཤོལོ་ཀ་གསུམ་བཅས་ཀྱིས་ཕྱག་འཚལ་བའི་ཡན་ལག་དང་། (༣ བ ༤) 

རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར།། དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས།། དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས།། ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད།། 

ཞེས་པ་ནས། (སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཞི་བ་ལྷ། ༧ བ ༡) 

དེ་བཞིན་ནམ་མཁའི་མཐས་གཏུགས་པའི།། སེམས་ཅན་ཁམས་ལ་རྣམ་ཀུན་དུ།། ཐམས་ཅད་མྱ་ངན་འདས་བར་དུ།། བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག།

ཅེས་པའི་བར་གྱིས་མཆོད་པ་ནས་བསྔོ་བའི་ཡན་ལག་ག་བར་་བསྟན་པ་ལྟར་ལུགས་འདི་ལ་སེམས་བསྐྱེད་ཀྱི་སྦྱོར་བ་ལ་དེ་རྣམས་ངེས་པར་བྱ་དགོས་པའི་ཕྱིར། 

       གཞན་ཡང་སྦྱོར་བ་མི་འདྲ་བར་ཐལ། སེམས་ཙམ་ལུགས་ལ་ནི། ཉན་ཐོས་ཀྱི་འདུལ་བའི་སྡོམ་པ་འབོགས་པའི་ཆོ་ག་ལྟར་བསླབ་པ་བརྗོད་པ་དང་། བར་ཆད་དྲི་བ་ལ་སོགས་པ་མཛད་ཀྱང་། དབུ་མ་ལུགས་ལ་དེ་དག་མི་མཛད་པའི་ཕྱིར། དང་པོ་གྲུབ་སྟེ། བྱང་ས་ (སྡེ་བསྟན། སེམས་ཙམ། ཝི་པ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། འཕགས་པ་ཐོགས་མེད། ༨༢ བ ༢) ལས། 

བྱང་ཆུབ་སེམས་དཔའ་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཕན་ཡོན་རྒྱ་ཆེར་བརྗོད་ནས། སྡོམ་པ་འདོད་པ་དེ་ལ་བསླབ་པའི་གཞི་ལྕི་ཡང་དག་ཀྱང་བརྗོད་ཅིང་སྤྲོ་བ་བསྐྱེད་པར་ཡང་བྱ་སྟེ།

ཞེས་བྱང་སྡོམ་གྱི་ཕན་ཡོན་དང་བསླབ་པའི་གཞི་ལྕི་ཡང་བསྟན་པའི་སྒོ་ནས་སྤྲོ་བ་སྐྱེད་པར་གསུངས་ཤིང་། (སྡེ་བསྟན། སེམས་ཙམ། ཝི་པ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། འཕགས་པ་ཐོགས་མེད། ༨༥ ན ༤) 

བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་པ་ལ་སྔ་ནས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འདི་ལས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དང༌། ཉེས་པའི་གནས་གང་དག་བསྟན་པ་དེ་དག་བསྒྲག་པར་བྱ་སྟེ།

ཞེས་སྡོམ་པ་འབོགས་ོའི་སྔ་རོལ་ནས་བསླབ་གཞི་བསྒྲག་པར་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་(སྡེ་བསྟན། སེམས་ཙམ། ཝི་པ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། འཕགས་པ་ཐོགས་མེད། ༨༣ ན ༣) ལས། 

རིགས་ཀྱི་བུའམ་ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་སྨྲོས་ཤིག །དེས་ཀྱང་། ལགས་སོ།། ཞེས་ཁས་ལོང་ཤིག།

ཅེས་དང་། 

ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན། ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། བྱང་ཆུབ་སེམས་དཔའ་བརྟན་པོ་ཡིན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ཆོ་ག་འདི་བཞིན་དུ་དེས་ཀྱང་མནོད་པར་བྱ་ཞིང་དེ་ལ་དབོག་པར་ཡང་བྱའོ།། 

ཞེས་སོགས་གསུངས་པའིཕྱིར། དེ་ལྟར་མི་འདྲ་བ་བྱུང་བ་ཡང་ལྟ་བ་མཐོ་དམན་གྱི་དབང་ལས་ཡིན་ཏེ། སེམས་ཙམ་པ་ལྟ་བ་ཅུང་ཟད་དམན་པས་སྤྱོད་པའང༌ཅུང་ཟད་དོག་ལ། དབུ་མ་པ་ལྟ་བ་མཐོ་བས་སྤྱོད་པའང་གུ་ཡངས་པའི་ཕྱིར། དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ། པོད་ཁ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩ སྡོམ་གསུམ་རྣམ་གཞག་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། ༤༩༡་་༡༡) ལས། 

གསུམ་པ་ལེན་པའི་ཆོ་ག་མི་འདྲ་སྟེ། སྦྱོར་བའི་སྐབས་སུ་སློབ་དཔོན་ཐོགས་མེད་སོ་སོ་ཐར་པ་རིགས་བདུན་གྱིས་རྒྱུད་དག་ཟིན་པ་སེམས་དགེ་བ་ལ་སྐྱེ་བའི་དབང་དུ་བྱས་ནས་ཕྱག་དང་མཆོད་པ་ཙམ་ལས་ཡན་ལག་བདུན་པ་རྫོགས་པ་མི་མཛད། སེམས་ཙམ་པ་ལྟ་བ་ཅུང་ཟད་དམན་པས་སྤྱོད་པའང༌ཅུང་ཟད་དོག་སྟེ། ཉན་ཐོས་ཀྱི་སྡོམ་པ་འབོགས་པ་ལྟར་བསླབ་པ་བརྗོད་པ་དང་། བར་ཆད་དྲི་བ་ལ་སོགས་པ་མཛད་ལ། སློབ་དཔོན་ཀླུ་སྒྲུབ་ནི། ལྟ་བ་དབུ་མ་པ་མཐོ་བས་སྤྱོད་པའང་ཡངས། གང་ཟག་སྡིག་ཅན་སུ་རུང་རུང་སོ་སོ་ཐར་པ་རིགས་བདུན་དང་’ཡང་དམ་’འབྲེལ་བ་ལ་ཡང་སེམས་བསྐྱེད་སྐྱེ་བ་ལ་དགོངས་ནས། སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་མཛད་ལ། བསླབ་པ་བརྗོད་པ་དང་བར་ཆད་དྲི་བ་ལ་སོགས་པ་མི་མཛད་དོ༎ 

ཞེས་སོ།། གོང་གི་དཔེ་བསྡུར་མའི་ནང་། ‘ཡང་དམ།’ཞེས་གསལ་བ་ནི། དེའི་མ་ཕྱི་སྐུ་འབུམ་པར་མ་ལ་བྱས་པས་དེ་ཡང་གོང་དང་་འདྲ་ལ། ཡང་ཞོལ་པར་ (༧༠ ན ༦) དུ། ‘ཡང་དག’ ཅེས་གསལ་ཡང་གཉིས་ཀ་ལ་གོ་བ་མེད་ཅིང་ཚིག་སྦྱོར་ཡང་མ་བདེ་བས། ངེད་ཀྱི་ལྟར་ན། སོ་སོ་ཐར་པ་རིགས་བདུན་དང་‘ཡེ་མ་’འབྲེལ་བ་ལ་ཡང་། ཞེས་སམ། སོ་སོ་ཐར་པ་རིགས་བདུན་’གང་དང་ཡང་མ་’འབྲེལ་བ་ལ་ཡང་། ཞེས་པ་ལྟ་བུ་གང་རུང་ཞིག་ཡིན་འདྲ་སྙམ་ཡང་མ་ཕྱི་གཞན་མ་རྙེད་པས་ཁ་ཚོན་གཅོད་དཀའོ༎ ཞར་བྱུང་ཙམ་མོ།། 

       ཡང་ལྟ་བ་ཡངས་དོག་ལ་བརྟེན་ནས་ཆོ་ག་ལ་ཁྱད་པར་བྱུང་བའི་ཚུལ་ཞིབ་པར་རོལ་མཚོར་རང་ལུགས་བཞག་པའི་སྐབས་སུ་གསུངས་པས་དེ་འདིར་བླངས་ཏེ་འགོད་པར་བྱའོ།། དེ་ཡང་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༡༩་༨) ལས། 

འོ་ན་ཅི་ལུགས་དེ་ལ་སྨོན་པའི་སྡོམ་པ་མ་བཤད་ལ། ཅིག་ཤོས་ལ་འཆད་པ་ཅི་ཞེ་ན། དེའི་ཤེས་བྱེད་ནི་ཇི་སྐད་དུ། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ ཆོས་རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། པོད་ཁ་པ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས། ༢༤་༡༧) དེ་གཉིས་ལྟ་བ་ཐ་དད་པས།། ཆོ་ག་ཡང་ནི་ཐ་དད་ཡིན།། ཞེས་གསུངས་ལ། ལྟ་བ་ཡངས་དོག་གི་གོ་དོན་ཡང་། ཁྱབ་པའི་སྟོང་ཉིད་དང་། ཉི་ཚེ་བའི་སྟོང་ཉིད་ཀྱི་དབང་དུ་བྱས་ནས་འཆད་དགོས་པ་ཡིན་གྱི། སྤྱོད་པ་ཡངས་དོག་ལ་འཆད་པའི་གོ་བ་བླངས་ནས་ཉེས་པ་བརྗོད་པར་བྱེད་པ་དེ་དག་ནི་སུན་འབྱིན་གྱིས་འཕོངས་པ་ཡིན་ཏེ། ལུགས་འདི་ནི་ལྟ་བ་ཇི་ཙམ་མཐོ་བ་བཞིན་སྡོམ་པ་འཛིན་དགོས་མང་བར་ཞལ་གྱིས་བཞེས་པའི་ཕྱིར་ཏེ། དབུ་སེམས་ཀྱི་ཁྱད་པར་སྨོན་པ་ལ་སྡོམ་པའི་རྣམ་བཞག་མཛད་མི་མཛད་དེ་ལས་ཕྱེ་བས་སོ།།

ཞེས་སེམས་ཙམ་ལུགས་ལ་སྨོན་སྡོམ་མ་བཤད་ལ། དབུ་མ་ལུགས་ལུགས་ལ་བཤད་པ་དེ་ལྟ་བ་ཡངས་དོག་གི་ཁྱད་པར་ལས་ཡིན་པར་གསུངས་ཤིང་། ལྟ་བ་ཡངས་དོག་གི་དོན་ཡང་ ཁྱབ་པ་དང་ཉི་ཚེ་བ་ལ་བྱ་དགོས་པའི་ཕྱིར། དེས་ན་ཁ་ཅིག །ལྟ་བ་ཡངས་དོག་གི་དོན་སྤྱོད་པ་ཡངས་དོག་ལ་བྱས་ནས་ངེས་ལ་དགག་པ་བྱས་པ་ནི་དོན་མ་ཡིན་ཏེ། དབུ་མ་པ་ལྟ་བ་མཐོ་བས་བསྲུང་བྱའི་སྡོམ་པ་མང་བ་ལ། སེམས་ཙམ་ལྟ་བ་དམན་པས་བསྲུང་བྱ་ཉུང་བར་ཋེད་ཅག་གིས་ཁས་བླངས་པའི་ཕྱིར། དབུ་སེམས་ལུགས་གཉིས་ཀྱི་ཁྱད་པར་ནི། སྨོན་པའི་སྡོམ་པ་ཡོད་མེད་ཀྱི་སྒོ་ནས་འབྱེད་པར་གསུངས་སོ།། དེ་ལ་ཁྱབ་པ་དང་ཉི་ཚེ་བའི་སྟོང་ཉིད་ཀྱི་དོན་གང་ཞེ་ན།  དེའི་གོ་དོན་ཡང་། དབུ་མ་པའི་ལུགས་ཀྱི་སྟོང་ཉིད་བདེན་སྟོང་སྤྲོས་བྲལ་དེ་ཉིད་འདུས་བྱས་མ་བྱས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་སུ་འཇོག་རིགས་་པས་ན་ཁྱབ་པའི་སྟོང་ཉིད་ཞེས་དང་། སེམས་ཙམ་པའི་ལུགས་ཀྱི་གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་དེ་ནི་སྔ་མ་མི་འདྲ་བར་་འདུས་བྱས་ཁོ་ནའི་གཤིས་ལུགས་སུ་འཇོག་རིགས་་ཀྱི། ཆོས་ཐམས་ཅད་ཀྱི་གཤིས་ལུགས་སུ་འཇོག་མི་རིགས་པས་ཉི་ཚེ་བའི་སྟོང་པ་ཉིད་ཞེས་བརྗོད་པར་སེམས་སོ།། ཡང་དེའི་(གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༡༩་༡༩) འཕྲོར། 

བྱེ་བྲག་ཏུ་སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་ན། སྨོན་སེམས་དང་། སོ་ཐར་རིས་བདུན་སོགས་སྔོན་དུ་མ་སོང་ཡང་། འཇུག་པའི་སྡོམ་པ་བསྲུང་བ་ལ་དཀའ་བའི་གནས་མི་འབྱུང་བའི་ཕྱིར་དང༌། སྟོང་པ་ཉིད་ཀྱི་ལྟ་བ་དེ་སྔོན་དུ་སོང་ན། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཡང་རང་གི་ངང་གིས་འབྱུང་བའི་ཕྱིར། དོན་དེ་ལ་དགོངས་ནས་དབུ་མའི་གཞུང་ལས་ཆོ་གའི་ཚུལ་དེ་ལྟར་མཛད་པ་ཡིན་ཏེ། དཔེར་ན་དབུ་མ་རྒྱན་ལས། ཡང་དག་ཤེས་ཚུལ་སྔོན་བཏང་སྟེ། །ཞེས་སྟོང་པ་ཉིད་ཀྱི་ལྟ་བ་སྔོན་དུ་བཏང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གསུངས་སོ།། 

ཞེས་གསུངས་ཏེ། དེ་ཡང་སྟོང་ཉིད་རྟོགས་ན་སོ་ཐར་གྱི་སྡོམ་པ་དང་སྨོན་སེམས་མེད་ཀྱང་དེའི་མཐུས་སྨོན་སེམས་ངང་གིས་བྱུང་སྟེ། འཇུག་སྡོམ་བཟུང་བ་ལ་དཀའ་ངལ་མེད་པས། དབུ་མའི་སྐབས་སུ་སྨོན་འཇུག་ཅིག་ཅར་ལེན་པའི་ཆོ་ག་གསུངས་སོ་ཞེའོ།། དེའི་སྒྲུབ་བྱེད་ཀྱང་དེ་ཉིད་ (གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༢༠་༦) ལས། 

དབུ་མའི་ལྟ་བ་དང་སྨོན་སེམས་རྐྱང་པ་ཐབས་ཤེས་ཟུང་དུ་འཇུག་པར་འགྱུར་ལ། སེམས་ཙམ་གྱི་ལྟ་བ་དང་ཐབས་ཤེས་ཟུང་དུ་འཇུག་པ་ལ་འཇུག་སེམས་དགོས་པའི་དོན་ཏེ། དབུ་མའི་ལུགས་ཀྱི་ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་དྲུག་ཀ་འདུས་ལ། སེམས་ཙམ་ལུགས་ཀྱི་དེའི་ནང་དུ་དེ་མི་འདུག་པས་སོ་སྙམ་དུ་དགོངས་པའོ།།

ཞེས་དབུ་སེམས་ལུགས་གཉིས་ཀྱི་ལྟ་བ་དང་འཇུག་གི་སེམས་དང་ཐབས་ཤེས་ཟུང་དུ་འཇུག་ཀྱང་། སེམས་ཙམ་པའི་ལྟ་བ་དེ་སྨོན་སེམས་དང་ཟུང་དུ་མི་འཇུག་པར་གསུངས་ཤིང་། དེའི་རྒྱུ་མཚན་ཡང་སེམས་ཙམ་པའི་ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་དྲུག་ག་མ་བསྡུས་པ་ལ་ཐུག་པར་གསུངས་ཏེ། འོག་ཏུ་བརྟག་པར་བྱའོ།། 

       དེ་བཞིན་དུ་དངོས་གཞིའི་ཆོ་ག་ལ་ཡང་་མི་འདྲ་སྟེ། སློབ་དཔོན་ཐོགས་མེད་སྨོན་འཇུག་རིམ་ཅན་དང་། འཕགས་པ་ཀླུ་སྒྲུབ་སྨོན་འཇུག་སྟབས་གཅིག་ཏུ་མཛད་པའི་ཕྱིར་དང་། ཆོ་གའི་བརྗོད་ཚུལ་ཡང་མི་འདྲ་བའི་ཕྱིར། དང་པོ་གྲུབ་སྟེ། ལུགས་འདིར་དང་པོར་སྨོན་སེམས་བཟུང་ཞིང་། དེ་ནས་འཇུག་སྡོམ་ལེན་པར་གསུངས་པའི་ཕྱིར་ཏེ། བྱང་སའི་རྗེས་སུ་འབྲངས་པའི་སེམས་བསྐྱེད་ཆོ་ག་ཇོ་བོས་མཛད་པ་ (སྡེ་བསྟན། དབུ་མ། གི་པ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། དཔལ་མར་མེ་མཛད་ཡེ་ཤེས། ༢༤༥ བ ༢) ལས། 

བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱིས་དམིགས་ཏེ། ཕྱག་བཙལ་བ་དང༌། ཅི་འབྱོར་བའི་མཆོད་པ་ལ་སོགས་པ་བྱས་ལ། སློབ་དཔོན་མདུན་དུ་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་པུར་ཡང་རུང་བས་འདུག་སྟེ། ཐལ་མོ་སྦྱར་བས་སེམས་བསྐྱེད་པར་བྱ་སྟེ། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བྱའོ། །སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ།།

ཞེས་སྨོན་སེམས་ཀྱི་ཆོ་ག་དང་། དེའི་རྗེས་སུ་བྱང་སྡོམ་བླང་བར་གསུངས་ཤིང་། དེའི་ཆོ་ག་ཡང་འདི་ཉིད་ (སྡེ་བསྟན། དབུ་མ། གི་པ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། དཔལ་མར་མེ་མཛད་ཡེ་ཤེས། ༢༤༧ ན ༦) ལས།

བཙུན་པའམ། ཚེ་དང་ལྡན་པའམ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང་ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་བདག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནོད་དམ་ཞེས་སྨྲོས་ཤིག །དེས་ཀྱང་། ནོད་ལགས་སོ།། ཞེས་སྨྲོས་ཤིག །དེ་ལྟར་སློབ་དཔོན་གྱིས་ལན་གསུམ་གྱི་བར་དུ་ལེན་ནམ། ཞེས་བརྗོད་ཅིང་། སློབ་མས། རབ་ཏུ་ལེན་ལགས་སོ།། ཞེས་ལན་གསུམ་བརྗོད་པས་སྡོམ་པ་བླངས་པར་འགྱུར་རོ།།

ཞེས་དྲིས་ལན་གྱི་སྒོ་ནས་བྱང་སྡོམ་ནོད་པར་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྱོད་འཇུག་ (སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཞི་བ་ལྷ། ༧ བ ༢) ལས། 

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། ། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །

ཞེས་སྨོན་འཇུག་ཅིག་ཅར་དུ་ལེན་པའི་ཆོ་ག་གསུངས་པའི་ཕྱིར། 

དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ། པོད་ཁ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩ སྡོམ་གསུམ་རྣམ་གཞག་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། ༤༩༡ ་ ༡༨) ལས། 

དངོས་གཞིའི་ཆོ་ག་ལ་ཡང་། སློབ་དཔོན་ཐོགས་མེད་སྨོན་པ་སྔར་བླངས་ནས་ཕྱིས་འཇུག་པ་མཛད་ལ། འཕགས་པ་ཀླུ་སྒྲུབ་སྨོན་འཇུག་སྟབས་གཅིག་ཏུ་མཛད་ཅིང༌། ཆོ་གའི་བརྗོད་ཚུལ་ཡང་མི་འདྲའོ༎ 

ཞེས་སོ།། 

མཇུག་ཀྱང་མི་འདྲ་སྟེ། སློབ་དཔོན་ཐོགས་མེད་མཁྱེན་གསོལ་ལ་སོགས་པ་མཛད་ལ། འཕགས་པ་ཀླུ་སྒྲུབ་དེ་མི་མཛད་པར་མཇུག་ཏུ་རང་གཞན་དགའ་བ་བསྐྱེད་པ་སོགས་མཛད་པའི་ཕྱིར། དང་པོ་གྲུབ་སྟེ། ཇོ་བོའི་སེམས་བསྐྱེད་ཆོ་ག་ (སྡེ་བསྟན། དབུ་མ། གི་པ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། དཔལ་མར་མེ་མཛད་ཡེ་ཤེས།  ༢༤༧ བ ༤) ལས། 

ཕྱོགས་བཅུའི་སང་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་ལན་གསུམ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བ་དཔང་དུ་གྱུར་པར་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ་ཞེས་ལན་གསུམ་གྱི་བར་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བརྗོད་དེ། 

ཞེས་མཁྱེན་གསོལ་དང་། གཞན་ཡང་སློབ་མ་ལ་སྤྲོ་བ་བསྐྱེད་པ། གསང་བ་བསྡམས་པ། བསླབ་བྱ་སྟོན་པ་རྣམས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྱོད་འཇུག་(སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཞི་བ་ལྷ། ༧ བ ༣) ལས། 

དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དི་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །

ཞེས་སོགས་ཤོལོ་ཀ་བརྒྱད་ཀྱིས་རང་དགའ་བ་བསྒོམ་པ་དང་། (སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཞི་བ་ལྷ། ༨ ན ༡) 

བདག་གིས་དི་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། 

ཞེས་གཞན་དགའ་བ་བསྐྱེད་དུ་གཞུགཔར་བསྟན་པའི་ཕྱིར། དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ། པོད་ཁ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩ སྡོམ་གསུམ་རྣམ་གཞག་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། ༤༩༡་༢༠)ལས། 

མཇུག་ཀྱང་། སློབ་དཔོན་ཐོགས་མེད་མཁྱེན་པར་གསོལ་བ་ལ་སོགས་པ་མཛད་ལ། འཕགས་པ་ཀླུ་སྒྲུབ་རང་གཞན་དགའ་བ་བསྐྱེད་པ་ལ་སོགས་པ་མཛད་པས་མི་འདྲའོ༎ 

ཞེས་སོ༎ གོང་དུ་ཤཱཀ་མཆོག་པའི་བཞེད་ཚུལ་རྒྱས་པར་ལུང་ཁུངས་དང་སྦྱར་ནས་བཀོད་དེ། དེས་མཛད་པའི་ ‘བྱང་ཆུབ་སེམས་དཔའི་འདུལ་བ་རྣམ་ངེས་’ (ཤཱཀ་མཆོག་གསུང་འབུམ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།༢༠༡༣ པོད་ཆ་པ། ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་གཞག་པ་ལས། བྱང་ཆུབ་སེམས་དཔའི་འདུལ་བ་རྣམ་པར་ངེས་པ། ༢༧༨ ་ ༡) ལ་གཞིར་བཞག་ནས་བཀོད་པ་ཡིན་ལ། ལུང་རིགས་རོལ་མཚོར་ (གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༡༧ ་ ༢༠) ཡང་རང་ལུགས་བཞག་པ་ན། འདི་ལྟར། 

གསུམ་པ་ནི། འཕགས་པ་ཐོགས་མེད་ཐོག་མར་སྨོན་པ་བླངས་ནས། ཕྱིས་འཇུག་པ་ལེན་པ་དང་། བར་ཆད་དྲི་བ་སོགས་མཛད་ལ། འཕགས་པ་ཀླུ་སྒྲུབ་ནི་སྨོན་འཇུག་སྟབས་ཅིག་ཏུ་ལེན་པར་མཛད་པའི་ཁྱད་པར་ལས་དང་།

ཞེས་གསུངས། 


       དེ་ལ་མཁས་གྲུབ་རྗེས་དགག་པ་མཛད་ཚུལ་ནི། དབུ་མ་ལུགས་དང་སེམས་ཙམ་ལུགས་གཉིས་ཀྱི་སྤྱོད་པ་ལ་ཡངས་དོག་གི་ཁྱད་པར་བྱུང་བ་དེ་ལྟ་བ་ལ་ཡངས་དོག་ཀྱི་ཁྱད་པར་ལས་བྱུང་བར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། ལྟ་བའི་ངེས་པ་ཇི་ཙམ་ཟབ་ཏུ་སོང་བ་དེའི་ཚོད་ཀྱིས་རྟེན་འབྱུང་ལ་ངེས་པ་ཟབ་ཏུ་འགྲོ་བ་ཞིག་ངེས་པར་དགོས་ལ། དེའི་ཚེ་ཀུན་བྱང་གི་བླང་དོར་ལ་འཇུག་པ་སྔར་ལས་ཆེས་ཞིབ་ཚགས་པར་འགྱུར་བའི་ཕྱིར་དང་། དེ་ལྟ་མ་ཡིན་པར་ལྟ་བའི་ངེས་པ་ཇི་ཙམ་རྙེད་ལོ་བྱས་པ་དེའི་ཚོད་ཀྱིས། སྤྱོད་པ་ལ་བརྩི་མཐོང་ཇེ་ཆུང་དུ་འགྱུར་ན། དེ་ནི་རང་གི་སྒོམ་པའི་ལྟ་བ་ཡང་དག་མ་ཡིན་པའི་རྒྱུ་མཚན་ཡང་དག་ཡིན་པའི་ཕྱིར། དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ། པོད་ཁ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩ སྡོམ་གསུམ་རྣམ་གཞག་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། ༤༩༧་༨) ལས། 

ལྟ་བ་ཡངས་དོག་གིས་སྤྱོད་པ་ཡངས་དོག་བྱུང་བར་སྨྲ་བ་ནི། སྟོང་པ་ཉིད་དང་རྟེན་འབྲེལ་གཉིས་ཕན་ཚུན་ངེས་པ་འདྲེན་པའི་གྲོགས་སུ་སོང་ནས། ཇི་ཙམ་སྟོང་པ་ཉིད་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་རྙེད་པ་དེ་ཙམ་གྱིས་ཤིན་ཏུ་ཕྲ་བའི་བླང་དོར་གྱི་གནས་རྣམས་ལ་ངེས་པ་ཇེ་ཆེར་སོང་སྟེ། བླང་དོར་གྱི་གནས་ལ་ཀུན་ཏུ་སྤྱོད་པ་དག་ཆེས་ཞིབ་ཏུ་འགྲོ་དགོས་པས། ཟབ་མོ་དབུ་མའི་ལྟ་བ་རྟོགས་པའི་ཁྱད་ཆོས་ཀྱི་གཙོ་བོ་དེ་ཉིད་ཁོང་དུ་མ་ཆུད་པར། བླང་དོར་ཞིབ་ཏུ་བྱེད་པ་ཐམས་ཅད་ལྟ་བ་མ་གོ་བའི་འཁྲུལ་ངོ་འབའ་ཞིག་ཏུ་བཟུངས་ཤིང༌། སྟོང་ཉིད་ལ་ངེས་པ་ལྟར་སྣང་རེ་རྙེད་ན་རྒྱུ་འབྲས་ཁྱད་དུ་གསོད་པའི་ལོག་རྟོག་གི་ཐ་ཆད་དེ་ཉིད་འོངས་པ་ཡིན་ཏེ། གཞན་དུ་ན་ལྟ་བ་ཡངས་སུ་སོང་གིན་སྤྱོད་པ་མི་ཞིབ་ཏུ་འགྲོ་བའི་དོན་གང་ཡིན་སྨྲོས་ཤིག།

ཞེས་སོ༎ འདི་ནི་དྲང་ངེས་རྣམ་འབྱེད་(རྗེ་ཙོང་ཁ་པ་ཆེན་པོའ་ིགསུང་འབུམ་དཔེ་བསྡུར་མ། པོད་ཕ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩ དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ། ༤༣༡ ་༡༠) ལས། 

་བ་རྒྱུད་ལ་མ་སྐྱེས་གོང་གི་བྱང་ཆུབ་སེམས་སྦྱོང་ལ་སོགས་པ་ཐམས་ཅད་བདེན་འཛིན་ནམ་མཚན་འཛིན་དུ་འདུག་སྙམ་ནས། ལྟ་བ་རྒྱུད་ལ་སྐྱེས་པར་རློམ་པའི་འ ོག་ཏུ་སྤྱོད་ཕྱོགས་ཐམས་ཅད་ལ་ཞེ་རྩིས་མེད་པའི་ལོག་ལྟ་རྣམས་ལེགས་པར་ཁེགས་པར་འགྱུར་རོ།།

ཞེས་གསུངས་པ་དང་དགོངས་པ་གཅིག་ཏུ་སྣང་ངོ་།།

       གཞན་ཡང་ལྟ་བ་ཡངས་དོག་གིས་སྤྱོད་པ་ཡངས་དོག་བཤད་པ་མི་འཐད་པར་ཐལ། བྱམས་འཇམ་དབྱངས་ཀླུ་སྒྲུབ་ཐོགས་མེད་ཞི་བ་ལྷ་ཇོ་བོ་ཀུན་རང་གི་ལྟ་བ་དབུ་མར་གནས་པ་མཚུངས་པའི་ཕྱིར། བྱམས་པ་དང་ཐོགས་མེད་ཀྱི་སེམས་ཙམ་ཀྱི་གཞུང་མཛད་པས་སྐྱོན་སྤོང་མི་ནུས་ཏེ། བདག་ཅག་གི་སྟོན་པ་ཡང་དེར་ཐལ་བར་འགྱུར་བའི་ཕྱིར་རོ།། ཇོ་བོ་རྗེ་ལྟ་བ་ཡངས་པ་ཀླུ་སྒྲུབ་ལྟར་དང་སྤྱོད་པ་དོག་པ་ཐོགས་མེད་ལྟར་ཡིན་པ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། དེས་ན་དབུ་མ་པ་ཆོས་ཅན། སྤྱོད་པ་ཡངས་ཏེ། ལྟ་བ་ཡངས་པའི་ཕྱིར། ཞེས་པ་དེ་ནི་དོངས་ཀྱི་མ་ངེས་པའི་གཏན་ཚིགས་སུ་འགྱུར་ཏེ། ཕྱོགས་ཆོས་གང་ཞིག །རྟགས་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བའི་ཕྱིར། ཇོ་བོ་ལྟ་བ་ཡངས་ཀྱང་སྤྱོད་པ་དོག །ཞི་བ་ལྷ་ལྟ་བ་ཡངས་ལ་སྤྱོད་པའང་ཡངས་པའི་ཕྱིར། རྟགས་ལས། དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ། པོད་ཁ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩ སྡོམ་གསུམ་རྣམ་གཞག་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། ༤༩༨་༡༨) ལས།

གཞན་ཡང་རྗེ་བཙུན་འཇམ་དབྱངས་དང༌། རྗེ་བཙུན་བྱམས་པ་དང༌། འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད་དང༌། ཞི་བ་ལྷ་དང༌། ཇོ་བོ་རྗེ་རྣམས་རང་ལུགས་ཀྱི་ལྟ་བ་དབུ་མའི་ལྟ་བ་མཐར་ཐུག་པར་ཁྱད་པར་མེད་པ་ལ། དབུ་སེམས་ཀྱི་ལྟ་བ་ཐ་དད་པའི་དབང་གིས་དེ་དག་སྤྱོད་པ་ཡང་ཐ་དད་པར་ཇི་ལྟར་སྨྲ། བྱམས་པ་དང་ཐོགས་མེད་ཀྱིས་གདུལ་བྱའི་ངོར་སེམས་ཙམ་གྱི་ལྟ་བ་སྟོན་པའི་གཞུང་མང་དུ་གསུངས་པའི་ཕྱིར་རོ་སྙམ་ན། སྟོན་པ་ཤཱཀྱ་ཐུབ་པ་ཡང་ལྟ་བ་དོག་ཅིང༌། དེའི་དབང་གིས་སྤྱོད་པ་ཡང་དོག་པ་བྱམས་པ་ཐོགས་མེད་སོགས་དང་མཚུངས་པར་ཁས་ལེན་རིགས་པར་འགྱུར་ཏེ། གདུལ་བྱའི་ངོར་སེམས་ཙམ་གྱི་ལྟ་བ་ཞལ་གྱིས་བཞེས་པའི་མདོ་མང་དུ་གསུངས་པའི་ཕྱིར་རོ།། ཇོ་བོ་རྗེ་ལྟ་བ་དབུ་མ་འཛིན་པ་དང་སྤྱོད་པ་དོག་པ་ཐོགས་མེད་སོགས་དང་མཚུངས་པར་ཁྱེད་རང་གིས་ཁས་བླངས་པའི་ཕྱིར། ལྟ་བ་ཡངས་ན་སྤྱོད་པ་ཡངས་པ་དང༌། ལྟ་བ་དོག་ན་སྤྱོད་པ་དོག་པས་ཁྱབ་པ་ལ་དངོས་ཀྱི་མ་ངེས་པ་རང་ཉིད་ཀྱིས་འཕངས་པ་ཡིན་ནོ།། 

ཞེས་ས།། 

       ཡང་ཇི་ལྟར་སྔོན་གྱི། ཞེས་སོགས་སྨོན་འཇུག་ཅིག་ཅར་དུ་ལེན་པའི་ཆོ་གར་གསུངས་པ་འགོ་མཚུངས་ཀྱི་རིགས་པས་དགག་པ་ནི། འོ་ན་སྔགས་སྡོམ་ལེན་པའི་ཆོ་ག་དེ་ཆོས་ཅན། ཁྱོད་ལ་བརྟེན་ནས་སྔགས་སྡོམ་དང་བྱང་སྡོམ་གཉིས་ཅིག་ཅར་དུ་འཐོབ་པར་ཐལ། དེའི་ཆོ་གར། (སྡེ་བཀའ། རྒྱུད། ཉ་པ། གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ།  ༡༨༤ ན ༡)

ཇི་ལྟར་དུས་གསུམ་མགོན་པོ་རྣམས༎ བྱང་ཆུབ་ཏུ་ནི་ངེས་མཛད་པའི༎ བྱང་ཆུབ་སེམས་ནི་བླ་ན་མེད༎ དམ་པ་བདག་གིས་བསྐྱེད་པར་བགྱི༎ སངས་རྒྱས་རྣལ་འབྱོར་སྡོམ་པ་ལ༎ ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་༎ དགེ་བའི་ཆོས་ནི་སྡུད་པ་དང་༎ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གས་གསུམ༎ བདག་གིས་བརྟན་པོར་གཟུང་བར་བགྱི༎ 

ཞེས་ཤོ་ལོ་ཀ་སྔ་མས་སྨོན་སེམས་དང་། ཕྱི་མས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་བསྲུང་བར་དམ་བཅས་པ་དེ་ཆོ་ག་གཅིག་གི་ནང་དུ་ཚང་བའི་ཕྱིར། ཁྱབ་སྟེ། སྤྱོད་འཇུག་(སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཞི་བ་ལྷ། ༧ བ ༢) གི་སྡོམ་པ་ལེན་པའི་ཆོ་གར། 

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༎

ཞེས་སོགས་ཀྱི་སྐབས་སུ། དེ་བཞིན་འགྲོ་ལ་ཕན་དོན་དུ༎ བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་༎ ཞེས་པས་སྨོན་སེམས་གཟུང་བ་དང་། དེ་བཞིན་དུ་ནི་བསླབ་པ་ལའང་༎ རིམ་པ་བཞིན་དུ་བསླབ་པར་བགྱི༎ ཞེས་པས་འཇུག་སེམས་གཟུང་བ་སྟེ། གཉིས་པོ་ཆོ་ག་གཅིག་གིས་ལེན་པར་ཁྱེད་འདོད་པ་གང་ཞིག །མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། ཨ་བྷྱའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ (སྡེ་བསྟན།  རྒྱུད། ཕུ་པ། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ། ༦༧ ན ༧) སོགས་དཀྱིལ་ཆོག་ཚད་ལྡན་མང་པོར། གུར་ (སྡེ་བཀའ།  རྒྱུད། ང་པ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟགས་པ། ༥༣ བ ༤) ནས་བྱུང་བའི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༎ ཞེས་སོགས་ཀྱིས་བྱང་སྡོམ་བཟུང་ཞིང་། དེ་ནས་རྩེ་མོ་ (༡༨༤ ན ༡) དང་། རྡོ་རྗེ་མཁའ་འགྲོ། (སྡེ་བཀའ།  རྒྱུད། ཁ་པ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ། ༣༤ བ ༡) དེའི་རྒྱུད་ཕྱི་མ། (སྡེ་བཀའ།  རྒྱུད། ཁ་པ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཕྱི་མ། ༡༣༤ ན ༧) ཡང་དག་སྦྱོར་བ་(སྡེ་བཀའ།  རྒྱུད། ག་པ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ། ༩༦ ན ༦) སོགས་རྒྱུད་དུ་མར་བྱུང་བའི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས༎ ཞེས་སོགས་ཀྱིས་སྔགས་སྡོམ་འཛིན་པར་གསུངས་པ་དང་འགལ་བའི་ཕྱིར། དེ་ལྟར་ཡང་བྱི་དོར་ (མཁས་གྲུབ་རྗེའི་གསུང་འབུམ་དཔེ་བསྡུར་མ། པོད་ཁ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩ སྡོམ་གསུམ་རྣམ་གཞག་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། ༤༩༩་༥) ལས།

སྤྱོད་འཇུག་ལས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༎ ཞེས་སོགས་གསུངས་པ་འདི་སྨོན་འཇུག་གཉིས་ཀ་ཕྱོགས་གཅིག་ཏུ་ལེན་པའི་ཆོ་ག་ཡིན་ན། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌།། ཞེས་སོགས་ཀྱི་སྒོ་ནས་རིགས་ལྔའི་སྡོམ་གཟུང་གི་ཆོ་ག་གསུངས་པ་འདི་ཡང་སྔགས་དང་བྱང་སེམས་ཀྱི་སྡོམ་པ་གཉིས་ཀ་དུས་གཅིག་ཏུ་ལེན་པའི་ཆོ་ག་ཡིན་པར་འགྱུར་རོ༎ དེ་འདོད་ན། པཎ་གྲུབ་ཚད་ལྡན་གྱིས་མཛད་པའི་དཀྱིལ་ཆོག་དུ་མ་ཞིག་ལས། རིགས་ལྔའི་སྡོམ་གཟུང་དེ་ཉིད་ཀྱི་བར་མ་ཆད་ཀྱི་སྔ་རོལ་ཏུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༎ ཞེས་སོགས་ཀྱིས་བྱང་སེམས་ཀྱི་སྡོམ་པ་གཟུང་བར་གསུངས་པ་ཐམས་ཅད་མི་འཐད་པར་འགྱུར་རོ༎ 

ཞེས་སོ༎  


       དེ་དག་ལ་པཎ་ཆེན་གསེར་མདོག་ཅན་པ་འགག་པ་མཛད་ཚུལ་ནི། འགོ་མཚུངས་ཀྱི་གནོད་བྱེད་དེ་མི་འཇུག་སྟེ། དཀྱིལ་ཆོག་ཚད་ལྡན་མང་པོར་སྔགས་སྡོམ་འཛིན་པའི་སྔོན་དུ་བྱང་སྡོམ་འཛིན་པར་བཤད་པའི་ཕྱིར། ཞེས་ཟེར་བ་ནི་ལྟག་ཆོད་འབའ་ཞིག་ཡིན་པའི་ཕྱིར་ཏེ། སྔགས་སྡོམ་གྱི་སྔོན་དུ་བྱང་སྡོམ་གཟུང་བ་རྒྱུད་རྡོ་རྗེ་རྩེ་མོར་མ་བྱུང་ཞིང་། དཀྱིལ་ཆོག་མཛད་པ་པོ་དག་གིས་ཚིག་གསར་དུ་བཅུག་པས། དཀྱིལ་ཆོག་དེ་རྣམས་ཁྱེད་ཀྱི་ཤེས་བྱེད་ཀྱི་ཁུངས་སུ་དྲངས་མི་རིགས་ཤིང་། ངེད་ཅག་ལ་ཡང་གནོད་བྱེད་དུ་མི་རུང་བའི་ཕྱིར། ཁྱེད་ལྟར་ན་ཡང་། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་༎ ཞེས་སོགས་ཀྱི་ལུང་དེས་སེམས་བསྐྱེད་ཀྱི་སྡོམ་པ་འཛིན་པའི་ཆོ་ག་ཅིག་མ་བསྟན་པར་ཐལ། དཀྱིལ་ཆོག་ཚད་ལྡན་མང་པོར་དེའི་སྔོན་དུ་བྱང་སྡོམ་འཛིན་པའི་ཆོ་ག་བཤད་པའི་ཕྱིར། རྟགས་ཁས། དེ་ལྟར་ཡང་རོལ་མཚོ་ (གྲགས་ཆེན་་བཅོ་བརྒྱད་ལས། ཕར་ཕྱིན་སྐོར། པོད།༤༣ སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་།༢༠༡༥  རྣམ་བཤད་ལུང་རིགས་རོལ་མཚོ། སྟོད་ཆ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༢༢༨་༡) ལས། 

ཡང་རིགས་ལྔའི་སྡོམ་བཟུང་གི་ཆོ་ག་འདི་སྔགས་དང་བྱང་སེམས་ཀྱི་སྡོམ་པ་ཅིག་ཅར་དུ་འཛིན་པའི་ཆོ་ག་ཡིན་པར་ཐལ་བ་ལ་བསལ་བ་གཉིས་པོ་གང་ཡང་མི་འཇུག་པ་ཁོ་ནར་མ་ཟད། ལུང་དང་རིགས་པ་དང་ཁས་བླངས་པ་ཐམས་ཅད་ཀྱིས་དེ་དེར་འགྲུབ་པ་ཡིན་ལ། ཁྱོད་ཀྱིས། དེ་ལ་བསལ་བ་སྟོན་པ་ན། དཀྱིལ་ཆོག་ཚད་ལྡན་མང་པོར། དེའི་སྔ་རོལ་དུ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ཀྱིས་སེམས་བསྐྱེད་ཀྱི་སྡོམ་པ་འཛིན་པར་བཤད་པའི་ཕྱིར། ཞེས་ཟེར་བ་ནི་ལྟག་ཆོད་འབའ་ཞིག་ཡིན་ཏེ། སྤྱིར་ལུང་དེ་རྡོ་རྗེ་རྩེ་མོའི་རྒྱུད་(སྡེ་བཀའ། རྒྱུད། ཉ་པ། གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ། ༡༨༤ ན ༢) ཚིག་ཡིན་པ་ལ། དཀྱིལ་ཆོག་མཁན་པོའི་སློབ་དཔོན་དག་གིས་དེའི་གོང་དུ་ཚིག་གཞན་བཅུག་པ། ཁྱེད་ཀྱི་ཤེས་བྱེད་དང་། ཅིག་ཤོས་ལ་གནོད་བྱེད་དུ་མི་རུང་བ་དང་། དེར་མ་ཟད་ཁྱེད་རང་གི་ལྟར་ན་ཡང་། ལུང་དེས་སེམས་བསྐྱེད་ཀྱི་སྡོམ་པ་འཛིན་པའི་ཆོ་ག་ཅིག་མ་བསྟན་པར་འགྱུར་ཏེ། དཀྱིལ་ཆོག་ཚད་ལྡན་མང་པོར། དེའི་སྔོན་དུ་སེམས་བསྐྱེད་ཀྱི་སྡོམ་པ་འཛིན་པའི་ཆོ་ག་བཤད་པའི་ཕྱིར་ཞེས་འཕངས་ན་བཟློག་པར་ནུས་པ་མ་ཡིན་ནོ༎ 

ཞེས་སོ༎ 


       འདི་དག་ལ་ཁོ་བོས་དཔྱད་པ་ནི།        ལྟ་བ་ཡངས་དོག་ལ་བརྟེན་ནས་སྤྱོད་པ་ཡངས་དོག་བྱུང་བ་ལ་དགག་པ་མཛད་པ་ནི། སྤྱོད་པ་ཡངས་དོག་ལྟ་བ་ཡངས་དོག་གི་དོན་དུ་བྱས་ནས་དགག་པ་མིན་གྱི། ལྟ་བ་ཡངས་དོག་རྒྱུ་མཚན་དུ་བཀོད་ནས་སྤྱོད་པ་ཡངས་དོག་ཡོད་པར་སྒྲུབ་པ་མི་འཐད་ཅེས་པ་ཡིན་ལ། ཁྱེད་ཀྱིས། དབུ་མ་པ་ལྟ་བ་ཡངས་པས་སྟོང་ཉིད་རྟོགས་པའི་ལྟ་བ་དང་ལྡན་ན་བྱང་ཆུབ་ཀྱི་སེམས་རང་གི་ངང་གིས་འབྱུང་བར་གསུངས་པ་ལ་བརྟག་པ་ནི། དེ་ཡང་ལྟ་བ་དེ་སྐྱེས་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་སྐྱེ་ཞེ་འམ། དེ་རྒྱུད་ལ་ཡོད་ན་སེམས་སྐྱེ་སླ་བ་དོན་གང་ཡིན་གྲང་། དང་པོ་ལྟར་ན། དབུ་མ་པ་ལུགས་ལ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་པས། ཉན་རང་ལའང་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཡོད་པར་ཐལ་ལོ།། གཉིས་པ་ལྟར་ན། ལྟ་བ་ལ་བརྟེན་ནས་སེམས་བསྐྱེད་པ་སླ་བ་ཙམ་ཡོད་དུ་ཆུག་ཀྱང་། དེས་འཇུག་སྡོམ་ཐོབ་པ་ལ་སྨོན་སེམས་སྐྱེས་པ་སྔོན་དུ་འགྲོ་མི་དགོས་པ་འི་སྒྲུབ་བྱེད་དུ་ཅི་ཡང་མི་ཕན་པའི་ཕྱིར་ཏེ། སྐྱེ་སླ་བ་གང་ཡིན་སྔོན་དུ་འགྲོ་མི་དགོས་པར་འགྱུར་ན། མྱུ་གུ་སྐྱེས་པ་ལ་ས་བོན་སྔོན་དུ་འགྲོ་མི་དགོས་པར་ཐལ། ཆུ་ལུད་དྲོད་གཤེར་སོགས་འཛོམས་ན་སྐྱེ་སླ་བའི་ཕྱིར། ས་མྱུག་རྒྱུ་འབྲས་ཡིན་ལ། སྨོན་སེམས་དང་འཇུག་སྡོམ་རྒྱུ་འབྲས་མིན་པས་མི་འདྲའོ་ཞེ་ན། འོ་ན་སྨོན་འཇུག་གི་སེམས་གཉིས་རྒྱུ་འབྲས་མ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། སྤྱོད་འཇུག་ (སྡེ་བསྟན། དབུ་མ། ལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཞི་བ་ལྷ། ༢ བ ༥) ལས། 

འགྲོ་བར་འདོད་དང་འགྲོ་བ་ཡི།། བྱེ་བྲག་ཇི་ལྟར་ཤེས་པ་ལྟར།། དེ་བཞིན་མཁས་པས་འདི་གཉིས་ཀྱི།། བྱེ་བྲག་རིམ་བཞིན་ཤེས་པར་བྱ།།

ཞེས་འགྲོ་བར་འདོད་པ་དང་དངོས་སུ་འགྲོ་བའི་དཔེས་སྨོན་འཇུག་གཉིས་ཀྱི་ཁྱད་པར་གསུངས་ཤིང་། འཇིག་རྟེན་ན་རྟོག་པ་དང་དག་འབྲས་བུ་བཟང་པོ་ཞིག་ཐོབ་པར་འདོད་པ་སྔོན་དུ་བཏང་ནས། དེ་ལ་ཕན་པའི་་བྱ་བ་གང་ལ་འཇུག་པ་བཞིན་དུ། ཐེག་པ་ཆེན་པོ་ལ་མོས་པའི་སྐྱེ་བོ་དག་ཀྱང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་འདོད་པ་སྐྱེས། དེ་ནས་དེ་ཐོབ་པའི་ཕྱིར་དུ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་དམ་བཅས་པ་་ཡིན་ལ། དེའི་སྔ་མ་ནི་སྨོན་སེམས་དང་། ཕྱི་མ་འཇུག་སེམས་སུ་བྱ་དགོས་ཏེ། སྒོམ་རིམ་ (སྡེ་བསྟན། དབུ་མ། ཀི་པ། བསྒོམ་པའི་རིམ་པ། སློབ་དཔོན་ཀ་མ་ལ་ཤཱི་ལ། ༢༥ ན ༣) ལས། 

དེ་ལ་འགྲོ་བ་མཐའ ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ།། གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ།། 

ཞེས་དང་། འགྲེལ་བཤད་ཚིག་གསལ་ (སྡེ་བསྟན། ཤེར་ཕྱིན། ཉ་པ། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ། སློབ་དཔོན་ཆོས་ཀྱི་བཤེས་གཉེན། ༣༨ བ ༥) ལས་ཀྱང་། 

སྨོན་པ་ཞེས་པ་ནི་སྨོན་པ་ཙམ་ཏེ། ཚོགས་བསགས་པས་སེམས་བསྐྱེད་པའི་ཚོགས་བླང་བ་ཡང་མ་བྱས་པའོ།། འཇུག་པ་ཞེས་པ་ནི། དགེ་བའི་བཤེས ་གཉེན་མཉེས་པར་བྱས་ཏེ། ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ། བར་ཆད་མེད་པའི་ལམ་གྱི་བར་དུ་གཏོགས་པའི་སྒྲུབ་པའི་སྤྱོད་པའོ།། དོན་འདི་ནི་སློབ་དཔོན་ཞི་བ་ལྷའི་ཞལ་སྔ་ནས་ཀྱང༌། བྱང་ཆུབ་སེམས་དེ་མདོར་བསྡུ་ན།། རྣམ་པ་གཉིས་སུ་ཤེས་བྱ་སྟེ།། བྱང་ཆུབ་སྨོན་པའི་སེམས་དང་ནི།། འཇུག་པ་བྱང་ཆུབ་ཉིད་ཡིན་ནོ།། འགྲོ་བར་འདོད་དང་འགྲོ་བ་ཡིན།། བྱེ་བྲག་ཇི་ལྟར་བསྟན་པ་ལྟར།། དེ་བཞིན་མཁས་པས་འདི་གཉིས་ཀྱི།། བྱེ་བྲག་རིམ་བཞིན་ཤེས་པར་བྱ།། ཞེས་བཤད་དོ།།

ཞེས་ལུང་གཉིས་ཀས་ཀྱང་། དང་པོར་སྨོན་སེམས་དང་། དེ་ནས་འཇུག་སྡོམ་བླངས་ཕྱིན་ཆད་འཇུག་སེམས་སུ་གསལ་བར་གསུངས་པའི་ཕྱོར། 

ཡང་སྟོང་ཉིད་རྟོགས་པའི་ལྟ་བ་ཡོད་ན་བྱང་ཆུབ་ཀྱི་སེམས་ངང་གིས་འབྱུང་བའི་ཤེས་བྱེད་དུ། དབུ་མ་རྒྱན་གྱི་ཚིག་དྲངས་པ་ནི་དབུ་མ་རྒྱན་གྱི་རངའགྲེལ་དུ་འབྱུང་སྟེ། དེ་ཉིད་ (སྡེ་བསྟན། དབུ་མ། ས་པ། དབུ་མའི་རྒྱན་གྱི་འགྲེལ་པ། སློབ་དཔོན་ཞི་བ་འཚོ། ༨༣ ན ༤) ལས། 

ཡང་དག་ཤེས་ཚོལ་སྔོན་བཏང་སྟེ །། དོན་དེ་རྣམ་པར་ངེས་བྱས་ནས།། ལྟ་ངན་འཐིབས་གནས་འཇིག་རྟེན་ལ།། སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ།། འགྲོ་དོན་བྱེད་པ་པར་གྱུར་པ།། བྱང་ཆུབ་བློ་རྒྱས་མཁས་པ་ནི།། བློ་དང་སྙིང་རྗེས་བརྒྱན་པ་ཡི།། ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད།།

ཞེས་གསུངས། དེ་ཡང་དབུ་མའི་ལྟ་བ་ལ་བརྟེན་ནས་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་སྐྱེ་སླ་བ་ལ་དགོངས་པ་ཡིན་ན་ནི་བདེན་མོད། དབུ་མ་པའི་ལུགས་ལ་བྱང་ཆུབ་སེམས་སྐྱེས་པ་ལ་ལྟ་བ་ངེས་པར་དུ་དགོས་པ་ནི་འདིས་སྒྲུབ་མི་ནུས་ཏེ། ལུང་དེའི་ (སྡེ་བསྟན། དབུ་མ། ས་པ། དབུ་མའི་རྒྱན་གྱི་འགྲེལ་པ། སློབ་དཔོན་ཞི་བ་འཚོ། ༨༣ ན ༥) འཕྲོར། 

ཡང་དག་དད་པས་རྗེས་འབྲངས་པ།། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས།། ཐུབ་པའི་བརྟུལ་ཞུགས་བླང་བྱས་ཏེ།། དེ་ནི་ཡང་དག་ཤེས་ཚོལ་བརྩོན།། 

ཞེས་དབང་རྟུལ་འགའ་ཞིག་སྔོན་དུ་སེམས་བསྐྱེད་ནས་ཕྱིས་ལྟ་བ་འཚོལ་བར་གསུངས་པའི་ཕྱིར་རོ།། 

       གཞན་ཡང་ལུང་དེ་སྟོང་ཉིད་རྟོགས་པའི་ལྟ་བ་དང་ལྡན་པ་ལ་སྨོན་འཇུག་གི་སྡོམ་པ་ཅིག་ཅར་དུ་བླང་བའི་ཤེས་བྱེད་དུ་འགྲོ་བར་དཀའ་སྟེ། དེ་ནི་ཐབས་ཤེས་རྒྱུད་ལ་བསྐྱེད་པའི་རིམ་པ་ཙམ་བསྟན་པ་ཡིན་གྱི། ལྟ་བ་དང་ལྡན་ན་སྨོན་འཇུག་ཅིག་ཅར་བླང་བའི་ཁུངས་སུ་མི་ཆེ་བའི་ཕྱིར། དང་པོ་གྲུབ་སྟེ། ཉིད་ཀྱིས་མཛད་པའི་དབུ་མ་རྣམ་ངེས་ (ཤཱཀ་མཆོག་གསུང་འབུམ། ཕ་པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།༢༠༡༣  དབུ་མ་རྣམ་ངེས་ལུང་རིགས་རྒྱ་མཚོ། ལེའུ་གསུམ་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། ༤༥༡་༡༠) ལས། 

འོ་ན་ཇི་སྐད་དུ། དབུ་མའི་རྒྱན་ལས།  ཡང་དག་ཤེས་ཚོལ་སྔོན་བཏང་སྟེ ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་འཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །ཞེས་གང་ཟག་དབང་པོ་རྣོན་པོས་དོན་དམ་པའི་བདེན་པ་སྔར་རྟོགས་ནས་ཕྱིས་ཀུན་རྫོབ་ལ་འཇུག་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཐབས་དང་ཤེས་རབ་རྒྱུད་ལ་བསྐྱེད་པའི་རིམ་པའི་རྣམ་གྲངས་གཅིག་བསྟན་པ་ཡིན་གྱི། བདེན་པ་གཉིས་ལ་འཇུག་པའི་ཚུལ་མ་ཡིན་ཏེ། ཀུན་རྫོབ་རྟོགས་པ་སྔོན་དུ་མ་སོང་བའི་སྟོང་ཉིད་ནི་མུ་སྟེགས་ཀྱི་སྟོང་ཉིད་དང་ཁྱད་པར་མེད་པའི་ཕྱིར་དང་། དེ་སྔོན་དུ་མ་སོང་བའི་དེས་ནི་ཉན་ཐོས་ཀྱི་ཆད་པའི་མྱ་འདས་སུ་ཡང་བགྲོད་པར་མི་ནུས་པའི་ཕྱིར་རོ།། 

ཞེས་གསུངས་པའི་ཕྱིར། 

       ཡང་པཎ་ཆེན་གསེར་མདོག་ཅན་པས་ལུགས་གཉིས་ཀྱི་ལྟ་བ་དང་སྨོན་འཇུག་གི་སེམས་གཉིས་ཐབས་ཤེས་ཟུང་དུ་འཇུག་མི་འཇུག་གསུངས་པ་ལ་དཔྱད་པ་ནི། ཐབས་ཤེས་ཟུང་འཇུག་གི་དོན་ཐབས་ཤེས་དབྱེར་མེད་དུ་སྦྱོར་བ་ལ་བྱས་པ་ནི་སྐབས་དོན་མ་ཡིན་པས་རེ་ཞིག་བཞག་ནས། དེས་ན་ཐབས་ཤེས་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བ་ཉིད་ཡིན་པར་ངེས་སོ།། དེ་ལ་དབུ་མའི་ལྟ་བ་དང་སྨོན་འཇུག་གཉིས་ཀ་ཟུང་དུ་འཇུག་པར་བཞེད་པས་འགལ་བ་མ་མཆིས་མོད། འོན་ཏེ་སེམས་ཙམ་པའི་ལྟ་བ་དང་སྨོན་སེསེམས་ཟུང་དུ་འཇུག་ལ་འཇུག་སེམས་འཇུག་པར་གསུངས་པ་ནི་བརྟག་དགོས་ཏེ། ཟུང་དུ་འཇུག་རྒྱུའི་ཐབས་ཀྱི་ཆ་ནས་བཤད་ན། སེམས་ཙམ་ལུགས་ཀྱི་སྨོན་འཇུག་གཉིས་ཀ་མཚན་ཉིད་ཚང་བ་ཡིན་པས། དེའི་སྒོ་ནས་ཟུང་དུ་འཇུག་མི་ནུས་པ་མ་ཡིན་ལ། དེས་ན་དེའི་ལྟ་བ་དེ་མཐར་ཐུག་གི་ལྟ་བ་མ་ཡིན་པས་དེའི་ཆ་ནས་ཟུང་དུ་འཇུག་མི་ནུས་པར་ངེས་སོ།། དེའི་ཚེ་དེ་འདྲའི་ལྟ་བ་དེ་སྨོན་སེམས་དང་ཟུང་དུ་འཇུག་མི་ནུས་ལ། འཇུག་སེམས་ཟུང་དུ་འཇུག་ནུས་པའི་ཁྱད་པར་ཕྱེ་བ་རིགས་པ་མ་ཡིན་ཏེ། ནུས་ན་ནུས་མཉམ་དང་མི་ནུས་ན་མི་ནུས་མཉམ་ཡིན་དགོས་པའི་ཕྱིར། 

དེའི་སྒྲུབ་བྱེད་དུ་བཀོད་པའི་དབུ་སེམས་སོ་སོའི་ལུགས་ཀྱི་ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་དྲུག་ག་བསྡུས་མ་བསྡུས་ཀྱི་ཁྱད་པར་ཡོད་པ་བཀོད་པ་ལ་བརྟག་དགོས་ཏེ། སེམས་ཅམ་པ་རང་གི་ལུགས་ལ། ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་དྲུག་ག་མ་བསྡུས་ཟེར་རམ། དབུ་མ་པ་ལྟར་ན། སེམས་ཙམ་པས་འདོད་པའི་ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་དྲུག་ག་མ་བསྡུས་ཟེར། དང་པོ་མི་རིགས་ཏེ། མངོན་རྟོགས་རྒྱན་ལས། (སྡེ་བསྟན། ཤེར་ཕྱིན། ཀ་པ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ། རྗེ་བཙུན་བྱམས་པ་མགོན་པོ། ༣ བ ༤) ལས། 

དེ་དག ་སོ་སོར་སྦྱིན་ལ་སོགས།། རྣམ་པ་དྲུག་ཏུ་བསྡུས་པ་ཡིས།། གོ་ཆའི་སྒྲུབ་པ་གང་ཡིན་དེ།། དྲུག་ཚན་དྲུག་གིས་ཇི་བཞིན་བཤད།།

ཅེས་དངམ། ཡང་དེའི་ (སྡེ་བསྟན། ཤེར་ཕྱིན། ཀ་པ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ། རྗེ་བཙུན་བྱམས་པ་མགོན་པོ། ༧ ན ༤) སྐབས་ལྔ་པར། 

 སྦྱིན་པ་ལ་སོགས་རེ་རེར་ནི།། དེ་དག་ཕན་ཚུན་བསྡུས་པ་གང༌།། སྐད་ཅིག་གཅིག་པའི་བཟོད་པ་ཡིས།། བསྡུས་པ་དེ་འདིར་མཐོང་བའི་ལམ།། 

ཞེས་སྔ་ཕྱི་གཉིས་སུ་ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་བླང་བར་གསུངས་པ་དེ། སེམས་ཙམ་པས་རང་ལུགས་ལ་འཐད་ལྡན་དུ་ཁས་བཁངས་པའི་ཕྱིར། གཉིས་པ་ལྟར་ན་དཡང་པྱད་མི་བཟོད་དེ། དབུ་མ་པ་ལྟར་ན་སེམས་ཙམ་པས་འདོད་པའི་སྟོང་པ་ཉིད་ཀྱི་ལྟ་བ་དང་འཇུག་སེམས་ཟུང་དུ་འཇུག་པའང་མི་འོང་བར་ཐལ་བའི་ཕྱིར་ཏེ། ཤེར་ཕྱོན་གྱི་ནང་དུ་ཕར་ཕྱིན་དྲུག་ག་མ་བསྡུས་པ་འདིར་ཡང་མཚུངས་པའི་ཕྱིར། གལ་ཏེ་དབུ་མའི་ལྟ་བ་མ་རྙེད་པར་འཇུག་སེམས་ཐོབ་པ་མེད་པས་སྐྱོན་མེད་དོ་ཞེ་ན་ནི། འོ་ན་གང་ཟག་དེ་ལ་བློ་གཉིས་པོ་རིམ་ཅན་དུ་སྐྱེས་སམ། ཆིག་ཅར་དུ་སྐྱེས། དང་པོ་ལྟར་འདོད་མི་ནུས་ཏེ། སྟོང་པ་ཉིད་ཀྱི་ལྟ་བ་སྔོན་དུ་མ་སོང་བར་འཇུག་སེམས་སྐྱེས་པ་ཡོད་པར་ཁྱེད་ཀྱིས་ལན་མང་པོར་སྨྲས་པ་དང་འགལ་བའི་ཕྱིར། གཉིས་པ་ལྟར་ན་ནི། རྣམ་འགྲེལ་ལས་རྟོག་གཉིས་ཅིག་ཅར་མཐོང་བ་མེད་པར་གསུངས་པའི་རིགས་པ་རྣམས་ཀྱིས་གནོད་པའི་ཕྱིར། རྟགས་འདིའི་སྐོར་ཞིབ་པར་འོག་ཏུ་བརྟག་པར་འགྱུར་བས་འདིར་རྒྱས་པར་མ་སྤྲོས་སོ།། 

       གཞན་ཡང་ལན་དེས་སྐྱོན་སྔ་མ་སྤོང་མི་ནུས་ཏེ། དབུ་མའི་ལྟ་བ་རྙེད་པ་ན་འཇུག་སེམས་དེ་དབུ་མ་པའི་ལྟ་བ་དང་ཟུང་དུ་འཇུག་པར་འགྱུར་གྱི། སེམས་ཙམ་པའི་ལྟ་བ་དང་ཟུང་དུ་འཇུག་པར་མ་སོང་བའི་ཕྱིར། སོམས་ཤིག། 

       སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། ཞེས་སོགས་ཀྱིས་སྔགས་སྡོམ་བཟུང་བའི་སྔ་རོལ་དུ། གུར་ནས་གསུངས་པའི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ཀྱིས་བྱང་སྡོམ་བཟུང་བར་དཀྱིལ་ཆོག་ཏུ་བྱུང་ཡང་། རྒྱུད་རྩེ་མོར་མ་གསུངས་པས་ཤེས་བྱེད་དྲངས་མི་རུང་གསུངས་པ་ནི་ཤིན་ཏུ་ཡང་བརྟག་དགོས་པ་ཞིག་སྟེ། རྒྱུད་ནས་གསལ་པོར་མ་གསུངས་པ་མན་ངག་གི་ཁ་བསྐང་དགོས་པ་དུ་མ་ཡོད་པའི་ཕྱིར། དེར་ཐལ། དཔེར་ན་སློབ་དཔོན་བསོད་ནམས་རྩེ་མོས་ཀྱེ་རྡོར་དཀྱིལ་ཆོག་ (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༦་༥) ཏུ་རྒྱུད་དང་ཌོབྷི་པས་གཞུང་དུ་མ་གསལ་ཡང་མན་ངག་དང་སྦྱར་ནས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྐྱབས་སེམས་དང་བྱང་སྡོམ་གྱི་ཆོ་ག་རྒྱས་པར་མཛད་ནས་དེའི་རྗེས་སུ་སྔགས་སྡོམ་བཟུང་བ་དང་། ངོར་ཆེན་རྡོ་རྗེ་འཆང་གིས་གསང་འདུས་དཀྱིལ་ཆོག་(སྡེ་དགེ་པརམ། ཨེ་ཝཾ་བཀའ་འབུམ། པོད་ག་པ། ཆོས་ཚན་ག་པ། གསང་འདུས་དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ། ངོར་ཆེན་ཀུན་དགའ་བཟང་པོ། ༢༤༣ ན ༥) ཏུའང་བྱང་སྡོམ་དང་སྔགས་སྡོམ་གཉིས་ཚིགས་བཅད་སོ་སོ་ནས་རིམ་ཅན་དུ་འཛིན་པར་གསུངས་པ་པ་ལྟ་བུ་ཡིན་པའི་ཕྱིར། 

དེ་ཉིད་གྲུབ་པ་ལ། དེ་ཡང་སློབ་དཔོན་བསོད་རྩེས་ཌོམྦི་ལུགས་ཀྱི་ཀྱེརྡོར་དཀྱིལ་ཆོག་མཛད་པ་ (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༦་༥) ལས། 

བཞི་པ་ (རྒྱུན་བཤགས་བྱ་བ།) ནི། སློབ་མས་སློབ་དཔོན་གྱི་རྗེས་སུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།། སྡིག་པ་མི་དགེ་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། ཞེས་ལན་གསུམ་གྱི་བར་དུ་བརྗོད་པའམ། 

ཞེས་གུར་ནས་འབྱུང་བའི་ཚིགས་བཅད་ཀྱི་སྒོ་ནས་སེམས་བསྐྱེད་པ་མདོར་བསྡུས་པ་དང་། རྒྱས་པར་བྱ་བ་ནི། དེའི་འཕྲོར། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༦་༨) 

ཡང་ན། བཤགས་པ་ལ་སོགས་པ་རྒྱས་པར་བྱ་སྟེ། བདག་གིས་ཐོག་མ་མེད་དུས་ནས།། ལོག་རྟོག་དབང་ གིས་ སྡིག་བགྱིས་གང་།། 

ཞེས་པ་ནས། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༦་༡༨) 

དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག། ཅེས་བྱ་བའི་ཚིགས་སུ་བཅད་པས་སམ། ཚིག་ལྷུག་པས་ཀྱང་རུང་སྟེ། དེ་ལྟར་ཡན་ལག་ལྔ་པོ་བྱེད་པས་ཏེ། ཕྱག་དང་མཆོད་པ་ནི་སྔོན་དུ་སོང་བའི་ཕྱིར་རོ།། 

ཞེས་ཤོ་ལོ་ཀ་ལྔས་བཤགས་པ་ལ་སོགས་པ་མཛད་ནས། ཕྱག་མཆོད་སོང་ཟིན་པས་་བཅད་ལྷུག་ཅི་རིགས་པས་ཡན་ལག་ལྷག་མ་ལྔ་བྱ་བར་གསུངས་ཞིང་། དེའི་འཕྲོར། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༦་༢༠) 

དེ་ལྟར་ན་ཡན་ལག་བདུན་ཡོངས་སུ་རྫོགས་པ་ལ་སྐྱབས་སུ་འགྲོ་བ་སྐྱེ་བས་ན། གང་དང་གང་གིས་འདུལ་གྱུར་པ།། དེ་དང་དེ་ཡི་སྐུར་སྟོན་པ།། 

ཞེས་པ་ནས། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༧་༦) 

སྲས་མཆོག་འཁོར་འདུས་ཚོགས་མཆོག་ལ།། རྟག་ཏུ་བདག་ནི་སྐྱབས་སུ་མཆི།། ཞེས་བྱ་བས་ལན་གསུམ་གྱི་བར་དུ་སྐྱབས་སུ་འགྲོ་བར་བྱའོ།། 

ཞེས་པའི་བར་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་མཆོག་གསུམ་རེ་རེ་ལ་ཚིགས་བཅད་རེའི་སྒོ་ནས་སྐྱབས་འགྲོ་ལན་གསུམ་བྱ་བར་གསུངས་ལ། དེའི་འཕྲོར། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༧་༨) 

ཡང་དག་ཡེ་ཤེས་མེ་བོ་ཆེ།། གཏི་མུག་མུན་པ་བསལ་བ་དང༌།། སྒྲིབ་པ་མ་ལུས་སྤང་བའི་ཕྱིར།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ།། སྤྱོད་པ་དཔག་ཡས་གང་ཡིན་དང་།། མ་བཅོས་ཇི་བཞིན་ལམ་གནས་ལ།། ད་ནི་ཡང་དག་གནས་པར་བགྱི།། ཞེས་བྱ་བས། དེ་ལྟར་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་སོང་བས་ཐུན་མོང་གི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཆོ་ག་རྒྱས་པར་བྱ་བ་ནི། སློབ་མའི་རྒྱུད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡིན་པས། མན་ངག་གིས་སྦྱར་ཏེ་ཆོ་ག་ཤིན་ཏུ་རྒྱས་པར་གྱུར་ཀྱང་ཉེས་པ་མེད་དོ།།

ཞེས་གསུངས་སོ།། དེ་ཡང་། ཡང་དག་ཡེ་ཤེས་མེ་བོ་ཆེ།། ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ།། ཞེས་སོགས་ཤོ་ལོ་ཀ་གཅིག་གིས་སྤྱོད་པ་ལ་སློབ་པར་དམ་བཅས་པའི་སྒོ་ནས་བྱང་སྡོམ་བཟུང་བར་བསྟན་པ་ཤིན་ཏུ་གསལ་ལོ།། དེ་ལྟར་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་སོང་བས། ཞེས་སོགས་ཀྱིས། སྟ་གོན་གྱི་སྐབས་འདིར་རྒྱུད་དང་ཌོམྦི་པའི་གཞུང་དུ་མ་བྱུང་ཡང་། སྔགས་ལ་འཇུག་པ་ལ་ལམ་ཐུན་མོང་བ་སྐྱབས་སེམས་དང་བྱང་སྡོམ་གྱིས་སློབ་མའི་རྒྱུད་དག་པ་གལ་ཆེ་བས་མན་ངག་གི་ཁ་བསྐངས་པ་ལ་ཉེས་པར་མེད་པར་གསུངས་སོ།། དེའི་འཕྲོར། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༦་༡༥) 

དེའི་རྗེས་སུ་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་བདག་གི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་གཟུང་བ་ནི། གཞུང་ལས་སྡོམ་པ་བཟུང་བ་ཙམ་ལས་མེད་ཀྱང་། སྡོམ་པ་བསྒྲག་པ་སྔོན་དུ་སོང་ན་ངེས་པའི་ཤེས་པ་སྐྱེ་བའི་ཕྱིར། བསྒྲགས་པའི་ཆོ་ག་རྒྱས་པར་བྱའོ།། དེ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱབས་ སུ་སོང་།། 

ཞེས་པ་ནས། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༩་༤) 

རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི།། གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་ལན་གཅིག་བསྒྲགས་ལ་དོན་བཤད་པར་བྱའོ།། 

ཞེས་པའི་བསྲུང་རྒྱུའི་དམ་སྡོམ་རྣམས་བསྒྲག་པར་གསུངས་པའི་མཐར། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ། ༨༩་༥) 

དེ་ནས་སློབ་མས་འདི་སྐད་ཅེས་བརྗོད་པར་བྱའོ།། གཙོ་བོས་ཇི་ལྟར་བཀའ་སྩལ་པ།། དེ་བཞིན་དུ་ནི་བགྱིད་པར་འཚལ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི།། 

ཞེས་པ་ནས། (ས་སྐྱ་བཀའ་འབུམ་དཔེ་བསྡུར་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་།༢༠༠༧ སློབ་དཔོན་བསོད་ནམས་རྩེ་མོའི་གསུང་འབུམ། པོད་ཀ་པ། ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག སློབ་དཔོན་བསོད་ནམས་རྩེ་མོ།  ༩པ་༣) 

སེམས་ཅན་མྱ་ངན་འདས་ལ་དགོད།། ཅེས་བྱ་བ་ལན་གསུམ་གྱི་བར་དུ་བརྗོད་པས་སྡོམ་པ་བཟུང་བའོ།།

ཞེས་པའི་བར་གྱིས་རྒྱུད་ནས་གསུངས་པའི་ཚིགས་བཅད་འདི་དག་གིས་སྔགས་སྡོམ་བཟུང་བར་གསུངས་སོ།། གོང་དུ་མན་ངག་གིས་ཁ་བསྐངས་པར་གསུངས་པའི། བདག་གིས་ཐོག་མ་མེད་དུས་ནས།། ཞེས་པ་ནས། ད་ནི་ཡང་དག་གནས་པར་བགྱི།། ཞེས་པའི་བར་གྱི་ཚིགས་བཅད་དེ་དག་ཀྱང་སློབ་དཔོན་པྲཛྙཱ་ཨིནྡྲའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རིན་ཆེན་འབར་བ་ (སྡེ་བསྟན། རྒྱུད། ཉ་པ། དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་མཁས་པ་ཆེན་པོ་པྲཛྙཱ་ཨིནྟྲ་རུ་ཙི།  ༢༡༨ ན ༢) ལས་བྱུང་བས་དེ་ཉིད་ལས་བླངས་པའོ།། དེ་ལྟར་ན་སློབ་དཔོན་བསོད་རྩེས་ནི་སྔགས་སྡོམ་བཟུང་བའི་སྔོན་དུ་སྐྱབས་འགྲོ་དང་སེམས་བསྐྱེད་དང་བྱང་སྡོམ་རྣམས་མན་ངག་ནས་བླངས་པའི་ཚིགས་བཅད་གཞན་གྱིས་བྱ་བར་གསུངས་པའི་ཕྱིར། 

       དེར་མ་ཟད་ཉིད་ཀྱི་བླ་མ་རྡོ་རྗེ་འཆང་ངོར་ཆེན་ཀུན་བཟང་བས་ཀྱང་གསང་འདུས་དཀྱིལ་ཆོག་ (སྡེ་དགེ་པརམ། ཨེ་ཝཾ་བཀའ་འབུམ། པོད་ག་པ། ཆོས་ཚན་ག་པ། གསང་འདུས་དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ། ངོར་ཆེན་ཀུན་དགའ་བཟང་པོ། ༢༤༣ ན ༥) ལས།

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། ཞེས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་དང་།  སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། བདག་ལ་དགོངས་པར་མཛད་དུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ནི།། དུས་འདི་ནས་ནི་བཟུང་ནས་ནི།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། སོ་སོར་བརྟན་པར་བདག་གིས་གཟུང་།། 

ཞེས་པ་ནས།(སྡེ་དགེ་པརམ། ཨེ་ཝཾ་བཀའ་འབུམ། པོད་ག་པ། ཆོས་ཚན་ག་པ། གསང་འདུས་དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ། ངོར་ཆེན་ཀུན་དགའ་བཟང་པོ། ༢༤༤ ན ༡) 

སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་པ་ལན་གསུམ་གྱིས་མཐུན་མོང་མ་ཡིན་པའི་སྡོམ་པ་རྣམས་འཛིན་དུ་བཅུག་གོ། 

ཞེས་གུར་ནས་གསུངས་པའི་ཚིགས་བཅད་ཀྱིས་བྱང་སྡོམ་དང་། རྩེ་མོ་སོགས་ནས་གསུངས་པའི་ཚིགས་བཅད་རྣམས་ཀྱིས་སྔགས་སྡོམ་བཟུང་བ་གསལ་བར་གསུངས་པའི་ཕྱིར། 

དེ་ལྟར་ན་གྲུབ་ཆེན་གྱི་མན་ངག་ཤེས་བྱེད་དུ་དྲངས་རིགས་པར་མ་ཟད། ལག་ལེན་ཀྱི་སྐབས་སུ་གལ་ཆེ་བའང་ཡིན་པར་གྲུབ་སྟེ། བྱི་དོར་ལས་ཤེས་བྱེད་དྲངས་པ་མི་འཐད་ན། གོང་གི་དཀྱིལ་ཆོག་གཉིས་ཀྱང་མི་འཐད་པར་འགྱུར་ལ། འདི་གཉིས་འཐད་ན་ནི་བྱི་དོར་གྱི་དེ་ཡང་ངེས་པར་འཐད་དེ། བྱི་དོར་ནི་རྣམ་གཞག་གཏན་ལ་འབེབས་པ་ཡིན་ལ། དཀྱིལ་ཆོག་འདི་དག་ནི་གཏན་ལ་ཕབ་པའི་གྲུབ་དོན་ལག་ལེན་ལ་སྦྱར་བ་ཡིན་པའི་ཕྱིར་རོ།། 

       སྔགས་སྡོམ་གྱི་སྔོན་དུ་བྱང་སྡོམ་བཟུང་བའི་ཆོ་ག་ནི་ཨ་བྷྱ་ཀ་རར་མ་ཟད་སློབ་དཔོན་གཞན་མང་པོས་ཀྱང་མཛད་པ་ཡིན་ཏེ། རྗེའི་སྔགས་རིམ་ཆེན་མོ་ (རྗེ་ཙོང་ཁ་པ་ཆེན་པོའ་ིགསུང་འབུམ་དཔེ་བསྡུར་མ། པོད་ཕ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩  རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། ༢༩༥་༥) ལས། 

འདིར་ལྭ་བ་པ་དང་། ཤཱནྟི་པ་དང་། ཨ་བྷྱ་དང་། རཏྣ་རཀྵི་ཏ་དང་། རྟག་པའི་རྡོ་རྗེ་དང་། བི་བྷཱུ་ཏཱིས་ཐུན་མོང་གི་སྡོམ་པ་དང་སློབ་དཔོན་གྱི་སྡོམ་པ་འཛིན་པ་གཉིས་མཛད་ལ།  དེ་གཉིས་ཀྱི་ངོ་བོ་ནི།  ཤཱནྟི་པས། དེ་ལ་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་ཀྱང་སྦྱིན་པ་དེ་ནི་སྤྱིའི་ཡིན་ཏེ།  སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་དེ། སྔར་བཤད་པ་ཡིན་ནོ།། དེ་ལ་སློབ་དཔོན་དུ་བྱེད་པར་བྱིན་པ་གང་ཡིན་པ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ། རིགས་ལྔས་བསྡུས་པའོ།། ཞེས་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱི་སེམས་བསྐྱེད་པ་ཐུན་མོང་གི་སྡོམ་པ་དང༌། རིགས་ལྔའི་དབང་དུ་བྱས་པའི་སྡོམ་པ་སློབ་དཔོན་གྱི་སྡོམ་པའམ་ཐུན་མོང་མ་ཡིན་པའི་སྡོམ་པར་གསུངས་ཏེ།  ཕྲེང་བ་དང་སྡོམ་འབྱུང་གི་འགྲེལ་པར་ཡང་དེ་བཞིན་དུ་གསུངས་སོ།།

ཞེས་གསུངས་པ་ལྟར་ན་རྒྱ་གར་པཎ་གྲུབ་དྲུག་གིས་དེ་ལྟར་མཛད་པར་གསལ་ཡང་དུས་ཀྱིས་གཏུགས་པས་མཁས་གྲུབ་དེ་དག་གི་གཞུང་དངོས་ལ་བཏུགས་ནས་ཤེས་བྱེད་དང་བཅས་བྲི་བར་མ་ཁོམ་སྟེ་རྗེས་སུ་བརྟག་པར་བྱའོ།། དེ་ལྟར་ན་ཞིབ་ཏུ་བསམ་དགོས་པར་འདུག་གོ།

       ཡང་། ཁྱེད་རང་གི་ལྟར་ན་ཡང་། ཞེས་སོགས་ཀྱི་ཐལ་བ་དེ་ནི་ཁས་ལེན་མེད་པ་ལ་ཐལ་བ་འཕངས་པར་སྣང་སྟེ། ཁྱེད་ཅག་གིས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་སྨོན་སེམས་ཀྱི་སྡོམ་པ་དང་འཇུག་སེམས་ཀྱི་སྡོམ་པ་གཉིས་ཅིག་ཅར་བཟུང་བར་ཁས་བླངས་པ་ལ། དེ་ལྟར་ན་རིགས་ལྔའི་སྡོམ་གཟུང་གི་ཚིག་དེ་དག་ཀྱང་བྱང་སྡོམ་དང་སྔགས་སྡོམ་ཅིག་ཅར་བཟུང་བའི་ཆོ་གར་ཐལ་བ་འཕངས་པ་ཡིན་གྱི། ངེད་རང་ལུགས་ལ་ རིགས་ལྔའི་སྡོམ་གཟུང་གི་ཚིག་དེ་དག་སྔགས་བྱང་སྡོམ་ཅིག་ཅར་བཟུང་བའི་ཆོ་ག་འདོད་པ་གཏན་མ་ཡིན་ཏེ། གོང་གི་གནོད་བྱེད་བརྗོད་པ་ལས་ནི་དེ་ལྟར་འདོད་པ་དངོས་ཤུགས་གང་གིས་མ་བསྟན་ཅིང་། རྗེ་ཡབ་སྲས་ཀྱི་གསུང་གཞན་དུ་ཡང་དེ་ལྟར་བསྟན་པ་མི་སྣང་བའི་ཕྱིར། དེ་ལས་བཟློག་སྟེ། རྗེའི་རྩ་ལྟུང་རྣམ་བཤད་དུ། སྔགས་སྡོམ་བླང་བའི་འཇུག་སེམས་བསྐྱེད་པ་ནི་དེའི་སྔོན་འགྲོ་ཙམ་ལས། སྡོམ་པ་བླངས་པ་མིན་པའི་དཔེར་སྤྱོད་འཇུག་ཏུ་བྱང་སེམས་བཟུང་བའི་སྐབས་སུ་སྨོན་སེམས་བསྐྱེད་པ་བཞིན་ཡིན་པར་གསུངས་ཏེ། དེ་ཉིད་ (རྗེ་ཙོང་ཁ་པ་ཆེན་པོའ་ིགསུང་འབུམ་དཔེ་བསྡུར་མ། པོད་ཕ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བསྡུ་སྒྲིག་ཁང་།༢༠༡༩   གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ། ༢༧༣་༣) ལས། 

སྐབས་འདིའི་འཇུག་སེམས་ལེན་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་མ་ཡིན་གྱི། སྔགས་ཀྱི་སྡོམ་པ་ལེན་པའི་ཡན་ལག་ཙམ་སྟེ། དཔེར་ན་སྤྱོད་འཇུག་ཏུ་འཇུག་སྡོམ་ལེན་པའི་ཆོ་གར་སྨོན་སེམས་གསུངས་པ་བཞིན་ནོ།། 

ཞེས་གསུངས་པའི་ཕྱིར། 

       རྣམ་པ་གཅིག་ཏུ་ན་ལྟག་ཆོད་དུ་ཐལ་བ་འཕངས་པ་ལ་རང་གི་བསམ་ཚོད་ཀྱི་ལན་ནི། གནོད་བྱེད་དེ་མི་འཇུག་སྟེ། སྔགས་སྡོམ་གྱི་སྔོན་དུ་བླངས་པའི་བྱང་སེམས་ཀྱི་སྡོམ་པས་ནི་མདོ་སྔགས་ཐུན་མོང་བའི་ཕྱིན་དྲུག་ལ་སློབ་པར་དམ་བཅས་པ་ཙམ་ཡིན་ལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། ཞེས་སོགས་ཀྱི་སྐབས་སུ་འཇུག་སེམས་བསྐྱེད་པ་ནི་ཐབས་ཤེས་དབྱེར་མ་མཆིས་པའི་སྒོ་ནས་ཕྱོན་དྲུག་ལ་སློབ་པར་དམ་བཅས་པ་ཡིན་པས། སྔ་མས་ཕྱི་མ་ལ་མི་དོ་ཞིང་། ཕྱི་མ་ལ་སྔ་མ་སྔོན་དུ་འགྲོ་དགོས་པའི་ཕྱིར། སྙམ་སྟེ་ད་དུང་དཔྱོད་དགོས་པ་ཡོད་དོ།།    ༎ (མུ་འགོད།) ཤུབྷཾ།



Sunday, February 21, 2021

ཚེས་གྲངས་སྟེང་ནས་རེས་གཟའ་འཚོལ་བ།



༄༅།   །ལོ་ཟླ་ཚེས་གང་ལ་རེས་གཟའ་གང་ཁེལ་འཚོལ་ཚུལ་གྱི་མན་ངག་བཞུགས། 


༄༅།  །ནམོགུརུམཉྫུགྷོཥཡ། 

ཚེས་གྲངས་གང་ལ་རེས་གཟའ་འཚོལ་ཚུལ་ནི།།

ཚེས་གྲངས་སྟེང་དུ་ཟླ་བའི་གསང་ཚིག་བསྡོམ།།

ལོ་དེའི་ཨང་ཀི་ཐ་གཉིས་སྟེང་དེ་ཉིད།།

བཞིར་བགོས་་གང་ཐོབ་སྣོན་ཞིང་གྲངས་ཆུང་དོར།།

དུས་རབས་གསང་ཚིག་བསྡོམས་ནས་བདུན་ལ་བགོས།། 

ཐོབ་ཆའི་གྲངས་ཆེན་དོར་ནས་སིལ་མའི་གྲངས།།

གཅིག་ལུས་ཟླ་བ་་གཉིས་ལུས་མིག་དམར་ནས།།

དྲུག་ལུས་སྤེན་པ་གང་ཡང་མ་ལུས་ཉི།། 


༈ ཟླ་བའི་གསང་ཚིག་ཟླ་བའི་གོ་རིམ་བཞིན།།

ཀླད་ཀོར་གསུམ་གསུམ་དྲུག་དང་གཅིག་དང་བཞི།། 

དྲུག་གཉིས་ལྔ་དང་ཀླད་ཀོར་གསུམ་ལྔ་འོ།། 

ཟླ་བ་གཉིས་པར་རྩ་དགུ་ཡོད་པ་ལ།། 

ཟླ་བ་དང་པོར་དྲུག་དང་གཉིས་པར་གཉིས།། 


༈ གཉིས་པར་རྩ་དགུ་ཡོད་མེད་དཔྱོད་ཚུལ་ནི།། 

ལོ་དེ་དུམ་བུ་བཞི་རུ་བགོས་པ་ན།།

ཐོབ་ཆར་གྲངས་ཆུང་ཡོད་ན་རྩ་དགུ་མེད།། 

དེ་ལས་ལྡོག་ན་གཉིས་པར་རྩ་དགུ་ཡོད།།


༈ དུས་རབས་སོ་སོའི་གསང་ཚིག་འདི་ལྟ་སྟེ།།

དུས་རབས་བཅུ་བདུན་པ་ནས་ཉི་ཤུ་བར།།

དྲུག་དང་བཞི་དང་གཉིས་དང་ཀླད་ཀོར་སྟེ།།

བཅོ་དྲུག་ཀླད་ཀོར་ཉེར་གཅིག་དྲུག་ལ་སོགས།། 

གོང་འོག་ཀུན་ལ་དེ་ཡི་རིགས་པ་སྦྱར།། 

དགེ་བ་དེ་ཡིས་འགྲོ་་བློའི་མུན་སེལ་ཤོག། 

 

དཔེ་མཚོན་འགའ་ཞིག

ཕྱི་ལོ་ ༡༩༤༧ ཟླ་བ་ ༨ ཚེས་ ༡༥ རྒྱ་གར་རང་བཙན་དུས་ཆེན་ལྟ་བུ་ལ་མཚོན་ན། ཚེས་ 15 སྟེང་ཟླ་བ་ ༨ པའི་གསང་ཚིག་ 2 སྡོམ། ༡༩༤༧ གྱི་ཐ་མའི་ཨང་ཀི་ 47 སྟེང་། དེ་ཉིད་ ༤ ལ་བགོས་པས་ཐོབ་ཆ་ 11 བསྣན། དེའི་སྟེང་དུས་རབས་ ༢༠ པའི་གསང་ཚིག་ 0 བཅས་བསྡམས་པས་ 75 གནས། དེ་ཉིད་ 7 ལ་བགོས་པས་ 10 རེ་ཐོབ་ཅིང་། སིལ་མ་ 5 ལུས་སོ།། དེས་ན་ 5 ནི་པ་སངས་ཀྱི་དོན་ཡིན་པས། དེ་ཉིན་རེས་གཟའ་པ་སངས་ཡིན་པ་ལྟ་བུའོ།། 

ཡང་དེ་རིང་ ༢༠༢༡་༢་༢༡ ལ་མཚོན་ན། ཚེས་ 21 སྟེང་ཟླ་བ་ ༢ པའི་གསང་ཚིག་ 3 སྡོམ། ༢༠༢༡ གྱི་ཐ་མའི་ཨང་ཀི་ 21 དང་། དེ་ཉིད་ ༤ ལ་བགོས་པས་ཐོབ་ཆ་ 5 བསྣན། དེའི་སྟེང་དུས་རབས་ ༢༡ པའི་གསང་ཚིག་ 6 བཅས་བསྡོམས་པས་ 49 གནས། དེ་ཉིད་ 7 ལ་བགོས་པས་ 7 རེ་ཐོབ་ཅིང་། སིལ་མ་ 0 ལུས་སོ།། དེས་ན་ 0 ནི་ཉི་མའི་དོན་ཡིན་པས། དེ་རིང་རེས་གཟའ་ཉི་མ་ཡིན་པ་ལྟ་བུའོ།། 

ཡང་། ༢༠༢༢་༡་༡ སྟེ་ལོ་རྗེས་མའི་ཕྱི་ལོའི་ལོ་གསར་ལ་མཚོན་ན། ཚེས་ 1 སྟེང་ཟླ་བ་ ༡ པའི་གསང་ཚིག་ 0 སྡོམ། ༢༠༢༢ གྱི་ཐ་མའི་ཨང་ཀི་ 22 དང་། དེ་ཉིད་ ༤ ལ་བགོས་པས་ཐོབ་ཆ་ 5 བསྣན། དེའི་སྟེང་དུས་རབས་ ༢༡ པའི་གསང་ཚིག་ 6 བཅས་བསྡམས་པས་ 34 གནས། དེ་ཉིད་ 7 ལ་བགོས་པས་ 4 རེ་ཐོབ་ཅིང་། སིལ་མ་ 6 ལུས་སོ།། དེས་ན་ 6 ནི་སྤེན་པའི་དོན་ཡིན་པས། དེ་ཉིན་རེས་གཟའ་སྤེན་པ་ཡིན་པ་ལྟ་བུའོ།། དེ་ལྟར་རིགས་པས་བསྒྲེས་ཏེ་་ལོ་ཟླ་ཚེས་གང་ལ་སྦྱར་ནས་བརྩི་ནའང་དེ་ཉིན་གྱི་རེས་གཟའ་ཤེས་པར་འགྱུར་རོ།། 

ཕྱི་ཟླ་ ༢ པར་ཚེས་ ༢༩ ཡོད་མེད་དཔྱོད་ཚུལ་གྱི་དཔེ་མཚོན་ནི།  ཕྱི་ལོ་ ༢༠༢༠ ལྟ་བུ་ལ་མཚོན་ན། 2020÷4=505 ཏག་ཏག་ལས་ཐོབ་ཆ་ལ་གྲངས་ཆུང་མེད་པས། ལོ་དེར་ ཕྱི་ཟླ་ ༢ ལ་ཚེས་ ༢༩ ཡོད་པ་ལྟ་བུ་དང་།  ཡང་ཕྱི་ལོ་ ༡༩༧༩ ལྟ་བུ་ལ་མཚོན་ན། 1979÷4=494.75 འདིར་ཐོབ་ཆ་ལ་གྲངས་ཆུང་ཡོད་པས། ལོ་དེར་ ཕྱི་ཟླ་ ༢ ལ་ཚེས་ ༢༩ མེད་པ་ལྟ་བུ་སྟེ། དེས་མཚོན་ནས་ཤེས་པར་བྱའོ།།

ཤུབྷཾ། ཤྲཱིས། ༢༠༢༡་༢་༢༡ ལ་བྲིས་སོ།། 

Saturday, February 6, 2021

འོ་ཐུག་སྒྲུབ་ཚུལ།

 ༄༅།    །ན་མོ་གུ་རུ།  སྦྱིན་སྲེག་གི་མཇུག་ཏུ་འོ་ཐུག་སྒྲུབ་ཚུལ་ནི།  ཐབ་ཁུང་གི་མེ་ལ་མཉྫི་བཞག་པའི་སྟེང་དུ།  སྣོད་ནག་པོ་མ་ཡིན་པ།  དྲི་དཀར་པོས་བྱུགས་ཤིང་།  མགུལ་པར་མེ་ཏོག་གི་འཕྲེང་བ་བཅིངས་པ།  ཧཱུཾ་ལས་བྱུང་བར་མོས་ཏེ་བཞག་པའི་ནང་དུ།  འོ་མ་དང་།  འབྲས་མ་གྲུགས་པ་དང་།  མར་དང་།  སྦྲང་རྩི་དང་།  ཀ་ར་སྟེ་རྫས་ལྔ་གཟར་བུ་གཉིས་གང་རུང་གིས་བླུག་ལ། རང་གི་བདག་པོའི་སྔགས་བཟླ་ཞིང་བསྐོལ་ཏེ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ།  དེ་ནས་ཕུད་བླ་མ་དང་དཀྱིལ་འཁོར་པའི་ལྷ་ལ་འབུལ་རྒྱུ་སྣོད་གཙང་མར་བླུག  །དེ་ནས་ཆོས་སྐྱོང་དང༌།  ཕྱོགས་སྐྱོང་དང་།  གཞི་བདག  །དེ་ནས་རྡོ་རྗེ་སློབ་དཔོན་སྒྲུབ་གྲོགས་དང་བཅས་པར་བྲིམས་ལ།  ཨོཾ་དཱི་བྱ་ཨགྣེ་ས་མ་དྷི་དྷྱཱ་ནི་པྲཱ་ཎ་ཡེ་སྭཱཧཱ།  ཞེས་པས་བསྔགས་ཏེ་བླ་མ་དང་ལྷ་ལ་དབུལ་ཞིང་།  དེ་བཞིན་གཤེགས་པའི་ལྷག་མ་འདི།།  སྡིག་པ་རྣམ་པར་ཉམས་བྱེད་གསོལ།།  ཞེས་བརྗོད་དེ་སྒྲུབ་པ་པོ་རྣམས་དང་སྦྱིན་བདག་དང་ལྷག་མ་དོན་དུ་གཉེར་བ་རྣམས་ཀྱིས་ལོངས་སྤྱོད་ལ།  བསྔོ་བ་དང་ཤིས་བརྗོད་ཀྱིས་བརྒྱན་པར་བྱའོ།།     །།

(རྗེ་ཁྲི་བྱང་བའི་སྒྲོལ་དཀར་ཞི་བའི་སྦྱིན་སྲེག་ལས་བཏུས།) 

གངས་ལྗོངས་བོད་ཀྱི་ཡུལ།



 ༄༅།  །བོད་ཡུལ་ནི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་རྒྱ་ཆེ་ཆུང་ལ་འགྱུར་བ་བྱུང་ཡང་།  མདོ་སྨད་ཆོས་འབྱུང་དང་།  སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་སོགས་ཞལ་མཐུན་པར་སྟོད་སྨད་བར་གསུམ་དུ་ཕྱེས་འདུག  །ཇི་སྐད་དུ།  མདོ་སྨད་ཆོས་འབྱུང་ ལས། 

       བོད་ཡུལ་འདི་ལ་ནང་གསེས་ཀྱིས་ཕྱེ་བའི་སྟོད་མངའ་རིས་སྐོར་གསུམ་ནི།  སྤུ་རངས།  མང་ཡུལ།  ཟངས་དཀར་གསུམ་སྐོར་གཅིག  ལི།  བྲུ་ཤ  སྦལ་ཏི་གསུམ་སྐོར་གཅིག  ཞང་ཞུང་། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག་ཏུ་བྱེད།  

       བར་དབུས་གཙང་རུ་བཞི་ནི།  སྔར་གཙང་ལ་གཡས་རུ་དང་རུ་ལག་གཉིས།  དབུས་ལ་དབུ་རུ་དང་གཡོ་རུ་གཉིས་ཟེར་ཡང་།  ཆོས་རྒྱལ་གུ་ཤྲི་ཧན་གྱིས་བོད་ཁྲི་སྐོར་བཅུ་གསུམ་དབང་དུ་བསྡུས་ཏེ་རྒྱལ་དབང་རིན་པོ་ཆེར་ཕུལ་ཕྱིན་ལ།  གཡས་རུ།  གཡོན་རུ།  སྦུས་རུ།  གུང་རུ་བཞིར་བྱེད་དོ།།

      མདོ་ཁམས་སྒང་དྲུག་ནི།  ཟལ་མོ་སྒང་།  ཚ་བ་སྒང་།  སྨར་ཁམས་སྒང་།  སྤོ་འབོར་སྒང་།  དམར་རྫ་སྒང་།  མི་ཉག་རབ་སྒང་དང་དྲུག་ལ་བྱེད།  ཅེས་གསུངས།  དེ་ལས་མདོ་ཁམས་སྒང་དྲུག་ནི།  རི་ཆུའི་རྒྱུག་ཕྱོགས་དང་བསྟུན་ནས་བཤད་ན།  འབྲི་ཆུ་དང་ཉག་ཆུའི་བར་རྒྱུད་ལ་ཟལ་མོ་སྒང་།  རྒྱལ་མོ་རྔུལ་ཆུ་དང་རྫ་ཆུའི་བར་རྒྱུད་ལ་ཚ་བ་སྒང་།  རྫ་ཆུ་དང་འབྲི་ཆུའི་བྱང་རྒྱུད་བར་གྱི་ས་ཁུལ་ལ་སྨར་ཁམས་སྒང་།  འབྲི་ཆུ་དང་ཉག་ཆུའི་ལྷོ་རྒྱུད་བར་གྱི་ས་ཁུལ་ལ་སྤོ་འབོར་སྒང་།  དེང་གི་མཚོ་སྔོན་ཞིང་ཆེན་རྨ་ཆུའི་ལྷོ་ནས་ཉག་ཆུའི་སྟོད་ཀྱི་ཤར་བར་ལ་དམར་རྫ་སྒང་།  ཉག་ཆུའི་དཀྱིལ་རྒྱུད་ཤར་གྱི་ཁུལ་ལ་མི་ཉག་རབ་སྒང་ངོ་།། 

       མདོ་ཁམས་ནི།  ཨ་མདོ་དང་ཁམས་ཀྱི་ས་ཁུལ་རྒྱ་ཆེ་བ་དེ་ཡིན་ཞིང་།  ཨ་མདོ་དང་ཁམས་ཁྱི་བསྡུས་མིང་སྟེ།  ཨ་མདོ་ཞེས་པ་ཡོངས་གྲགས་སུ་ཨ་ཆེན་གངས་རྒྱབ་ཀྱི་རི་དང་མདོ་ལ་རིང་མོ་གཉིས་ཀྱི་མིང་བསྡོམས་པས་བཏགས་པར་གྲགས་སོ།།  ཁམས་ཞེས་པ་ནི་སྒྲ་དོན་དུ་མར་འཇུག་ཀྱང་།  ས་མིང་གི་དབང་དུ་བྱས་ན་དོན་གཉིས་སྟེ།  གཅིག་ནི་མཐའ་མཚམས་སམ་ས་མཐའ་ལ་འཇུག་པ།  ཁམས་ཀྱི་གཡར་མོ་ཐང་ཞེས་པས་མཚོན་པར་མ་ཟད།  རྒྱ་ནག་སྐད་ཀྱི་ཀན་སུའུ་ནི་ཁམས་ཞེས་པའི་ཐ་སྙད་ལས་འོངས་ཤིང་སྒྲ་ཟུར་ཆག་པས་ཀྱང་ཤེས་ཐུབ་བོ།།  ཅིག་ཤོས་ནི།  མདོ་ཁམས་གཉིས་སུ་ཕྱེ་བའི་ཡ་གྱལ་ཁམས་པ་བ་གནས་ཡུལ་ལ་འཇུག་སྟེ།  དཔེར་ན་ཁམས་ཕྱོགས་སུ་སོང་།  ཞེས་པ་ལྟ་བུས་མཚོན་ནོ།། 

  
      སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས།  ཡང་བོད་ཆོལ་ཁ་གསུམ་ཟེར་བ་ནི།  མངའ་རིས་གུང་ཐང་ནས་ཤོག་ལྭ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ།  དེ་ནས་རྨ་ཆུའི་ཁུག་སོ་དང་པོ་ཡན་ཆད་མདོ་སྟོད་མིའི་ཆོལ་ཁ།  དེ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་ལ་མདོ་སྨད་རྟའི་ཆོལ་ཁ་སྟེ།  ཆོལ་ཁ་གསུམ་ཡིན་ནོ།།  ཞེས་པ་ལྟར་བོད་ཡུལ་ཆོལ་ཁ་གསུམ་དུ་ཕྱེས་པའང་སྣང་ངོ་།།    །། 


(ཀྲུང་གོ་བོད་ལྗོངས་དྲ་བ་ལས་དྲངས།) 

Friday, February 5, 2021

ལྷ་མོ་མེ་ལྕེ་འབར་མའི་ས་བཅད་བསྡུས་དོན།

 

༄༅། །དཔལ་ལྷ་མོའི་མེ་ལྕེ་འབར་བའི་གླེང་གཞིའི་རྒྱུད་ཀྱི་བསྡུས་དོན་བཞུགས་སོ།། 

ཀརྨ་པ་རང་བྱུང་རྡོ་རྗེ།


༄༅།   །དཔལ་ལྡན་རྣལ་འབྱོར་མ་དཔལ་རྒྱུད། །ཌཱ་ཀི་མེ་ལྕེ་ཕྲེང་འདྲ་བའི། །འབར་བ་གསལ་བྱེད་རྒྱུད་འདི་ཡི། །བསྡུས་དོན་འདི་ནི་གསལ་བར་དགོད། །དཔལ་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་འདི་ལ་གསུམ་སྟེ། དེ་ལ་ཀླད་དོན་མཚན་ཕུན་སུམ་འཚོགས་པ་དང་། གཞུང་དོན་དགོས་འབྲེལ་གྱི་དོན་བསྟན་པ་དང་། འཇུག་ཡོངས་སུ་རྫོགས་པའི་བྱ་བའོ། །ཀླད་དོན་ལ་གཉིས་མཚན་དངོས་དང་། མཆོད་པར་བརྗོད་པའོ། །གཞུང་དོན་ལ་སྤྱིར་ལེའུ་ཉི་ཤུ་རྩ་ཉིས་གནས་པ་ལ། ལེའུ་དང་པོ་བརྗོད་བྱ་རྗོད་བྱེད་རྣམས་ཀྱི་དོན་བསྡུས་པ། གླེང་བཞི་རྒྱས་པར་བཤད་པ། ལེའུ་བཅོ་བརྒྱད་དུ་རྒྱུད་ཀྱི་དོན་ལས་ཕྲན་དང་བཅས་པ་རྒྱས་པར་བཤད་པ་དང་། འོག་མ་གསུམ་གྱི་རྗེས་སུ་ཡིད་རང་པ་དང་བཅས་པས་བསྟོད་པ་དང༌། ཡོངས་སུ་གཏད་ཅིང་། རྗེས་སུ་ལུང་བསྟན་པའོ། །དང་པོ་ལ་གསུམ་ལས། ཕུན་སུམ་ཚོགས་པ་ལྔར་བསྡུས་སྟེ་བསྟན་པ། དེས་མཚམས་སྦྱར་བ་དང་། དངོས་དང་། མཇུག་ལེའུ་ཡི་མཚན་ནོ། །དང་པོ་ལ་ལྔ་ལས།དུས་དང་གནས་བསྟན་པ་དང་། སྟོན་པའི་མཚན་ཉིད་ཆེ་བའི་ཡོན་ཏན་དང་བཅས་པ་དང་། འཁོར་གྱི་ནི་མཚན་ཉིད་ཀྱི་ཁྱད་པར་དང་། ཆོས་སོ། །འདི་ལ་དང་པོར་གླེང་སླང་བ་བྱེད་པ་ལ་གཉིས་། ཞུས་པ་དང་ལན་གྱིས་ལེའུ་ཐམས་ཅད་ཀྱི་མདོར་བསྟན་དང་། གླེང་གཞིའི་དོན་བསྟན་པའོ། །གོང་མ་ལ་གསུམ། ནུབ་པོའི་ཁྱད་པར། སྟོན་པའི་ཁྱད་པར། སོ་སོའི་མདོར་བསྟན་ནོ། །ཞུབ་པོའི་ཁྱད་པར་ལ་གསུམ། ཉིད་ཀྱི་ཡོན་ཏན་དང་། སྟོན་པ་ལ་མཆོད་པ་དང་། ཚིགས་སུ་བཅད་དེ་ཞུས་པའོ། །སྟོན་པའི་ཁྱད་པར་ལ་གསུམ། ཏིང་ངེ་འཛིན་ལ་ཞུགས་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པ་དང༌། ཚིགས་སུ་བཅད་དེ་བཀའ་སྩལ་པའོ། །སོ་སོའི་མདོར་བསྟན་པ་ལ་གཉིས། མདོར་བསྟན་ནུབའི་ཚེ་མཆོད་པ་དང་། ནུབ་དངོས་སོ། །གླེང་བཞིའི་དོན་བསྟན་པ་ལ་དགུ་སྟེ། ལྷ་མོ་འདི་དང་པོ་འབྱུང་པའི་རྒྱུ་བསྟན་པ་དང་། ཕྱག་ན་རྡོ་རྗེས་ཇི་ལྟར་སྤྲུལ་པ་དང་། སྲིན་གྱི་ཆུང་མར་ཇི་ལྟར་སོང་བའི་རྒྱུ་དང་། མའི་དམོད་པ་བོར་བ་དང་། །སྲིན་གྱི་བྱ་བ་ཇི་ལྟར་བྱས་ཤིང་རྫོགས་པ་དང་། ལས་ཀྱི་དབང་གི་ཇི་ལྟར་སྐྱེ་བ་བླངས་པ་དང་། རྫུ་འཕྲུལ་ཅན་དུ་ཇི་ལྟར་གྱུར་པ་དང་། སངས་རྒྱས་རྣམས་དང་ཇི་ལྟར་མཇལ་ཞིང་བཏུལ་ཏེ་མཐུ་རྩལ་ཅན་དུ་གྱུར་པ་དང་། ཇི་ལྟར་གྱུར་བའི་གཏན་ཚིགས་སོ། །དང་པོ་ལ་བརྒྱད་དེ། ལན་མདོར་བསྟན་ཏེ་གསུངས་པ་དང༌། རྒྱས་པར་བཤད་དེ་དཔག་བསམ་གྱི་ཤིང་གི་མཚན་ཉིད། ལྷ་དང་ལྷ་མིན་གྱི་ཚོགས་དང༌། ལྷ་མིན་རྣམས་ཀྱི་ཇི་ལྟར་སྨྲས་པ་དང༌། ལྷས་ལན་སྨྲས་པ་དང་། ལྷ་མིན་གྱིས་སྐྱར་ཏེ་སྨྲས་ནས་ཇི་ལྟར་དམག་དྲང་པ་དང་། ལྷ་རྣམས་ཀྱིས་ཇི་ལྟར་འཐབ་པར་བརྩམས་པ་དང༌། ཇི་ལྟར་གཡུལ་བཀྱེ་བའོ། །གཉིས་པ་ལ་བཅུ་སྟེ། ཕྱག་ན་རྡོ་རྗེས་དབུ་མ་ཇི་ལྟར་སྤྲུལ་པ། དབང་ཕྱུག་ལ་བྱིན་པ་དང་། དེའི་དབང་གིས་མ་ཧཱ་ཀ་ལ་དང་ལྷ་མོ་བྱུང་བ། མིང་སྲིང་གཉིས་ལ་དབང་བསྐུར་ཏེ་མངའ་གསོལ་པ། གལ་བཀྱེ་པས་ལྷ་དམག་ཇི་ལྟར་རྒྱལ་བར་བྱས་པ། ལྷ་མོ་དེ་རི་ཁྲོད་མི་ཅན་དུ་ཇི་ལྟར་གྱུར་པ། དུང་སྐྱོང་མར་ཇི་ལྟར་གྱུར་པ། དེའི་རྣམ་པར་ལས་ཀྱིས་དབང་གི་ལྷ་སྲིན་མོ་མེད་པར་བྱས་པ། དྷ་ཤ་ཤྲི་བས་མ་ཧཱ་དེ་བ་ལ་རྣ་ལ་རྩེར་ཕུལ་བས། རེ་མ་ཏིས་ཇི་ལྟར་བྱུང་པའོ། །གསུམ་པ་ལ་བདུན་ཏེ། སྲིན་པོ་དང་སྲིན་མོ་དང་ལྷ་མོ་གསུམ་གྱིས་དུང་སྐྱོང་མ་བསླུ་བར་བྱས་པ་དང་། བསླུ་བའི་ཕྱིར་རེ་མ་ཏི་གཡོག་དུ་ཕུལ་བ་དང་། བསྟོད་དེ་ཇི་ལྟར་དགྱེས་པ་དང༌། ཁུལ་ལང་ཀ་པུ་རངས་སུ་ལྷ་རྣམས་འགྲོ་བས་མས་མ་བལྟ་བར་བསྒོ་བ་དང༌། ཁོལ་མོས་སྲིན་མོ་སྦྲུན་ཅིང་སླུ་བའི་ཐབས་བྱས་པ་དང་ཁོལ་མོས་ཞུས་པ་དང་། ལན་ཞལ་གྱིས་བཞེས་པས་ཆུང་མར་སོང་བའོ། །བཞི་པ་ལ་གཉིས་ཏེ། བུ་མོ་ལ་དམོད་པ་བོར་བ་དང་། རེ་མ་ཏི་ལ་དམོད་པ་བོར་བའོ། །ལྔ་པ་ལྔ་དྲུག་སྟེ། དམོད་པའི་དབང་གི་སྲིན་དུ་གྱུར་པ། སེང་གེ་ཟླ་བ་ལ་སོགས་བྱུང་བ། གཡོག་མོ་ལ་དམོད་པ་བསྡིགས་པ། དཔོན་གཡོག་གཉིས་ཇི་ལྟར་བྲོསཔ། རྫས་ཀྱི་གཏན་ཚིགས། རྒྱ་མཚོའི་འགྲམ་དུ་གཤིན་རྗེ་བསྒྲུབས་ཏེ་དམོད་བོར་ཏེ་ཇི་ལྟར་ཤི་བའོ། །དྲུག་པ་ལ་གཉིས་ཏེ། རྗེ་མོ་ཇི་ལྟར་སྐྱེ་བ་བླངས་པ་དང་། ཁོལ་མོས་སྐྱེ་བ་བླངས་ཤིང་ལས་ཇི་ལྟར་བྱ་བའོ། །དེ་ལ་བརྒྱད། སྐྱེས་མ་ཆུ་སྲིན་གྱི་མགོ་ཅན་དུ་གྱུར་པ་དང༌། རེ་ལྡེ་མགོ་ཉག་གི་བུ་མོར་གྱུར་པ་དང་། སྔོན་གྱི་ལས་ཀྱིས་རྗེ་མོ་དྲན་ཅིང་ཇི་ལྟར་བྲོས་པ་དང་། དམངས་རིགས་མོ་བསད་དེ་གོས་སྣོད་དུས་བྱས་པ་དང་། ནད་ཀྱི་རྐྱལ་པ་ཇི་ལྟར་བྱུང་བ་དང་། ཤོ་དྷེའུ་བྱུང་པ་དང་། རིམས་ནད་གཅད་པ་དང་། དེ་ནས་དཔོན་གཡོག་ཕྲད་དེ་མཐུ་རྩལ་ཅན་དུ་གྱུར་པའོ། །བདུན་པ་ལ་གཉིས། མཁའ་འགྲོ་འདུས་པ་དང་། ཁྱོ་དང་སྦྱོར་བའོ། །བརྒྱད་པ་ལ་བརྒྱད། ཐུབ་པའི་དྲུང་དུ་སྲོག་སྙིང་ཕུལ་བ་དང། ཨེ་ཀ་ཙ་ཏི་དང་། སའི་ལྷ་མོས་མཆོད་པ་ཕུལ་ཏེ་སྲིན་བཏུལ་བ་དང་། དཔལ་རྟ་མགྲིན་གྱི་དྲུང་དུ་དམ་བཅས་པ་དང་། སྔོན་གྱི་ལསདམ་ལ་བཏགས་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོས་མཆོད་པ་དང༌། དཔལ་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་མངའ་གསོལ་བ་དང༌། ལྷ་སྲིན་རྣམས་ཀྱིས་བརྒྱན་ཕུལ་བའོ། །དགུ་པ་ལ་གསུམ། ཇི་ལྟར་འགྱུར་བའི་རྒྱུ་མཚན་ཞུས་པ། དེ་བཤད་པ་དངོས། གཏན་ཚིགས་བསྟན་པའོ། །དེ་བཤད་པ་ལ་གསུམ། དགེ་བ་སྤྱད་པ། ཞེ་སྡང་ནས་སྤྱད་པ། དམོད་བོར་བའོ།ལེའུ་གཉིས་པ་ལ་གསུམ་ལས། མཚམས་སྦྱར་བའི་ཚུལ་གྱིས་ཞུས་པ་དང་། ལན་དང༌། དོན་དངོས་དང་། མཇུག་ལེའུ་ཡི་དཔལ་མཚན་ནོ། །དོན་དངོས་ལ་གཉིས། སློབ་དཔོན་གྱི་མཚན་ཉིད་དང་། སློབ་མའི་འོ། །ལེའུ་གསུམ་པ་ལ་ཡང་གསུམ་སྟེ། མཚམས་སྦྱར་བའི་ཚུལ་གྱི་ཞུས་པ་དང་། ལན་དང་དོན་དངོས་དང་། འཇུག་ལེའུ་ཡི་མཚན་ནོ། དོན་དངོས་ལ་གཉིས། དོན་དམ་པར་རང་བཞིན་མེད་པར་བསྟན་པ་དང་། སྤྲུལ་པའི་སྐུ་སྒྱུ་མ་ལྟ་བུར་བལྟ་བའོ། ལེའུ་བཞི་པ་འདི་ལ་ཡང་གསུམ་སྟེ། དྲིས་པའི་ཚུལ་གྱིས་མཚམས་སྦྱར་བ། གཞུང་དངོས། འཇུག་ལེའུ་ཡི་མཚན་ནོ། གཞུང་དངོས་ལ་དྲུག་ལས། དཀྱིལ་འཁོར་རྣམ་གསུམ་པ་བཤད་ཞལ་གྱིས་བཞེས་པ། རང་བཞིན་གྱི་དཀྱིལ་འཁོར། ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གཟུགས་སྙན་གྱི་དཀྱིལ་འཁོར། ཚོན་རྩི། ལྷ་བཀོད་ཅིང་བྲི་བའི་ཐབས་སོ། །ལེའུལྔ་པ་འདི་ལ་ཡང་གསུམ་སྟེ། ཞུས་པའི་ཚིག་གིས་མཚམས་སྦྱར་བ། གཞུང་དོན་དངོས་བསྟན་པ། མཇུག་ལེའུ་ཡི་མཚན་ནོ། །རྫས་དངོས་བསྟན་པ་ལ་གསུམ། རྫས་མེད་ན་མི་འགྲུབ་པ་དང་། རྫས་མདོར་བསྟན་དང་༑ རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཕྱག་ན་རྡོ་རྗེ་དང༌། རྗེ་མོ་དང་། རེ་མ་ཏིའི་མོ། གོང་མ་ལ་བདུན། བོད་པ་དངོས་དང་། བརྟེན་པ་དང༌། མཆོད་པ་དང་། དམ་ཚིག་བསྲེ་བ་དང་། བསྐུལ་བ་དང་། མཚན་མ་དབབ་པ་དང་། གནད་ལ་འབེབས་ཤིང་བཟློག་པའི་རྫས་སོ། །གཞན་གཉིས་ཀྱང་གོ་བདུན་པོ་ཡིས་འདྲེ། རྫས་ཚང་བའི་ཡོན་ཏན་ནོ། །ལེའུ་དྲུག་པ་འདི་ལ་ཡང་གསུམ་ལས། ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ། བྲི་ཐབས་དངོས། མཇུག་ལེའུ་མཚན་ནོ། །བྲིས་ཐབས་དངོས་ལ། བཀའ་སྩལ་པའི་ཚུལ་གྱིས་དང་པོའི་བྱ་བ་དང་། རས་ཚོན་བྱིན་གྱི་རླབས་པ་བྲི་ཐབས་དངོས། སྤྱན་ཕྱེ་སྟེ་སྙིང་པོ་བཀོད་པ། ལུགས་མ་ལ་ཡང་དེ་བཞིན་དུ་བསྟན་པའོ། །ལེའུ་བདུན་པ་ལ་ཡང་གསུམ། ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ། ཏིང་ངེ་འཛིན་གྱི་རིམ་པ། མཇུག་ལེའུ་ཡི་མཚན་ནོ། །ཏིང་ངེ་འཛིན་གྱི་རིམ་པ་ལ་བཞི་སྟེ། གཙོ་བོ་བསྐྱེད་པ་དང་། རྗེ་མོ་བསྐྱེད་པ་དང་། རེ་མ་ཏི་བསྐྱེད་པ་དང་། འཁོར་ནག་མོ་འབུམ་བསྐྱེད་པའོ། ། རྗེ་མོ་བསྐྱེད་པ་ལ་བདུན་ཏེ། རླུང་ནག་དང་། མེ་དང་། ཐོད་པའི་གཞལ་ཡས་ཁང་དང་། དྲིའུ་དང་ཞིང་དང༌། ཉི་ཟླ་ཡི་གདན་དང་། སྐུ་དངོས་སོ། །རི་མ་ཏི་བསྐྱེད་པ་ལ་བདུན་ཏེ། རླུང་ནག་འཚུབ་མ་དང་། གཞལ་ཡས་ཁང་དང་། ཐོད་པ་དང༌། ལྡིང་ཁང་དང་། ཁང་པ་བདུན་དང་། དྲིའུ་བསེའི་གདན་དང་བཅསཔ་དང་། དངོསབསྐྱེད་པའོ། །ལེའུ་བརྒྱད་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱི་མཚམས་སྦྱར་བ་དང་། སྔགས་ཀྱི་དོན་དངོས་དང་། ལེའུ་ཡི་མཚན་ནོ། །སྔགས་ཀྱི་དོན་དངོས་ལ་གསུམ་དེའི་ནང་སྟེ། སྔགས་ཀྱི་ཡོན་ཏན། གཙོ་བོའི་སྔགས། དཔོན་གཡོག་གི་སྔགསབཤད་པའོ། །གཙོ་བོ་གཉིས་སྟེ། ཏིང་ངེ་འཛིན་ལ་བཞུགས་ཏེ་གསང་སྔགས་གསུངས་པ། ཇི་ལྟར་བྱ་བའི་ཐབས་སོ། །དཔོན་གྱི་སྔགས་བཤད་པ་ལ་གཉིས་ཏེ། སྔགས་མདོར་བསྡུས་ཏེ་བཤད་པར་ཞལ་གྱི་བཞེས་པ། རྡོ་རྗེའི་གསང་སྔགས་དངོས། འདི་ལ་གཉིསཏེ། གསང་སྔགས་བཅུགཅིག་གི་དོན་བསྟན་པ་དང་། རྔའི་སྒྲའོ། །དང་པོ་ལ་བཅུ་གཅིག་སྟེ། སྲོག་སྙིང་དང་། མ་མོ་འབུམ་གྱི་སྙིང་པོ་དང་། སྤྱན་དྲངས་པ་དང་། གདན་བཏིང་པ་དང་། གཏོར་མ་དང་། དམ་ཚིག་བསྟན་པ་དང་། ལས་ལ་བསྐུལ་བ་དང་། གནད་ནས་བསྐུལ་བ་དང་། དངོས་གྲུབ་བླང་པ་དང་། དབང་བསྐུར་བ་དང་། མཚན་མ་ངན་པ་བཟློག་པའོ། །དང་པོ་ལ་གཉིསཏེ། རྗེ་མོ་དང༌། ཁོལ་མོའོ། །རྔའི་སྒྲ་ལ་དྲུག་སྟེ། གཅིག་བརྡུངས་རིང་པོ་དང་ཐུང་ངུ་དང་། གཉིས་བརྡུངས་ཐུང་བ་དང་། རིང་དང་དེ་ནས། གཉིསབརྡུངས་བཞི་བརྡུངས་སུ་འགྱུར་བའི་སྒྲ་དང་། གསུམ་བརྡུངས་ཀྱིས་དྲུག་བརྡུངས་སུའགྱུར་བའོ། །ལེའུ་དགུ་པ་ལ་གསུམ་སྟེ། མཚམས་སྦྱར་བ་དང་། ཕྱག་རྒྱ་དངོསལེའུ་ཡི་མཚན་ནོ། །དང་པོ་ལ་གཉིས་སྟེ། ཞུས་པ་དང་། ལན་ནོ། །དངོས་ལ་གཉིས། སྤྱིར་དང་པོ་བསྟན་པ་དང༌། བྱེ་བྲག་ཏུའོ། །འདི་ལ་གསུམ། གཙོ་མོ་དང༌། རྗེ་མོ་དང༌། རེ་མ་ཏིའོ། །རྗེ་མོ་ལ་གསུམ། རླུང་ནག་ནི་ཕྱག་རྒྱ་དང་པོ་ལ་རླུང་། མེ་རིའི་ཕྱག་རྒྱ་དང་། ཕྱག་མཚན་ནོ། །རེ་མ་ཏི་ལ་ཁོལ་མོ་བདུན། ཁྲམ་བམ་དང་། མ་མོ་ལྕག་ཀྲུ་དང༌། ཁྱུང་གཤོག་དང་། ཐོད་འཕྲེང་དང༌། ཐོད་རློན་དང༌། བདུད་རྩི་བུམ་པའི་ཕྱག་རྒྱ་དང་ཏྲི་ཤུ་ལའོ། ལེའུ་བཅུ་པ་ལ་གསུམ། མཚམས་སྦྱར་བ་དང་། ལེའུ་ཡི་གཞུང་དང་། ལེའུ་ཡི་མཚན་ནོ། །དང་པོ་ལ་གཉིས། ཞུས་པ་དང་། ལན་ནོ། །གཉིསཔ་ལ་གཉིས་ཏེ། མཆོད་པ་གསུམ་པ་སྤྱིར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། གཏོར་མའི་མཆོད་པ་དང་། སྦྱིན་སྲེག་གི་མཆོད་པ་དང་། གསང་བའི་མཆོད་པའོ། །དང་པོ་ལ་གཉིས་ཏེ། བཅའ་ཐབས་དང་། སྔགས་བསྟན་པའོ། །གཉིས་པ་ལ་ལྔ། མེ་ཐབ་བཅའ་ཞིང་། སྲེག་རྫས་བསག་པ་དང་། བསྐྱེད་ཐབས་དང་། དབུལ་བའི་རིམ་པ་དང་། སྔགས་དང་རྗེས་ཀྱི་བྱ་བའོ། །གསུམ་པ་ལ་གཉིས་ཏེ། མཆོད་པ་དངོས་དང་། དངོས་གྲུབ་དམ་པ་ཡིན་པར་སྟོན་པའོ། །ལེའུབཅུགཅིག་པ་དམ་ཚིག་གི་ལེའུ་ལ་གསུམ། ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ་དང༌། དངོས་དང་ལེའུ་ཡི་མཚན་ནོ། །དངོས་བཞི་དང་། ལན་བཀའ་སྩལ་པའི་ཚུལ་གྱིས་བཤད་པར་ཞལ་བཞེས་པ་དང་། དམ་ཚིག་དངོས་དང༌། དམ་ཚིག་མ་བསྲུངས་པའི་སྐྱོན། བསྲུངས་པའི་ཡོན་ཏན་ནོ། །གཉིས་པ་ལ་གསུམ། གཙོ་བོ་དང་། རྗེ་མོ་དང་ཁོལ་མོའོ། །གཙོ་བོ་ལ་གསུམ། སྐུ་དང་གཙོ་བོ། གསུང་གཙོ་བོ་དང་། ཐུགས་སོ། །གཉིས་པ་ལ་གསུམ། སྐུ་དང་། གསུང་དང་། ཐུགས་སོ། །ཁོལ་མོ་ལ་གསུམ། སྐུ་དང་། གསུང་དང་། ཐུགས་སོ། །དམ་ཚིག་མ་བསྲུངས་པའི་སྐྱོན་ལ་གསུམ། གཙོ་བོའི་དང་། རྗེ་མོའི་དང༌། གཡོག་མོའི་འོ། དང་པོ་གསུམ། ཞུས་པའི་དང་། བཤད་པར་ཞལ་གྱིས་བཞེས་པ་དང་། བཤད་པ་དངོས། དངོས་གསུམ་ཀ་ལ་སྐུ་གསུངས་ཐུགས་གསུམ་གསུམ་དུ་ཤེས་པར་བྱའོ། །ཡོན་ཏན་ལ་གསུམ། གཙོ་མོ་དང་། རྗེ་མོ་དང༌། གཡོག་མོའོ། །དེ་དག་ལའང་སྐུ་གསུང་ཐུགས་གསུམ་གསུམ་དུ་ཤེས་པར་བྱའོ། །བཅུ་གཉིས་པ་དྲོད་ཚད་ཀྱི་ལེའུལ་གསུམ། ཞུས་པའི་ཚུལ་གྱི་མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་ལ་གཉིས། བཤད་པར་ཞལ་གྱིས་བཞེས་པ་དང༌། བཤད་པ་དངོས་སོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །འདི་ལའང་བཞི་སྟེ། ནང་དང་། གསང་བ་དང་། ཕྱི་དང་གཞན་དག་གི་བལྟས་བསྟན་པའོ། །ནང་ལ་དྲུག་སྟེ། མིག །རྣ་བ། སྣ། ལྕེ། ལུས། སྙིང་གི་རྟགས་སོ། །ཕྱི་ལ་གསུམ་སྟེ། རབ། འབྲིང་། ཐ་མའོ། །རབ་ལ་ལྔ་སྟེ། སྤྱིར་བཤད་པ་ཞི་བའི་རྟགས། དྲག་པོའི་རྟགས། དབང་གི་རྟགས། རྒྱས་པའི་རྟགས་སོ། །གཞན་དག་གི་བལྟས་བསྟན་པ་ལ་དྲུག་ཏེ། མ་མོ་གྲུབ་ནས་དབང་དུའདུས་པ། མ་འདུས་པ། མ་མོ་འཁྲུགས་པའི་རྟགས། བར་ཆོད་ཀྱི་རྟགས། ལྟས་སྣ་ཚོགས་པ། གང་ལ་ཆགས་ཀྱི་མཚན་ཉིད་དང་བཅས་པའོ། །འདི་ལ་ལྔ་སྟེ། གང་ལ་འཁོར་བར་བསྟན་པ་དངོས་དང་། འཕྲལ་གྱི་ལྟས་དངོས་གྲུབ་བླང་བ་དང༌། ལྟས་ངན་པ་བཟློག་པ་དང་། དོན་གྲུབ་མི་གྲུབ་ཀྱི་བལྟས་སོ། །ལེའུ་བཅུགསུམ་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གསུམ་སྟེ། ལན་བཀའ་སྩལ་བའི་ཚུལ་གྱིས་ཅིས་ཀྱང་འགྲུབ་པར་བསྟན་པ་དང་། འོན་ཀྱང་མི་འགྲུབ་པར་བསྟན་པ་དང་། དེ་བཅོས་པའི་ཐབས་སོ། །འོན་ཀྱང་མི་འགྲུབ་པར་བསྟན་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། ལས་འཕྲོས་མ་འབྲེལ་བ་དང་། བཟླས་བརྗོད་ཉུང་བ་དང༌། བགེགས་ཀྱི་བར་ཆོད་དང་། དམ་ཚིག་ཉམས་པའོ། །བཅོས་པའི་ཐབས་ལའང་ལྔ་སྟེ། ལས་འཕྲོ་ལ་འབྲེལ་པ་བཅོས་པ། དེས་ཐེ་ཚོམ་མེད་པར་འགྲུབ་པར་བསྟན། བསྙེན་པ་གྲངས་ཉུང་པ་བཅོས་པའི་ཐབས། བགེགས་ཀྱི་བར་དུ་གཅོད་པ་བཅོས་པའོ། །དམ་ཚིག་ཉམས་པ་བཅས་པའོ། །དང་པོ་ལ་གསུམ་སྟེ། བཅའ་བཞི། དམིགས་པ། སླར་བཟོད་གསོལ་ལོ། ལྔ་པ་ལ་བཞི་སྟེ། དམ་ཚིག་ཉམས་པའི་སྐྱོན། ཉམས་པ་ཆེན་པོའི་བསྐང་བ། འབྲིང་པོའི་བསྐང་བ། ཐ་མ་བསྐང་བའོ། ལེའུབཅུ་བཞི་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་ལྔ་སྟེ། བཀའ་སྩལ་བའི་ཚུལ་གྱི་དཔོན་མོའི་རྟེན་རྫས། ཁོལ་མོའི་རྟེན་རྫས། ནང་རྟེན་གྱི་མཚན་ཉིད། གསང་བའི་རྟེན། གྲུབ་ནས་ཇི་ལྟར་བྱ་བའི་ཐབས་སོ། །ལེའུ་བཅོ་ལྔ་པ་ལ་གསུམ། ཞུས་པའི་ཚུལ་གྱི་མཚམས་སྦྱར་བ་དང་། གཞུང་དངོས་དང༌། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གཉིས་ཏེ། བདག་སྒྲུབ་པ་དང༌། དབང་བསྐུར་བའོ། །དེ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་བཞིའོ། །དེ་ལ་ལྔ་སྟེ། དང་པོར་ཕྱག་ན་རྡོ་རྗེའི་དབང་བཞི། རྗེ་མོའི་དབང་བཞི། རེ་མ་ཏིའི་དབང་བཞི་བཅུགཉིས་ཀྱིས་དམ་ཚིག་དབོག་པ། མམོ་དབབ་ཅིང་ནང་གི་དབང་སྦྱིན་པའོ། །འདི་ལ་ལྔ་སྟེ། རིགས་བརྟག་ཅིང་ལས་ཀྱི་བྱ་བ། དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་དབབ་པ། མཆོད་ཅིང་དམ་ཚིག་བསྲེ་བ། སློབ་མ་ལ་ཡོངས་སུ་རྫོགས་པར་སྦྱིན་པ། དབང་མ་ཐོབ་པ་ཡོངས་སུ་གསང་བར་བསྟན་པའོ། །བཅུ་དྲུག་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱི་མཚམས་སྦྱར་བ། །གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་ལ་གཉིས་ཏེ། དཔོན་མོའི་ལས་དང་། གཡོག་མོའི་ལས་སོ། །དང་པོ་ལ་གཉིས་ཏེ། སྦྱིན་བསྲེག་དང་། ལས་གཞན་དག་གོ །སྦྱིན་སྲེག་ལ་ལྔ་སྟེ། ལྷ་མོ་གྲུབ་པས་གཞན་གྲུབ་པར་བསྟན་པ། ཞི་བ་དང་རྒྱས་པ་དང་། དབང་དང་། དྲག་པོས་བསྲེག་པའི་ལསསོ། །ལས་གཞན་དག་ལ་དྲུག་སྟེ། དབྱེ་བའི་ལས་དང་། དགུག་པ། ལྐུགས་པར་བྱེད་པ། སྨྱོ་བར་བྱེད་པ། རེངས་པར་བྱེད་པ་དང་། མི་སྣང་བར་བྱ་བའོ། །གཡོག་མོའི་ལསལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་ལྔ་སྟེ། ཁྲག་ནད་ཀྱིས་བསད་པ་དང་། རིམས་ནད་དབབ་པ། ཚད་ནད་དབབ་པ། སྙིང་རླུང་གིས་བསད་པ། ཐུན་དྲུག་གིས་བསད་པའོ། །འདི་ལ་ཡང་གཉིས་ཏེ། མདོར་བསྟན་པ་དང་། །རྒྱས་བཤད་དོ། རྒྱས་བཤད་ལ་བརྒྱད་དོ། །ཐོད་པའི་ཐུན། མདའ་ཡི་ཐུན། རཀྟའི་ཐུན། སྒོང་ངའི་ཐུན། དུག་གི་ཐུན། ཙི་ཏའི་ཐུན། ཐུན་དྲུག་གི་ཕན་ནོ། ལྟས་ངན་པ་དབབ་པའོ། །དང་པོ་ལ་གཉིས་ཏེ། བཅུ་བཞི་འཁོར་ལོ་འགོད་པ་དང་། ལས་སྦྱོར་རོ། །མདའ་ཐུན་ལ་གཉིས་ཏེ། བཅའ་བཞི་དང་། ཐུན་སྔགས་ཀྱི་ལས་སྦྱོར་རོ། །ལྟས་ངན་དབབ་པ་ལ་གཉིས་ཏེ། མཁའ་འགྲོ་དབབ་པ་དང་། གསང་སྔགས་ཀྱིས་བཏང་པའོ། །ལེའུ་བཅུ་བདུན་པ་ལ་གསུམ་ཏེ། ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ་དང་། །གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་ལ་གསུམ་ཏེ། སྔོན་འགྲོ་དང་། དངོས་གཞི། རྗེས་སོ། །དངོས་བཞི་ལ་བཞི་སྟེ། ལིང་གའི་རྒྱུ་བསྟན་པ་དང་། བདུད་རྩི་དྲངས་པ་དང་། མར་མེ་བསད་པ་དང་། སྔགས་བསྟན་པའོ། །ལེའུ་བཅོ་བརྒྱད་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱི་མཚམས་སྦྱར་བ་དང་། གཞུང་དངོས་དང༌། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གསུམ་སྟེ། ལན་བཀའ་བསྩལ་པའི་ཚུལ་གྱི་འོད་ཟེར་བཀྱེ་བ། ཐིག་ལེ་ཡེ་ཤེས་དོན་དམ་དང་། ཀུན་རྫོབ་ཏུ་བཤད་པ། ཀུན་རྫོབ་ཀྱི་དོན་རྒྱས་པར་དགྲོལ་བའོ། ལེའུ་བཅུདགུ་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ་དང་། །གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གཉིས་ཏེ། ལན་བཀའ་བསྩལ་པའི་ཚུལ་གྱིས་སྤྲོས་པ་བསྐྱེད་པ་དང་། རྫུ་འཕྲུལ་བཅུ་དྲུག་བསྟན་པ་དང་། དེ་ལ་གསུམ། རྫས་བསག་པ་དང་། སྤྱིར་སྒྲུབ་པ་དང༌། སོ་སོའི་ཁ་བསྒྱུར་རོ། །འདི་ལ་བཅུ་དྲུག་སྟེ། དུག་གིས་མ་ཚུགས་པར་བྱ་བ་དང་། ཆུ་ལ་མ་འབྱིང་པ་སྒྲུབ་པ། མཁའ་སྤྱོད་སྒྲུབ་པ། མངོན་ཤེས་སྒྲུབ་པ། དགུག་པའི་སྦྱོར་བ། མིག་སྨན་སྒྲུབ་པ། རྐང་མགྱོགས་སྒྲུབ་པ། མི་སྣང་བ་སྒྲུབ་པ། ཚེ་སྒྲུབ་པ། ནོར་གྱི་གཏེར་སྒྲུབ་པ། རོ་ལངས་སྒྲུབ་པ། ནད་གསོ་བ། བཅུད་ཀྱིས་ལེན་པ། ཐོག་སེར་དབབ་པ། འབྱུང་བའི་དགྲས་མི་ཚུགས་པ་བསྟན་པ། བྱད་སྟེམས་བཟློག་པའོ། །ལེའུ་ཉི་ཤུ་པ་ལ་གསུམ་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་བརྒྱ་བྱིན་གྱིས་བསྟོད་པ་དང༌། མ་མོ་དཔོན་གཡོག་ལ་འཁོར་རྣམས་ཀྱིས་བསྟོད་པ་དང་། །ལེའུ་ཡི་མཚན་ནོ། །ལེའུ་ཉི་ཤུ་རྩ་གཅིག་པ་ལ་གསུམ་སྟེ། མཚམས་སྦྱར་བའི་ཚུལ་གྱིས་ཕྱག་ན་རྡོ་རྗེས་བཀའ་བསྩལ་པ་དང་། ཇི་ལྟར་ཡོངས་སུ་གཏད་པ་དང༌། བརྒྱ་བྱིན་གྱིས་ཇི་ལྟར་ཡོངས་སུ་བླངས་པའོ། །བར་མ་ལ་ལྔ་སྟེ། འཁོར་རྣམས་ལ་བསྐུལ་བ་དང་། ཉིད་ཀྱི་ཡོན་ཏན་དང་། བརྒྱ་བྱིན་ལ་གཏད་པ་དང༌། འདི་བཟུང་བའི་ཡོན་ཏན་དང་། གསང་བའི་གནས་བསྟན་པའོ། །ལེའུ་ཉི་ཤུ་རྩ་གཉིས་པ་འདི་ལ་གསུམ་སྟེ། བརྒྱ་བྱིན་གྱིས་ཞུས་པའི་ཚུལ་གྱིས་མཚམས་སྦྱར་བ་དང་། ལུང་བསྟན་པ་དངོས་དང་། ལེའུ་ཡི་མཚན་ནོ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་བསྡུས་དོན་གསལ་བའི་མེ་ལོང་རྫོགས་སོ།།    །།