Friday, February 26, 2021

ཆོ་འཕྲུལ་བསྟོད་པ།

 



ཆོ་འཕྲུལ་བསྟོད་པ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་མཛད། 


ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ།། 

ཚེམས་ཤིང་ས་ལ་བཙུགས་པས་ལྗོན་ཤིང་སྐྱེས།།

དཔག་ཚད་ལྔ་བརྒྱར་ཁྱབ་པའི་ལོ་འབྲས་སྨིན།།

དྲི་རོས་སྐྱེ་བོ་ཚིམས་མཛད་ཕྱག་འཚལ་ལོ།།


ཚེས་གཉིས་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ།།

གཡས་གཡོན་གཉིས་སུ་རིན་ཆེན་རི་གཉིས་སྤྲུལ།།

རི་རྩེ་ལ་སྐྱེས་འབྲས་དང་ཤིང་རྣམས་ཀྱིས།།

མི་དང་དུད་འགྲོ་ཚིམས་མཛད་ཕྱག་འཚལ་ལོ།།


ཚེས་གསུམ་རྒྱལ་པོ་ཤུན་ཙིས་མཆོད་པའི་ཚེ།།

ཞལ་བསིལ་ཆུ་ལས་རིན་ཆེན་རྫིང་བུ་སྤྲུལ།།

ཁ་དོག་སྣ་ཚོགས་པདྨོའི་འོད་ཟེར་གྱིས།།

ཆོས་སྟོན་བདེ་ལ་འགོད་མཛད་ཕྱག་འཚལ་ལོ།། 


ཚེས་བཞི་ཨིནྡྲ་ཝརྨས་མཆོད་པའི་ཚེ།།

ཕྱོགས་བཞིར་ཡུར་བ་བརྒྱད་ལྡན་རྫིང་བུ་སྤྲུལ།།

ཆུ་ཡི་སྒྲ་ལས་ཚད་མེད་བཞི་ལ་སོགས།།

ཆོས་ཀྱི་གསུང་སྙན་སྒྲོག་ལ་ཕྱག་འཚལ་ལོ།། 


ཚེས་ལྔ་ཚངས་སྦྱིན་གྱིས་ནི་མཆོད་པའི་ཚེ།།

ཞལ་གྱི་སྒོ་ནས་གསེར་མདོག་འོད་ཟེར་འཕྲོས།། 

འོད་དེས་རེག་པས་སྒྲིབ་པ་རྣམས་དང་བྲལ།།

ལུས་སེམས་བདེ་ལ་འགོད་མཛད་ཕྱག་འཚལ་ལོ།།


ཚེས་དྲུག་ལི་ཙཱ་རྣམས་ཀྱིས་མཆོད་པའི་ཚེ།། 

སངས་རྒྱས་ཀྱི་མཐུས་ཕན་ཚུན་བསམ་པ་ཤེས།།

རབ་ཏུ་དགའ་ནས་སྟོན་པའི་ཡོན་ཏན་བརྗོད།།

སོ་སོར་སྨོན་ལམ་འདེབས་མཛད་ཕྱག་འཚལ་ལོ།།


ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ།།

སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས།། 

རྒྱལ་པོར་གྱུར་ནས་རིན་ཆེན་བདུན་སོགས་ལྡན།།

ཀུན་ཀྱང་སྤྲོ་ཞིང་ཚིམས་མཛད་ཕྱག་འཚལ་ལོ།།


ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ།། 

སེང་གེའི་ཁྲི་ལས་གླང་ཆེན་སྒྲ་སྐད་དང༌།།

སྲིན་པོ་བཞི་དང་ཕྱག་ན་རྡོ་རྗེར་སྤྲུལ།།

མུ་སྟེགས་སྟོན་པ་འཇོམས་མཛད་ཕྱག་འཚལ་ལོ།།

དེ་ཚེ་མུ་སྟེགས་འཁོར་གྱི་སྟོང་ཕྲག་དག།

དགུ་བཅུ་སངས་རྒྱས་སྐྱབས་སོང་རབ་ཏུ་བྱུང་།།

ཆོས་ཀྱི་བདུད་རྩི་མྱངས་ནས་ཟག་པ་ཟད།།

ཀུན་གྱིས་དགྲ་བཅོམ་ཐོབ་མཛད་ཕྱག་འཚལ་ལོ།། 


ཚེས་དགུ་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ།།

ཚངས་པའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས།།

སྐུ་ལས་འོད་ཟེར་ཆེན་པོ་རབ་འཕོ་བ།།

ཀུན་གྱིས་མཐོང་བར་མཛད་ལ་ཕྱག་འཚལ་ལོ།།


ཚེས་བཅུ་རྒྱལ་ཆེན་བཞི་ཡིས་མཆོད་པའི་ཚེ།།

སྲིད་རྩེའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས།།

འོད་ཟེར་ཆེན་པོ་སྣང་ཞིང་གསལ་བར་མཛད།།

ཀུན་གྱིས་མཐོང་ཞིང་གསུང་ཐོས་ཕྱག་འཚལ་ལོ།།


བཅུ་གཅིག་མགོན་མེད་ཟས་སྦྱིན་མཆོད་པའི་ཚེ།།

སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ།།

སྐུ་ནི་མི་མངོན་འོད་ཀྱི་གོང་བུར་གྱུར།།

གསུང་གིས་ཆོས་སྟོན་མཛད་ལ་ཕྱག་འཚལ་ལོ།།


བཅུ་གཉིས་ཁྱིམ་བདག་ཙེ་དས་མཆོད་པའི་ཚེ།།

གསེར་མདོག་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ།།

འོད་དེས་རེག་པས་སྒྲིབ་པ་རྣམས་དང་བྲལ།།

བརྩེ་དང་བྱམས་པས་ཁྱབ་མཛད་ཕྱག་འཚལ་ལོ།།


བཅུ་གསུམ་རྒྱལ་པོ་ཤུན་ཙེས་མཆོད་པའི་ཚེ།།

འདོམ་བདུན་ཁྱབ་པའི་འོད་ནི་ལྟེ་བ་ནས།།

སྐྱེས་ཏེ་བདེ་དང་རང་རྒྱལ་སངས་རྒྱས་སྤྲུལ།།

དེ་འདྲས་སྟོང་གསུམ་ཁྱབ་མཛད་ཕྱག་འཚལ་ལོ།།


བཅུ་བཞི་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ།།

མེ་ཏོག་གཏོར་བ་རིན་ཆེན་ཤིང་རྟ་ནི།།

ཆིག་སྟོང་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་གང་།།

སྤྲུལ་ཅིང་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ།།


བཅོ་ལྔ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ།།

ཕྱག་ནི་ས་ལ་བསྟན་པས་དམྱལ་བ་ཡིས།།

སྣོད་ཀུན་རོ་བརྒྱའི་ཟས་གང་ཐམས་ཅད་ཚིམས།།

སེམས་ཅན་དཔག་མེད་སྒྲོལ་མཛད་ཕྱག་འཚལ་ལོ།།


ཞེས་པ་འདི་ཡང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་མཛད་པའོ།།  ཤུབྷཾམསྟུ།།    །།


No comments:

Post a Comment