༄༅། །འཕགས་པ་ཛམ་བྷ་ལྷ་དཀར་པོ་འབྲུག་བཞོན་ལྷ་ལྔའི་མཆོད་གཏོར་གཡང་འབོད་བཅས་ཀྱི་འདོན་ཆོག་ནག་འགྲོས་སུ་བཀོད་པ་བཞུགས་སོ།།
༄༅། །ན་མོ་ཨཱ་རྱ་ཛམྦྷ་ལ་ཡ། དཔལ་འབྱོར་ནམ་མཁའ་མཛོད་ལ་མངའ་བརྙེས་ནས། །འདོད་དགུའི་ཆར་གྱིས་འགྲོ་ཀུན་ཚིམ་མཛད་པ། །ཨཱ་རྱ་ཛམྦྷ་ལ་ཡི་ཞབས་བཏུད་ནས། །དེ་ཡི་སྒྲུབ་ཐབས་མན་ངག་གསལ་བར་འཆད།། (འཕགས་པ་ཛམྦྷ་ལྷ་དཀར་པོ་ལྷ་ལྔའི་གའུའམ་བུམ་པ་སྒྲུབ་སྐབས་དང་། དེ་མིན་ཡང་མཆོད་གཏོར་བསྐང་བཤགས་སོགས་བྱ་བར་སྤྲོ་ན། མཆོད་པ་ལས་སྔགས་ཀྱིས་བསངས།) སྭ་བྷཱ་ཝ(ས་སྦྱངས།) སྟོང་པའི་ངང་ལས་ བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་པུཥྤེ་ཨཱཿཧཱུཾ། ཨོཾ་དཱུ་པེ་ཨཱཿཧཱུཾ། ཨོཾ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་ནཻ་ཝི་དྱ་ཨཱཿཧཱུཾ། ཨོཾ་ཤཔྟ་ཨཱཿཧཱུཾ། ཨོཾ་རཱུ་པ་ཨཱཿཧཱུཾ། (དེ་བཞིན་དུ།) ཤཔྟ། གནྡྷེ། ར་ས། སྤརྴ་ཨཱཿཧཱུཾ། (ཅེས་བྱིན་གྱིས་བརླབས།)
(རྟེན་བསྐྱེད་པ་ནི། ལས་སྔགས་ཀྱིས་བསངས།) སྭཱ་བྷཱ་ཝ(ས་སྦྱངས།) སྟོང་པའི་ངང་ལས་རང་གི་མདུན་དུ་ (གའུ་འམ།) བུམ་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུའི་གཏེར་ཆེན་པོའི་ཡོངས་སུ་གང་བའི་ནང་དུ་པོ་ལས་པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པའི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་ཛཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། འཕགས་པ་ཛཾ་བྷ་ལ་སྐུ་མདོག་ཤེལ་དཀར་གྱི་ལྷུན་པོ་ལ་ཉི་མ་སྟོང་གི་མདངས་ཀྱིས་འཁྱུད་པ་ལྟར་དཀར་ལ་འཚེར་བ། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁྲོ་བ། སྤྱན་གསུམ་པ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང༌། སྨ་ར་དང་སྨིན་མ་ཁམ་སེར་དུ་འཁྱིལ་བ། ཕྱག་གཡས་ཁ་ཊཾ་རྩེ་གསུམ་དང་། གཡོན་རིན་པོ་ཆེའི་བེ་ཅོན་བསྣམས་པ། རིན་པོ་ཆེའི་དབུ་རྒྱན་དང་། སྙན་རྒྱན། མགུལ་རྒྱན། སོ་མོ་དོ། དོ་ཤལ། འོག་པགས། ཕྱག་གདུབ། ཞབས་གདུབ་རྣམས་ཀྱིས་སྤྲས་ཤིང་། དར་དཀར་གྱི་ཡུག་གྱོན་སྟོད་གཡོགས་ཀྱི་ཚུལ་དུ་འཕྱང་བ། པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་འབྲུག་སྔོན་པོ་རྔམས་ཤིང་བརྗིད་པའི་སྟེང་ན་ཞབས་གཉིས་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པ། ཤར་གྱི་འདབ་མ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་ཌཱ་ཀི་མ་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་རྡོ་རྗེ་དང་། གཡོན་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། ལྷོར་ཏྲ་ལས་རིན་པོ་ཆེ་ཏྲ་གྱིས་མཚན་པ་ལས། རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་བུམ་པ་འཛིན་པ། ནུབ་ཏུ་པཾ་ལས་པདྨ་པཾ་གྱིས་མཚན་པ་ལས། པདྨ་ཌཱ་ཀི་མ་དམར་པོ་གཡས་པདྨ་དང་། གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ཁཾ་ལས་རལ་གྲི་ཁཾ་གྱིས་མཚན་པ་ལས། ལས་ཀྱི་ཌཱ་ཀི་མ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་དང་། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་བསྣམས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་དོར་སྟབས་ཀྱིས་བཞུགས་པ། གཙོ་འཁོར་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་བ་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཛཾ་ཡིག་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས། བདེ་བ་ཅན་དང་པོ་ཏ་ལ་སོགས་གར་བཞུགས་དག་པའི་གནས་ནས་འཕགས་པ་ཛཾ་བྷ་ལ་གཙོ་འཁོར་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་སྐད་ཅིག་གནས་འདིར་སྤྱན་དྲངས། (པར་བསམ་ལ། སྦྱར་སྤོས་དྲི་ཞིམ་བོ་འཐུལ་བཞིན་དུ་རོལ་མོ་དབྱངས་དང་བཅས།)
ཨོཾ༑ ཆོས་སྐུ་སྐྱེ་མེད་ནམ་མཁའི་ཀློང་།། གཟུགས་སྐུ་འཇའ་མཚོན་ལྟ་བུར་གསལ།། དམ་ཚིག་ཅན་གྱི་གནས་འདི་རུ།། ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ།། ཁྱད་པར་འཛམ་གླིང་ལྷོ་ཡི་ཕྱོགས།། གྲུ་འཛིན་རི་བོའི་ཕོ་བྲང་ནས།། སྤྱན་རས་གཟིགས་དབང་ཐུགས་ཀྱི་སྤྲུལ།། རྨུགས་འཛིན་དབང་པོ་གནས་འདིར་གཤེགས།། འཁོར་དུ་དབང་སྡུད་ཌཱ་ཀི་མ།། མཛེས་སྡུག་གར་སྟབས་ལིངས་སི་ལིང་།། འདོད་རྒུའི་ཆར་སྤྲིན་ཐིབས་སེ་ཐིབ།། ད་ལྟ་ཉིད་དུ་གནས་འདིར་བྱོན།། ཨོཾ་ཨཱརྱ་ཛཾ་བྷ་ལ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧེ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ(ས་སྤྱན་དྲངས།) ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ། (ནས།) ཤཔྟ(འི་བར་གྱིས་མཆོད།) ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འོད་དཔག་མེད་དང་། རྡོ་རྗེ་མཁའ་འགྲོ་མ་ལ་མི་བསྐྱོད་བ་དང་། རིན་ཆེན་མཁའ་འགྲོ་མ་ལ་རིན་འབྱུང་། པདྨ་མཁའ་འགྲོ་མ་ལ་འོད་དཔག་མེད། ལས་ཀྱི་མཁའ་འགྲོ་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། (མཆོད་བསྟོད་ནི།) རྟེན་གྱི་འབྲེལ་བར་འབྱུང་བ་ཡི།། ལྷ་རྫས་བཟང་པོའི་མཆོད་ཡོན་འདི།། ནོར་བདག་འཁོར་དང་བཅས་ལ་འབུལ།། བཞེས་ནས་དངོས་གྲུབ་སྩལ་དུ་གསོལ།། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་(སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་རྣམས་ཚིགས་བཅད་སྔགས་དང་བཅས་པའམ། བསྡུ་ན་སྔགས་ཙམ་གྱིས་འབུལ། བསྟོད་བ་རྒྱས་པར་བྱ་བར་སྤྲོ་ན།)
སྤྱན་རས་གཟིགས་དབང་འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ནོར་བདག་རིན་ཆེན་བརྗིད་པའི་སྐུ།། གངས་རི་ལྟར་དཀར་རབ་མཛེས་འགྲོ་ཚོགས་དབུལ་ཕོངས་མཐའ་དག་སྡུག་བསྔལ་མ་ལུས་ཞི་མཛད་ཅིང་།། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འགྲོ་ལ་བུ་གཅིག་ལྟར་རྩེ་ཕྱོགས་བཅུ་ཀུན་ཏུ་གཟིགས་མཛད་པ།། བསམ་འཕེལ་ནོར་བུ་དཔག་བསམ་ཤིང་འདྲ་དེ་ལ་བདག་ཡིད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི།། དུག་གསུམ་ལ་སོགས་ངན་འགྲོའི་ས་བོན་མྱུ་གུ་གཅོད་མཛད་ཕྱག་གཡས་ཁ་ཊཾ་རྩེ་གསུམ་འཛིན།། གཡོན་པས་བེ་ཅོན་ནོར་བདག་མ་ལུས་དབང་དུ་བསྡུད་ཅིང་བཀྲེས་སྐོམ་ནད་དང་སྡུག་བསྔལ་འཇོམས།། དབུ་སྐྲ་དཀར་སེར་གྱེན་དུ་བརྗེས་ཤིང་ནོར་བུའི་ཅོད་པན་ལྷབ་ལྷུབ་རྒྱན་གྱི་ཀུན་ནས་མཛེས།། ནོར་བདག་ཆེན་པོ་འབྲུག་ལ་ཆིབས་པས་བདག་དང་སེམས་ཅན་ཀུན་གྱི་དབུལ་ཕོངས་ཞི་བར་མཛོད།། གངས་རི་ལྟར་དཀར་ཞལ་གཅིག་ཕྱག་གཉིས་འབྲུག་གི་སྟེང་ན་བརྗིད་པའི་སྐུ།། སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་སྤྲུལ་འགྲོ་ལ་འདོད་དགུའི་ཆར་འབེབས་པ།། ཡི་དམ་ཁྱེད་ལ་གུས་པས་འདུད་དོ་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར།། ལོག་འཚོ་བྲལ་བའི་འབྱོར་པ་ཆེན་པོ་ཀུན་ནས་རྒྱས་པའི་དངོས་གྲུབ་སྩོལ།། (འདི་ནི་ཇོ་བོ་རྗེས་མཛད་པས་བྱིན་རླབས་ཆེ་བར་གྲགས་སོ།། བསྡུ་ན།) ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས།། རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང་།། འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ།། དཔལ་ལྡན་ཛམྦྷ་ལ་ལ་ཕྱག་འཚལ་ལོ།། (ཞེས་པས་བསྟོད། དེ་ནས་སྤྲོ་ན། གྲིབ་སེལ་གྱི་མན་ངག་ལྟར་ཡིག་བརྒྱ་ཉེར་གཅིག་བཟླ་བར་གསུངས་པ་བཞིན་གྲུབ་ན་ལེགས། གཏོར་ཆོག་དངོས་གྲུབ་བང་མཛོད་དུ་མི་གསལ་བས་མ་བྱས་ཀྱང་ཆད་སྐྱོན་མེད།
(བཤགས་པ་ནི།) ཧཱུཾ༑ འཇིག་རྟེན་གསུམ་མགོན་མར་མེ་མཛད་ལ་སོགས།། བླ་མ་ཡི་དམ་ནོར་གྱི་དབང་ཕྱུག་ཆེ།། རིགས་བཞིའི་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས།། བརྩེ་བའི་དབང་གིས་བདག་ལ་དགོངས་སུ་གསོལ།། བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་བས།། དངོས་གྲུབ་རྩ་བ་དམ་སྡོམ་འགལ་བ་དང༌།། མཆོད་གཏོར་མཐུན་རྫས་མ་ཚང་སྦགས་པ་དང༌།། འདོད་ཆེན་བསམ་སྦྱོར་བསྐྱེད་པ་མཐོལ་ལོ་བཤགས།། དབུལ་ཕོངས་འགྲོ་རྣམས་སྦྱིན་པས་མ་བསྐྱངས་དང་།། བསྙེན་སྒྲུབ་མ་བརྩོན་མཆོད་གཏོར་ཆགས་པ་སོགས།། སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ།། དམིགས་མེད་ཆོས་ཀྱི་དབྱིངས་སུ་བཤགས་པར་བགྱི།། (དེ་ནས་བསྐང་རྫས་བྱིན་རླབས་སྤྱི་ལྟར་བྱ། བསྐང་བ་ནི། རོལ་མོ་དབྱངས་དང་བཅས།)
ཧཱུཾ༑ ནོར་གྱི་དབང་ཕྱུག་འཕགས་པ་ཛཾ་བྷ་ལ།། འཁོར་ཚོགས་མཁའ་འགྲོ་སྡེ་བཞིའི་སྤྱན་ལམ་དུ།། ནམ་མཁའ་གང་བའི་མཆོད་སྤྲིན་རྒྱ་མཚོ་འདི།། དགྱེས་པ་བསྐྱེད་ལ་ཐུགས་དམ་སྐོངས་གྱུར་ཅིག། གངྒའི་རྒྱུན་ལྟར་འབབས་པའི་མཆོད་ཡོན་དང་།། ཡིད་འཛིན་འདབ་བརྒྱ་རྒོད་པའི་མེ་ཏོག་ཚོགས།། དྲི་ཞིམ་ངད་པ་འཐུལ་བའི་བདུག་སྤོས་འདི།། ནོར་བདག་རྨུགས་འཛིན་དབང་པོའི་ཐུགས་དམ་བསྐང་།། དབང་སྡུད་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་།། གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས་དམ་བསྐང་།། ཐུགས་དམ་གཉེན་པོ་དབྱིངས་སུ་བསྐོངས་གྱུར་ནས།། བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། སྟོང་གསུམ་མུན་པ་སེལ་བའི་སྒྲོན་མེ་དང་།། ག་བུར་དྲི་ཡི་བྱུགས་པ་མཚོ་ལྟར་འཁྱིལ།། ལྷ་མིའི་ཞལ་ཟས་ལྷུན་པོ་ལྟར་སྤུངས་པས།། ནོར་བདག་རྨུགས་འཛིན་དབང་པོའི་ཐུགས་དམ་བསྐང་།། དབང་སྡུད་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་།། གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས་དམ་བསྐང་།། ཐུགས་དམ་གཉེན་པོ་དབྱིངས་སུ་བསྐོངས་གྱུར་ནས།། བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། སྙན་བརྗིད་རོལ་མོའི་སྒྲ་ཡིས་ཕྱོགས་ཀུན་འགེངས།། དབང་པོ་བདེ་སྟེར་འདོད་ཡོན་རྣམ་ལྔ་དང་།། མི་དབང་རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས།། ནོར་བདག་རྨུགས་འཛིན་དབང་པོའི་ཐུགས་དམ་བསྐང་།། དབང་སྡུད་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་།། གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས་དམ་བསྐང་།། ཐུགས་དམ་གཉེན་པོ་དབྱིངས་སུ་བསྐོངས་གྱུར་ནས།། བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། དུག་གསུམ་རྩད་ནས་གཅོད་པའི་རྩེ་གསུམ་དང༌།། དབུལ་བ་སེལ་བའི་རིན་ཆེན་བེ་ཅོན་སོགས།། རང་རྟགས་མི་འགྱུར་ཕྱག་མཚན་ཚོགས་རྣམས་ཀྱིས།། ནོར་བདག་རྨུགས་འཛིན་དབང་པོའི་ཐུགས་དམ་བསྐང་།། དབང་སྡུད་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་།། གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས་དམ་བསྐང་།། ཐུགས་དམ་གཉེན་པོ་དབྱིངས་སུ་བསྐོངས་གྱུར་ནས།། བདག་ཅིག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། ལྷ་ཡི་གོས་བཟང་རིན་ཆེན་རྒྱན་བརྒྱད་དང་།། ཡིད་བཞིན་ནོར་བུ་གཏེར་བུམ་དཔག་བསམ་ཤིང༌།། སྙན་གྲགས་སྒྲོགས་བྱེད་གཡུ་འབྲུག་སྔོན་མོ་འདི།། ནོར་བདག་རྨུགས་འཛིན་དབང་པོའི་ཐུགས་དམ་བསྐང་།། དབང་སྡུད་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་།། གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས་དམ་བསྐང་།། ཐུགས་དམ་གཉེན་པོ་དབྱིངས་སུ་བསྐོངས་གྱུར་ནས།། བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། རྟ་གཡག་ལུག་དང་སྤུ་སྡུག་འདབ་ལྡན་ཚོགས།། གླིང་བཞི་རི་རབ་ཉི་ཟླ་བཀྲ་ཤིས་རྫས།། མཁོ་རྒུའི་རྟེན་རྫས་མ་ཚང་མེད་པ་འདིས།། ནོར་བདག་རྨུགས་འཛིན་དབང་པོའི་ཐུགས་དམ་བསྐང་།། དབང་སྡུད་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་།། གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས་དམ་བསྐང་།། ཐུགས་དམ་གཉེན་པོ་དབྱིངས་སུ་བསྐོངས་གྱུར་ནས།། བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།།
(བཟླས་པ་བྱ་བར་སྤྲོ་ན།) རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱི་རྩེ་ལས་མཆོད་པའི་ཚོགས་སྤྲོས། ཛམ་བྷ་ལ་གཙོ་འཁོར་ལ་མཆོད་པས་ཐུགས་དགྱེས་ཏེ། ནོར་བདག་འཁོར་བཅས་ཀྱི་ཐུགས་ཀར་ཟླ་གདན་ལ་རང་རང་གི་ས་བོན་སྔགས་ཕྲེང་གི་བསྐོར་བ་ལས་འོད་ཟེར་དམར་པོ་འཕྲོས་ཏེ། འཇིག་རྟེན་ཁམས་གྱི་མཐུ་སྟོབས་དང་། དབང་ཕྱུག་དང་། དཔལ་འབྱོར་དང་། གཟི་བརྗིད། ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པའི་བྱེ་བྲག་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་འདྲེན་པ་བཞིན་རང་དབང་མེད་པར་བཀུག་སྟེ། རང་དང་དམིགས་ཡུལ་ལ་ཐིམ་ཞིང༌། དེ་དག་དང་ལྷའི་ཞལ་ནས་ཀྱང་རིན་པོ་ཆེའི་ཆར་བབས་པས་གནས་ཁང་དང་བང་མཛོད་ཐམས་ཅད་གང་བར་གྱུར། (པར་བསམས་ལ།) ཨོཾ་པདྨ་ཀྲོདྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། (ཅེས་གཙོ་བོའི་སྔགས་ཅི་མང་དང་།) ཨོཾ་བཛྲ་ཌཱ་ཀི་ནི་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནི་ཧཱུཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནི་ཧཱུཾ་ཕཊ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུཾ་ཕཊ། (ཅེས་མཁའ་འགྲོ་བཞིའི་སྔགས་རྣམས་ཀྱང་ཇི་ལྟར་མཚམས་བར་འཟླ། སྤྲོ་ན་མི་སྙིང་བསྐུལ་བའི་སྔགས།) ཨོཾ་བི་ཤ་ནི་སྭཱཧཱ། (ཞེས་པས་ཅུང་ཟད་བཟླའོ།། གའུ་འམ་བུམ་སྒྲུབ་སྐབས་བཟླས་དམིགས་གོང་ལྟར་གསལ་བཏབ་སྟེ་བཟླས་པ་ཅི་ནུས་མཐར། གཙོ་འཁོར་ལྔའི་སྔགས་སོ་སོར་མི་སྙིང་འགུལ་བྱེད་ཀྱི་སྔགས་ཀྱི་སྭཱཧཱའི་གོང་དུ་སྤེལ་ཚིག་སྦྱར་བ་གང་མང་འདོན་པར་གསུངས་པ་དཔེར་ན།) ཨོཾ་པདྨ་ཀྲོདྷ་ཨཱརྱ་ཛམ་བྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། ཨོཾ་བི་ཤ་ནི་ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཨོཾ་བཛྲ་ཌཱ་ཀི་ནི་ཧཱུཾ་ཕཊ། ཨོཾ་པི་ཤ་ནི་ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཨོཾ་རཏྣ་ཌཱ་ཀི་ནི་ཧཱུཾ་ཕཊ། ཨོཾ་པི་ཤ་ནི་ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཨོཾ་པདྨ་ཌཱ་ཀི་ནི་ཧཱུྃ་ཕཊ་། ཨོཾ་པི་ཤ་ནི་ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུཾ་ཕཊ། ཨོཾ་པི་ཤ་ནི་ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། (འདིར་རྣམ་པར་མི་རྟོག་པའི་སྔགས་བཟླ་བ་ཕྱག་ལེན་དུ་མཛད། སྔགས་ནི།) ཏདྱ་ཐཱ། ཨོཾ་ཚོམྨེ་ལེ་དུ་ཀ་ཧཱུཾ་ཕཊ་སྭཱཧཱ། (དཔེ་ལ་པར། ཨོ་ཚ་མ་དུ་ལེ་དུ་ཀ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཀྱང་འབྱུང་། སྤྲོ་ན་མཐར། ཡིག་བརྒྱས་ཆད་ལྷག་བསྐངས།) འཕགས་པ་ཛམ་བྷ་ལ་འཁོར་དང་བཅས་པའི་བདག་དང་སེམས་ཅན་ཐམས་ཅད་ལ་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། (ལན་གསུམ།) འདོད་རྒུ་འབྱོར་པ་དབྱར་གྱི་མཚོ་ལྟར་འཕེལ།། (ཞེས་སོགས་དང༌།) ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ས་པཱ་རི་ཝཱ་ར་ཨགྷཾ། (སོགས་ཀྱིས་མཆོད།) ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས།། རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང་།། འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབ་མཛད་པ།། དཔལ་ལྡན་ཛམྦྷ་ལྷ་ལ་ཕྱག་འཚལ་ལོ།། (ཞེས་པའི་མཆོད་བསྟོད་མདོར་བསྡུས་བྱ།)
(༈ གཏོར་མ་བསངས་སྦྱངས།) སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་པར་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཧཱུཾ། (ལན་གསུམ།) མགྲོན་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུ་ཅན་གྱི་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། (པར་བསམས་ལ།) ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། (ལན་གསུམ་མམ་བདུན།) ཨརྒྷཾ། (སོགས་ཀྱིས་མཆོད།) མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། (ཞེས་པ་ནས།) ཡོད་ལ་འདོད་པ་ཀུན་འགྲུབ་ཤོག། ནོར་བདག་ཆེན་པོ་འཁོར་བཅས་ཀྱིས།། གཏོར་ཚོགས་རྒྱ་མཚོ་ལེགས་བཞེས་ནས།། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི།། ཚེ་དང་བསོད་ནམས་ཆོས་དང་ནི།། དགེ་འདུན་སྡེ་དང་ལོངས་སྤྱོད་དང་།། མངོན་ཤེས་རྫུ་འཕྲུལ་ནུས་པ་དང་།། དཔལ་དང་སྙན་གྲགས་འཁོར་ལ་སོགས།། ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད།། (ཅེས་འཕྲིན་ལས་བཅོལ། གཞི་བདག་གཏོར་མ།) ཨམྲྀ་ཏ(ས་བསངས། འབྲུ་གསུམ་ལན་གསུམ་གྱིས་བརླབ།) སམྦྷ་ར། (ལན་གསུམ་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད།) བདུད་རྩི་རྒྱ་མཚོའི་གཏོར་མ་འདི།། ཡུལ་ལྷ་གཞི་བདག་རྣམས་ལ་འབུལ།། བཞེས་ནས་རུ་ང་མ་མཛད་པར།། གདོང་གྲོགས་གནས་པོ་བཟང་པོ་མཛོད།། (ཅེས་བསྔོ།)
(འདིར་ཆུ་སྦྱིན་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་བ་ལ། རིན་པོ་ཆེའམ་ཟངས་གཞོང་གཙང་མའི་ནང་དུ་བརླན་གཤེར་གྱི་སྐྱོན་གྱིས་མི་གནོད་པའི་རིན་པོ་ཆེའི་སྐུ་རབ་གནས་ཅན་བཞག་པའམ་མ་འཛོམ་ན་ཡིད་ཀྱིས་བསམ་སྟེ།) རང་ཉིད་༼ཁ་སར་པ་ཎིར་༽གསལ་བ་ཡི།། མདུན་དུ་པད་ཟླར་ཛི་ལས་ཛཾ་བྷ་ལ།། དཀར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ།། དབུ་སྐྲ་སྨིན་མ་སྨ་ར་དཀར་ལ་འཚེར།། ཁ་ཊཾ་རྩེ་གསུམ་རིན་ཆེན་བེ་ཅོན་བསྣམས།། རིན་ཆེན་རྒྱན་སྤྲས་དར་ཡུག་སྟོད་གཡོག་དང༌།། པཉྩ་ལི་ཀའི་ཤམ་ཐབས་ལེགས་པར་གསོལ།། གཡུ་འབྲུག་སྟེང་དུ་ཕྱེད་སྐྱིལ་ཚུལ་གྱིས་བཞུགས།། ཕྱོགས་བཞིར་རིགས་བཞིའི་ས་བོན་ཕྱག་མཚན་ལས།། རྡོ་རྗེ་ཌཱ་ཀི་རྡོ་རྗེ་རྟེན་འབྲེལ་རྫས།། རིན་ཆེན་ཌཱ་ཀི་ནོར་བུ་བུམ་པ་བཟང་།། པདྨ་ཌཱ་ཀི་པདྨ་ལྕགས་ཀྱུ་དང་།། ལས་ཀྱི་ཌཱ་ཀི་རྒྱ་གྲམ་ནེའུ་ལེ་བསྣམས།། སྐུ་མདོག་རིམ་བཞིན་སྔོ་སེར་དམར་ལྗང་སྟེ།། རིན་ཆེན་རྒྱན་སྤྲས་དར་གྱི་ན་བཟའ་གསོལ།། གཡས་བསྐུམས་གཡོན་བརྐྱངས་དོར་སྟབས་ཚུལ་གྱིས་བཞུགས།། གནས་གསུམ་ཡིག་འབྲུ་གསུམ་གྱིས་ལེགས་མཚན་ཞིང་།། གཙོ་བོའི་ཐུགས་ཀའི་ཛཾ་ཡིག་འོད་ཟེར་གྱིས།། ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ།། ཐིམ་ཞིང་དབང་བསྐུར་རང་རང་རིགས་བདག་བརྒྱན།། གཙང་ཞིང་དྲི་མེད་བརྒྱད་ལྡན་ཆུ་ཕུལ་བ།། མུ་ཏིག་འཕྲེང་བར་གྱུར་ནས་གཙོ་འཁོར་གྱི།། སྐུ་གང་ཟུག་རྔུ་ཞི་ཞིང་བདེ་དང་ལྡན།། ཞལ་ནས་མུ་ཏིག་དངོས་གྲུབ་ཆར་རྒྱུན་འབབ།། (ཅེས་གསལ་བཏབ་སྟེ་ཆུ་གཙང་ཟངས་གཞོང་དུ་སྦེང་ཞིང་།) ཨོཾ་པདྨ་ཀྲོདྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། (ཅེས་པའི་སྔགས་བརྒྱ་རེ་བཟླས།) ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ས་པཱ་རི་ཝཱ་ར་ཨགྷཾ། (སོགས་ཀྱིས་མཆོད།) ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས།། རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང་།། འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབ་མཛད་པ།། དཔལ་ལྡན་ཛམྦྷ་ལ་ལ་ཕྱག་འཚལ་ལོ། ཞེས་པའི་བསྟོད།། (རྟེན་ཡོད་ན་ཡེ་ཤེས་པ།) འདིར་ནི་རྟེན་དང་ལྷན་གཅིག་ཏུ།། འགྲོ་བའི་དོན་དུ་བཞུགས་ནས་ཀྱང་།། ནད་མེད་ཚེ་དང་དབང་ཕྱུག་དང་།། མཆོག་རྣམས་ལེགས་པར་སྩལ་ཏུ་གསོལ།། (བརྟན་བཞུགས་དང་། དམ་ཚིག་པ་རང་ལ་བསྡུ། མེད་ན་ཡེ་ཤེས་བ་གཤེགས་གསོལ་བྱ། ཆུ་མཐེབ་སྲིན་གྱིས་རང་གི་ལྕེ་ཐོག་ཏུ་བཞག་ལ་དངོས་གྲུབ་བླང་། ཆུ་ཅུང་ཟད་ཕྱོགས་བཞིར་གཏོར་ཞིང་། ཡིག་བརྒྱ་བཟླས། ཆུ་ལྷག་མ་གཞན་དུ་འཁྱེར་བར་ལོངས་སྤྱོད། ཡང་ཆུ་སྦྱིན་ཤིན་ཏུ་བསྡུས་པ་ལ་མོས་ན།) པད་ཟླ་གཡུ་འབྲུག་སྟེང་དུ་ཛམྦྷ་ལ།། དཀར་པོ་ཁ་ཊཾ་རྩེ་གསུམ་བེ་ཅོན་བསྣམས།། ཕྱོགས་བཞིར་མཁའ་འགྲོ་རིགས་བཞིས་བསྐོར་བ་ཡི།། སྐུ་ལ་ཉལ་འགྲོའི་རྒྱུན་འབུལ་དངོས་གྲུབ་སྩོལ།། ཨོཾ་པདྨ་ཀྲོདྷ་(སོགས་བརྒྱ་བརྗོད།) ཨགྷཾ་(སོགས་ཀྱིས་མཆོད།) ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས།། (ཞེས་སོགས་ཀྱིས་བསྟོད། དེ་ལྟར་བྱས་བས་ཟས་ནོར་གྱི་དངོས་གྲུབ་ཆར་ལྟར་འབབ་པར་འགྱུར་རོ།།
(བསྟོད་པ་ནི།) སྤྱན་རས་གཟིགས་དབང་འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ནོར་བདག་རིན་ཆེན་བརྗིད་པའི་སྐུ།། གངས་རི་ལྟར་དཀར་རབ་མཛེས་འགྲོ་ཚོགས་དབུལ་ཕོངས་མཐའ་དག་སྡུག་བསྔལ་མ་ལུས་ཞི་མཛད་ཅིང་།། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འགྲོ་ལ་བུ་གཅིག་ལྟར་རྩེ་ཕྱོགས་བཅུ་ཀུན་ཏུ་གཟིགས་མཛད་པ།། བསམ་འཕེལ་ནོར་བུ་དཔག་བསམ་ཤིང་འདྲ་དེ་ལ་བདག་ཡིད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི།། དུག་གསུམ་ལ་སོགས་ངན་འགྲོའི་ས་བོན་མྱུ་གུ་གཅོད་མཛད་ཕྱག་གཡས་ཁ་ཊཾ་རྩེ་གསུམ་འཛིན།། གཡོན་པས་བེ་ཅོན་ནོར་བདག་མ་ལུས་དབང་དུ་བསྡུད་ཅིང་བཀྲེས་སྐོམ་ནད་དང་སྡུག་བསྔལ་འཇོམས།། དབུ་སྐྲ་དཀར་སེར་གྱེན་དུ་བརྗེས་ཤིང་ནོར་བུའི་ཅོད་པན་ལྷབ་ལྷུབ་རྒྱན་གྱི་ཀུན་ནས་མཛེས།། ནོར་བདག་ཆེན་པོ་འབྲུག་ལ་ཆིབས་པས་བདག་དང་སེམས་ཅན་ཀུན་གྱི་དབུལ་ཕོངས་ཞི་བར་མཛོད།། གངས་རི་ལྟར་དཀར་ཞལ་གཅིག་ཕྱག་གཉིས་འབྲུག་གི་སྟེང་ན་བརྗིད་པའི་སྐུ།། སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་སྤྲུལ་འགྲོ་ལ་འདོད་དགུའི་ཆར་འབེབས་པ།། ཡི་དམ་ཁྱེད་ལ་གུས་པས་འདུད་དོ་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར།། ལོག་འཚོ་བྲལ་བའི་འབྱོར་པ་ཆེན་པོ་ཀུན་ནས་རྒྱས་པའི་དངོས་གྲུབ་སྩོལ།། (གཞན་ཡང་།) ཧཱུཾ༑ སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་རོལ་ལས། །འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱིར། །གནོད་སྦྱིན་དབང་པོའི་སྐུར་སྟོན་འགྲོ་བ་ལ།། དངོས་གྲུབ་འདོད་རྒུའི་ཆར་འབེབས་ཁྱེད་ལ་བསྟོད།། སྤྲིན་གསེབ་གཡུ་འབྲུག་འབར་བའི་གདན་སྟེང་དུ།། སྐུ་མདོག་དཀར་གསལ་གར་དགུའི་ཉམས་ཀྱིས་བརྗིད།། རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ།། ནོར་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།། འགག་པ་མེད་པ་ཟབ་གསང་གསུང་གི་སྒྲ།། དབྱར་སྐྱེས་རྔ་གསང་སྟོང་གི་ང་རོ་ཅན།། ཐོས་པས་ཕན་དང་བདེ་བའི་འབྲས་སྟེར་བ།། ནོར་བདག་ཆེན་པོའི་གསུང་ལ་ཕྱག་འཚལ་ལོ།། མཁྱེན་པའི་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཞིང་།། རིགས་དྲུག་འཁོར་བའི་འགྲོ་ལ་བུ་ལྟར་བརྩེ།། ནུས་པས་ནོར་སྦྱིན་མ་ལུས་དབང་དུ་སྡུད་།། ནོར་བདག་ཆེན་པོའི་ཐུགས་ལ་ཕྱག་འཚལ་ལོ།། ས་བཅུ་མཐར་ཕྱིན་སྟོབས་བཅུའི་དཔལ་ལྡན་ཞིང་།། མ་འདྲེས་བཅོ་བརྒྱད་མི་འཇིགས་བཞི་ལ་སོགས།། ཡེ་ཤེས་ལྔ་བདག་སྐུ་གསུམ་གོ་འཕང་བརྙེས།། ཡོན་ཏན་རབ་རྫོགས་ཁྱོད་ལ་ཕྱག་འཚལ་ལོ།། མཆོག་མཐུན་དངོས་གྲུབ་སྩོལ་ལ་དབང་བསྒྱུར་ཞིང་།། ཁྱད་པར་ཕོངས་པའི་གདུང་བ་ཀུན་སེལ་ཕྱིར།། ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ།། འདོད་དགུའི་ཆར་འབེབས་མཛད་ལ་ཕྱག་འཚལ་ལོ།། ཤར་དུ་རྡོ་རྗེ་ཌཱ་ཀི་སྐུ་མདོག་སྔོ།། སྔོན་མོ་འབུམ་སྡེའི་ཚོགས་ལ་མངའ་བསྒྱུར་ཞིང་།། ལྷ་ཀླུ་མི་ཡི་སྲིད་པ་དབང་དུ་སྡུད།། དྲག་པོའི་ལས་མཛད་མ་ལ་ཕྱག་འཚལ་ལོ།། ལྷོ་ན་རིན་ཆེན་ཌཱ་ཀི་སྐུ་མདོག་སེར།། སེར་མོ་འབུམ་སྡེའི་ཚོགས་ལ་མངའ་བསྒྱུར་ཞིང་།། འཇིག་རྟེན་ཁམས་ཀྱི་ནོར་རྫས་དབང་དུ་སྡུད།། རྒྱས་པའི་ལས་མཛད་མ་ལ་ཕྱག་འཚལ་ལོ།། ནུབ་ཏུ་པདྨ་ཌཱ་ཀི་སྐུ་མདོག་དམར།། དམར་མོ་འབུམ་སྡེའི་ཚོགས་ལ་མངའ་བསྒྱུར་ཞིང་།། རྒྱལ་བློན་ནོར་བདག་ཀླུ་ཆེན་དབང་དུ་སྡུད།། དབང་གི་ལས་མཛད་མ་ལ་ཕྱག་འཚལ་ལོ།། བྱང་དུ་ལས་ཀྱི་ཌཱ་ཀི་སྐུ་མདོག་ལྗང་།། ལྗང་མོ་འབུམ་སྡེའི་ཚོགས་ལ་མངའ་བསྒྱུར་ཞིང༌།། ཕྱུག་བཙན་ཡུལ་མི་ཟས་ནོར་དབང་དུ་སྡུད།། སྣ་ཚོགས་ལས་མཛད་མ་ལ་ཕྱག་འཚལ་ལོ།། དེ་ལྟར་བསྟོད་པས་དེང་ནས་བྱང་ཆུབ་བར།། ལྷ་ཁྱོད་ཐུགས་རྗེའི་ཕྱག་གིས་མ་བཏང་བར།། མཆོག་ཐུན་དངོས་གྲུབ་བསམ་འཕེལ་དབང་གི་རྒྱལ།། འབད་མེད་ལག་རྩེར་སོན་པའི་དགའ་སྟོན་སྩོལ།། གཞན་ཡང་དུས་འདིར་ཆོས་དང་འབྱོར་བའི་དཔལ།། མི་ཟད་གཏེར་གྱི་སྒོ་འཕར་ཡོངས་ཕྱེ་ནས་།། བསམ་དོན་འབྲས་བཟང་སྨིན་པའི་ཡོངས་འདུའི་ལྗོན།། དོན་གཉིས་བདེ་སྐྱིད་རྩ་བ་ཚུགས་པར་མཛོད།། (ཅེས་བསྟོད།)
(མཚམས་འདིར་གཡང་འབོད་བྱེད་པར་འདོད་ན། དེ་ཡང་རྒྱས་པར་བྱེད་ན་གཡང་རྟེན་གྱི་གཏོར་མ་དང་། གཡང་རྫས་བཤམས་བ་སོགས་ཡོངས་གྲགས་ལྟར་བྱས་ལ། དངོས་སུ་བཤམས་པ་མེད་ཀྱང་མོས་པ་བརྟན་པོས་ཚིག་ཏུ་བརྗོད་ནའང་རུང་བས།) གཙོ་འཁོར་ལྔའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྲིད་ཞིའི་དཔལ་འབྱོར་ལེགས་ཚོགས་མཐའ་དག་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་འདྲེན་པ་བཞིན་བསྡུས་ཏེ། རང་དང་བསྒྲུབ་བྱ་ལ་བསྟིམ་ཞིང་གནས་ཁང་ཡུལ་ཕྱོགས་ཐམས་ཅད་དཔལ་འབྱོར་རྒྱ་ཆེན་པོས་གང་བར་གྱུར། (པར་བསམས་ལ།) ཐུགས་རྗེ་ཆེན་པོ་ཨཱརྱ་ཛཾ་བྷ་ལ།། སྣང་སྲིད་དབང་སྡུད་མཁའ་འགྲོ་བཞི་དང་བཅས།། བརྩེ་བས་དགོངས་ཏེ་གནས་འདིར་བྱིན་ཕོབ་ལ།། བསམ་དོན་ལྷུན་གྱིས་འགྲུབ་པའི་དཔལ་སྩོལ་ཅིག། དགེ་བའི་ཉེར་ལེན་རང་ལ་གནས་པའི་གཞིར།། བདེ་བའི་རྐྱེན་བཟུང་འདོད་དགུའི་ལེགས་ཚོགས་ཀུན།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། དལ་འབྱོར་རྟེན་གྱི་རིན་ཆེན་བུམ་བཟང་ལ།། འཆི་བ་མེད་པའི་ཚེ་དཔལ་བདུད་རྩིའི་རྒྱུན།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། སྔོན་བསགས་བསོད་ནམས་ལྷུན་སྟུག་རི་བོའི་རྩེར།། ཟས་ནོར་ལོངས་སྤྱོད་དབྱར་གྱི་ན་བུན་བཞིན།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། བཀྲ་ཤིས་གཡང་ཆགས་ཁྱིམ་དང་བང་མཛོད་ལ།། གསེར་དངུལ་གོས་དར་ནོར་དང་འབྲུ་ཡི་ཚོགས།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། བཙན་ཞིང་ཡངས་པའི་ཕྱུགས་སླས་ར་བ་རུ།། གནག་ལུག་རྟ་མཛོ་ས་ཡི་དྲེགས་པ་བཞིན།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།།བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། ཞི་དུལ་བཟང་པོའི་རང་བཞིན་འོ་མའི་མཚོར།། མཐུན་པའི་གཉེན་བཤེས་གཡོག་འཁོར་ངང་པའི་རྒྱུན།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། (དགོན་སྡེ་ཁག་ལ་གསུང་ཚེ། འདི་ལྟར།) བཤད་སྒྲུབ་རབ་རྒྱས་དཔག་བསམ་སྡོང་པོ་ལ།། རིག་གྲོལ་དགེ་འདུན་གྲངས་མེད་མེ་ཏོག་བཀྲ།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། (གཞན་རྣམས་ལ།) ཆོ་རིགས་གཙང་མའི་དཔག་བསམ་སྡོང་པོ་ལ།། ཡ་རབས་མཛངས་པའི་རིགས་བརྒྱུད་མེ་ཏོག་བཀྲ།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། སྒོ་གསུམ་ལེགས་བྱས་རྣམ་དཀར་སྤྲིན་གྱི་ཀློང་།། མ་རྨད་གྲགས་སྙན་གཡས་འཁྱིལ་འབྲུག་སྒྲ་བརྒྱ།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། མཆོད་སྦྱིན་དགེ་ཚོགས་གཞོན་ནུའི་ལང་ཚོ་ལ།། འདོད་པའི་ཡོན་ཏན་རྣམ་ལྔའི་རྒྱན་ཕྲེང་ཚོགས།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། ལྷ་ཡི་བདེ་སྐྱིད་ཚེ་དང་ཀླུའི་འབྱོར་པ།། མི་ཡི་ཆོས་དང་སྲིད་ཀྱི་ཕུན་ཚོགས་ཀུན།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། མོས་གུས་བརྟན་པོས་ཡིད་ཀྱི་གཤོང་བུ་ལ།། མཆོག་གསུམ་ཐུགས་རྗེ་བྱིན་རླབས་ཆར་གྱི་རྒྱུན།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། དད་བརྩོན་བློ་གྲོས་རྒྱལ་མཚན་རྩེ་མོ་ལ།། རིགས་གསུམ་མཁྱེན་བརྩེ་ནུས་པའི་བསམ་འཕེལ་ནོར་།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་བར་མཛོད།། བདེན་ཚིག་འགྲུབ་པའི་ལེགས་བྱས་ནོར་འཛིན་གཞིར།། བཀྲ་ཤིས་རྟགས་རྫས་རྟེན་འབྲེལ་མེ་ཏོག་ཆར།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་ལ།། ཐོས་བསམ་བསྒོམ་གསུམ་ལེགས་སྨིན་སྙེ་མའི་ཚོགས།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། རྩེ་གཅིག་ཏིང་འཛིན་བསྒོམ་པའི་ནམ་མཁའ་ལ།། ཉམས་དང་རྟོགས་པའི་ཉི་ཟླ་སྐར་མའི་ཚོགས།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། དྲི་མེད་ཤེས་རབ་ནོར་བུའི་མེ་ལོང་ངོས། །ཆོས་ཚུལ་རབ་འབྱམས་དགོངས་དོན་སྣང་བརྙན་འབུམ།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། མང་ཐོས་ཚུལ་བཞིན་སྒྲུབ་པའི་གངས་རི་ལ།། མཁས་དང་གྲུབ་པའི་རྩལ་རྫོགས་གདོང་ལྔ་པ།། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། ལུང་རྟོགས་བསྟན་པ་ནོར་བུའི་བ་གམ་རྩེར།། དོན་གཉིས་ལྷུན་གྲུབ་ཐར་པའི་རྒྱལ་མཚན་མཆོག། ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།། བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད།། མདོར་ན་ནོར་བདག་མཁའ་འགྲོའི་ཚོགས་བཅས་ཀྱིས།། སྲིད་ཞིའི་ཁམས་ན་ཇི་སྙེད་མཆིས་པ་ཡི།། རྒྱུ་ཡི་དགེ་ཚོགས་མཐའ་དང་དཔལ་དུ་ཁུག། འབྲས་བུ་བདེ་འབྱོར་ཐམས་ཅད་གཡང་དུ་ལོངས།། ས་ལ་གཡང་ཆགས་རྩི་བཅུད་ལོ་འབྲས་སྨིན།། ཡུལ་ལ་གཡང་ཆགས་ནད་མུག་འཁྲུག་རྩོད་ཞི།། མི་ལ་གཡང་ཆགས་ཚེ་བསོད་ཆོས་འབྱོར་རྒྱས།། ཕུན་ཚོགས་བཀྲ་ཤིས་རྒྱ་མཚོས་གང་གྱུར་ཅིག། (དེ་ནས།) འཕགས་པ་ཛམྦྷ་ལ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། (ལན་གསུམ།) འདོད་རྒུ་འབྱོར་པ་དབྱར་གྱི་མཚོ་ལྟར་འཕེལ།། (ཞེས་སོགས་བརྗོད།)
(གཏང་རག་བྱ་བ་ནི། མཆོད་པ་བསངས་སྦྱངས།) སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་པུཥྤེ་ཨཱཿཧཱུཾ། ཨོཾ་དཱུ་པེ་ཨཱཿཧཱུཾ། ཨོཾ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་ནཻ་ཝི་དྱ་ཨཱཿཧཱུཾ། ཨོཾ་ཤཔྟ་ཨཱཿཧཱུཾ། (ཅེས་བྱིན་གྱིས་བརླབས།) ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ། (ནས།) ཤཔྟ(འིབར་གྱིས་མཆོད།) ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས།། རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང་།། འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབ་མཛད་པ།། དཔལ་ལྡན་ཛམྦྷ་ལ་ལ་ཕྱག་འཚལ་ལོ།། (ཞེས་བས་བསྟོད།)
(སྨོན་ལམ་ནི།) དགེ་འདིས་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང་།། གནས་སྐབས་དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་།། རིང་མིན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས།། མངོན་དུ་བྱས་ནས་འགྲོ་རྣམས་སྒྲོལ་བར་ཤོག། (ཡིག་བརྒྱ་བཟླ། བཟོད་གསོལ་ནི།) གང་ཡང་བདག་བློ་རྨོངས་པ་ཡི།། (ཞེས་པ་ནས།) བཟོད་པར་མཛོད།། མ་རྙེད་ཡོངས་སུ་མ་ཤེས་དང༌།། གང་ཡང་ནུས་པ་མ་མཆིས་པས།། འདིར་ནི་བྱ་བ་གང་མཆིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས།། (ལྷག་ཆད་ཀྱི་ཉེས་པ་བསྒང་བ་ནི།) ལྷག་པ་དང་ནི་ཆད་པ་དང༌།། ཆོ་གའི་ཡན་ལག་ཉམས་པ་དང་།། བདག་གི་བརྗེད་ངེས་ཅི་མཆིས་པའི།། དེ་ཡང་བཟོད་པ་མཛད་དུ་གསོལ།།
(བུམ་སྒྲུབ་སྐབས་བརྟན་བཞུགས་ནི།) ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར་། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ།། འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌།། ཡོན་གྱི་བདག་པོའི་དོན་སླད་དུ།། བདག་གི་འབྱོར་པ་ཉིད་ཀྱི་ནི།། ཅི་འབྱོར་པ་ཡི་མཆོད་པ་དང་།། མེ་ཏོག་ལ་སོགས་འདི་བཞེས་ཤིག། བདག་དང་སློབ་མར་བཅས་རྣམས་ལ།། རྗེས་སུ་བརྩེ་བས་ཉེར་དགོངས་ནས།། ཀུན་གྱིས་འདི་ལ་བྱིན་རློབ་ཅིང་།། དེ་ཉིད་དུ་ནི་བཞུགས་པར་རིགས།། (ཞེས་དང་།) མགོན་པོ་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་བཅོམ་ལྡན་འདས་གཏེར་གྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས། སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གྱི་མཛོད་འདི་རྣམས་སུ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟད་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོའི་ལོངས་སྤྱོད་ལ་དབང་འབྱོར་པར་མ་གྱུར་གྱི་བར་དེ་སྲིད་དུ་བརྟན་པར་བཞུགས་ནས་དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བྱིན་གྱིས་རློབས་ལ། ཟས་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། (ཞེས་པའི་བར་ལན་གསུམ།) བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར།། རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག། ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས།། རྒྱལ་སྲས་རིགས་འཛིན་ཚོགས་རྣམས་འཕེལ་དར་ཞིང་།། ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས།། ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་།། བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས།། བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ།། ཇི་སྲིད་མེ་དང་ཆུ་དང་ནི།། རླུང་གིས་བསྐལ་པ་འཇིག་བར་དུ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད།། མགོན་པོ་བསྐལ་པ་ཇི་བཞིན་དུ།། སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ།། དེས་ནི་འགྲོ་བའི་དོན་ཀུན་མཛོད།། (ཅེས་བརྟན་བཞུགས་བྱ། ཁྱད་པར་ནི། ཀརྨ་ཌཱ་ཀི་ལ།) ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀརྨ་ཌཱ་ཀི་མ་ཁྱེད། སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ཏེ་འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གྱི་མཛོད་དེ་རྣམས་སུ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟད་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོའི་ལོངས་སྤྱོད་ལ་དབང་འབྱོར་པར་མ་གྱུར་གྱི་བར་དེ་སྲིད་དུ་བརྟན་པར་བཞུགས་ནས། དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བྱིན་གྱིས་རློབས་ལ། ཟས་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཞིང་། ཁྱད་པར་དུ་ཡུལ་མི་ཐམས་ཅད་དབང་དུ་འདུས་ཏེ། ཟས་ནོར་མཐའ་དག་ཆར་བཞིན་དུ་འབེབས་པར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། (པདྨ་ཌཱ་ཀི་ལ།) ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་པདྨ་ཌཱ་ཀི་མ་ཁྱེད། སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ། འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གྱི་མཛོད་དེ་རྣམས་སུ་ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟད་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོའི་ལོངས་སྤྱོད་ལ་དབང་འབྱོར་པར་མ་གྱུར་གྱི་བར་དེ་སྲིད་དུ་བརྟན་པར་བཞུགས་ནས་དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེར་བར་དགོངས་ཏེ་བྱིན་གྱིས་རློབས་ལ། ཟས་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཞིང་། ཁྱད་པར་དུ་རོལ་མཚོ་བདུན་ལ་སོགས་པ་ལ་གནས་པའི་ཀླུ་རྒྱལ་རྣམས་དང་ཡུལ་ཕྱོགས་འདིའི་ཀླུ་རྒྱལ་གྱིས་མཚོན། འོག་ཀླུའི་འཇིག་རྟེན་ཐམས་ཅད་དབང་དུ་འདུས་པའི་དངོས་གྲུབ་གཏེར་དུ་བཞུགས་པར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། (ཞེས་དང༌། རྡོ་རྗེ་ཌཱ་ཀི་ལ།) ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་བཛྲ་ཌཱ་ཀི་མ་ཁྱེད། སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ཏེ་འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གྱི་མཛོད་དེ་རྣམས་སུ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟད་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོའི་ལོངས་སྤྱོད་ལ་དབང་འབྱོར་པར་མ་གྱུར་གྱི་བར་དེ་སྲིད་དུ་བརྟན་པར་བཞུགས་ནས། དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེར་བར་དགོངས་ཏེ་བྱིན་གྱིས་རློབས་ལ། ཟས་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཞིང་། ཁྱད་པར་དུ་སྟེང་ལྷའི་འཇིག་རྟེན་དང་གནས་འདི་མཐོང་ཚད་ཐམས་ཅད་དབང་དུ་འདུ་བར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། (ཞེས་དང་། རིན་ཆེན་ཌཱ་ཀི་ལ།) ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་རཏྣ་ཌཱ་ཀི་མ་ཁྱེད། སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ཏེ་འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གྱི་མཛོད་དེ་རྣམས་སུ་ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟད་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོའི་ལོངས་སྤྱོད་ལ་དབང་འབྱོར་པར་མ་གྱུར་གྱི་བར་དེ་སྲིད་དུ་བརྟན་པར་བཞུགས་ནས། དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེར་བར་དགོངས་ཏེ་བྱིན་གྱིས་རློབས་ལ། ཟས་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཞིང་། ཁྱད་པར་དུ་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་ཀྱི་འབྱོར་པ་རྒྱུན་མི་འཆད་པར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།
(བཀྲ་ཤིས་ནི།) བྱིན་རླབས་ངེད་ལྡན་རྩ་བརྒྱུད་བླ་མ་དང་།། དངོས་གྲུབ་ཆར་འབེབས་འཕགས་མཆོག་ཛམྦྷ་ལ།། འཕྲིན་ལས་ཀུན་སྒྲུབ་ནོར་བདག་སྲུང་མ་ཡིས།། དུས་རྣམས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག།
(ཅེས་འཕགས་པ་ཛམ་བྷ་ལྷ་དཀར་པོ་མཆོད་གཏོར་གཡང་འབོད་བཅས་ཀྱི་འདོན་ཆོག་ནག་འགྲོས་སུ་བཀོད་བ་འདི་བཞིན། ྋསྐྱབས་རྗེ་ཟོང་སྤྲུབ་རྡོ་རྗེ་འཆང་ཆེན་པོས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུངས་པར་གྲགས་པའི་གསུང་སོར་བཞག་ལ། ཐུའུ་ཀན་བློ་བཟང་ཆོས་ཀྱི་ཉི་མའི་ནོར་སྒྲུབ་ཡིད་བཞིན་ནོར་བུའི་བང་མཛོད་ནས་ཛམ་དཀར་གྱི་ཆུ་སྦྱིན་དང་། ཁྲི་ཆེན་གུང་ཐང་བསྟན་པའི་སྒྲོན་མེས་ཟུར་འདེབས་གསེར་གྱི་ལྡེ་མིག་ནས་མཇུག་གི་བརྟན་བཞུགས་བཅས་གསར་དུ་སྣོན་ཏེ། ཐུའུ་ཀན་གྱི་ནོར་སྒྲུབ་ཡིད་བཞིན་ནོར་བུའི་བང་མཛོད་ཀྱི་དགོངས་པ་དང་མཐུན་པར་དམ་པའི་ཕྱག་ལེན་བཞིན་ནག་པོ་འགྲོས་ཤེས་སུ་བཀོད་པ་ཡིན་འདུག་པས་ཡིད་ཆེས་པའི་གནས་སུ་ཟུངས་ཤིག། འདིའི་བཅའ་ཤོམ་སོགས་ཐུའུ་བཀྭན་གྱི་གསུང་ནོར་སྒྲུབ་ཡིད་བཞིན་ནོར་བུའི་སོགས་ལས་ཤེས་བར་བྱའོ།།)
སྨྲས་པ། སྙིང་ནས་ཆོས་བཞིན་སྒྲུབ་པའི་སྐྱེ་བོ་ལ།། སྲིད་ཞིའི་དཔལ་འབྱོར་དབང་དུ་མི་འདུ་མེད།། འོན་ཀྱང་དུས་ཀྱི་ཡང་སྙིགས་ཐ་མ་འདིར།། ཚུལ་དེ་སྒྲུབ་པའི་སྐྱེ་བོ་ཉིན་སྐར་ཙམ།། དེ་ཕྱིར་སྔོན་བསགས་ལས་ངན་རླུང་འཁྲུགས་ཀྱིས།། འདི་སྣང་སྲིད་འབྱོར་ན་བུན་བཞིན་གཏོར་ནས།། རྒུད་པའི་ཐན་ཆེན་གྱིས་གདུངས་འགྲོ་བ་ལ།། དངོས་གྲུབ་ཆར་འབེབས་ཛམ་ལྷ་ལས་ལྷག་མེད།། གང་དེའི་མན་ངག་བསིལ་སྦྱིན་དཀྱིལ་འཁོར་གཟུགས།། བློས་བྱས་འཁྱོགས་པོའི་རྭ་རིས་ཀྱིས་བསླད་པ།། སླར་ཡང་གྲོང་ཚིག་ལྷུག་པའི་རྫིང་བུ་རུ།། ཤར་བའི་བློ་ལྡན་སུ་ཞིག་དགའ་བ་བསྐྱེད།། དེ་བས་མན་ངག་རིན་ཆེན་ལྡེ་མིག་གིས།། སྨུགས་འཛིན་འབྱོར་པའི་བང་མཛོད་ཁ་ཕྱེ་ནས།། གཏན་པ་མེད་པའི་མཆོད་སྦྱིན་འདི་འགྱེད་པས།། ཕོངས་པའི་སྐྱེ་བོ་མཐའ་དག་དགའ་བ་གྱིས།། འདིར་འབད་བསོད་ནམས་མ་དྲོས་ཀླུ་དབང་བཞིན།། སྲིད་ཞིའི་དཔལ་འབྱོར་ཀུན་གྱི་བྱེད་པོ་དེས།། འགྲོ་བའི་རྒུད་པ་མ་ལུས་དྲུང་ཕྱུངས་ནས།། བདེ་ལེགས་འབྲས་བུ་སྣོད་བཅུད་འགེངས་པར་ཤོག། །། (སྨོན་ཚིག་འདི་བཞིན་ཕུའུ་ཀན་བློ་བཟང་ཆོས་ཀྱི་ཉི་མས་གསུངས་སོ།།)
No comments:
Post a Comment