༄༅།།མཁྱེན་གསུམ་གྱི་རྣམ་པའི་མདོ་མཚམས་ཕྱེ་ཞིང་རྣམ་པ་སོ་སོ་དང་སྦྱར་བའི་བརྗེད་བྱང་བློ་གསར་རེ་སྐོང་ཞེས་བྱ་བ་བཞུགས་སོ།།
༄༅། །ནམོགུརུ། འདིར་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་མདོ་མཚམས་འབྱེད་པ་ནི་ཉི་ཁྲི་དག་བཏུགས་ཞེས་གྲགས་པ་ཉི་ཁྲི་ལེའུ་བརྒྱད་མར་དྲངས་པའི་མདོ་རྣམས་རིམ་པ་བཞིན་གསེར་ཕྲེང་ལས་མདོ་མཚམས་འབྱེད་ཚུལ་གསུངས་པ་ལྟར་དབྱེ་ཞིང་། རྣམ་པའི་མིང་འདོགས་རྣམས་ཕལ་ཆེར་འགྲེལ་ཆུང་དོན་གསལ་ལས་འབྱུང་བ་དང་སྦྱར་བར་བྱའོ།། སྤྱིར་རྣམ་པ་བསྟན་པའི་མདོ་ཚན་དགུ་བཅུ་རྩ་གསུམ་ཡོད་ལ། དེ་ཡང་གཞི་ཤེས་ལ་ཉེར་བདུན་དང་། ལམ་ཤེས་ལ་སོ་དྲུག །རྣམ་མཁྱེན་གྱི་རྣམ་པ་བསྟན་པ་ལ་མདོ་ཚན་སུམ་ཅུ་ཡོད་དོ།། དེ་ལྟར་ན་ལེགས་བཤད་གསེར་ཕྲེང་ལས།
དེ་ཡང་རྣམ་པ་ཉེར་བདུན་དང་སོ་དྲུག་ལ་དམ་བཅའ་དང་འཐད་པའི་མདོ་དེ་དག་དང་གྲངས་མཉམ་ཡོད་ལ།
ཞེས་གསུངས་པ་ལྟར། དང་པོ་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བསྟན་པའི་མདོ་མཚམས་ཕྱེ་ཚུལ་ལ། བདེན་པ་དང་པོ་གསུམ་ལ་མདོ་ཚན་བཞི་བཞི་དང་ལམ་བདེན་གྱི་རྣམ་པ་ལ་མདོ་ཚན་བཅོ་ལྔར་དབྱེ་ཞིང་རྣམ་པ་དང་སྦྱར་བར་བྱ་སྟེ།
- སྡུག་བསྔལ་བདེན་པའི་རྣམ་པ་བསྟན་པ་ལ། མེད་པའི་རྣམ་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ།། ཞེས་པས་བསྟན།
- མི་སྐྱེ་བའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མི་དམིགས་པར་མཉམ་པ་ཉིད་ཀྱི་ཕྱིར་རོ།།
- དབེན་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་དབེན་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ།།
- མི་བརྫི་བའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྫི་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། ཞེས་པ་སྟེ་བཞི་དང་།
- ཀུན་འབྱུང་བདེན་པའི་རྣམ་པ་ལ། གནས་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་། མིང་དང་ལུས་མེད་པའི་ཕྱིར་རོ།།
- ནམ་མཁའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབུགས་ཕྱི་ནང་དུ་རྒྱུ་བ་དམིགས་སུ་མེད་པའི་ཕྱིར་རོ།།
- བརྗོད་དུ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྗོད་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ།།
- མིང་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར་རོ།། ཞེས་པ་བཞི་དང་།
- འགྲོ་བ་མེད་པའི་རྣམ་པ་ནི། འགོག་བདེན་གྱི་རྣམ་པ་ལ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འགྲོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་འགྲོ་བ་མེད་པ་ཉིད་ཀྱི་ཕྱིར་རོ།།
- མི་འཕྲོགས་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་འཕྲོགས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར་རོ།།
- མི་ཟད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟད་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་བྱང་ཞིང་ཟད་པ་ཉིད་ཀྱི་ཕྱིར་རོ།།
- སྐྱེ་བ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྐྱེ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པ་བཞི་དང་།
- ལམ་བདེན་གྱི་རྣམ་པ་ལ། བྱེད་པ་པོ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱེད་པ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེད་པ་པོ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཤེས་པ་པོ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤེས་པ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་པོ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- འཕོ་བ་པོ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཕོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆི་འཕོ་བ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- འདུལ་བ་པོ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུལ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་འདུལ་བ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པ་སྟེ་ཉོན་སྒྲིབ་གཉེན་པོ་མཐོང་ལམ་ཟག་མེད་བཞི་དང་།
- རྨི་ལམ་ལྟར་ངོ་བོ་ཉིད་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྨི་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྨི་ལམ་མཐོང་བ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྒྲ་བརྙན་ལྟར་མ་སྐྱེས་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྒྲ་བརྙན་གྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲར་བརྗོད་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- མིག་ཡོར་ལྟར་མ་འགགས་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིག་ཡོར་གྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་དང་གཟུགས་བརྙན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྨིག་རྒྱུ་ལྟར་གཟོད་མ་ནས་ཞི་བའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྨིག་རྒྱུའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་འབབ་པ་དམིགས་སུ་མེད་པའི་ཕྱིར་རོ།།
- སྒྱུ་མ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྒྱུ་མའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་མ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པ་སྟེ་ཤེས་སྒྲིབ་སྤྱིའི་གཉེན་པོ་སྒོམ་ལམ་ཟག་བཅས་ལྔ་དང་།
- ཀུན་ནས་ཉོན་མོངས་པ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ནས་ཉོན་མོངས་པའི་རང་བཞིན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- རྣམ་པར་བྱང་བ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་བྱང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་མོངས་པ་ཅན་གྱི་སེམས་ཅན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- གོས་པ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གོས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྤྲོས་པ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྤྲོས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ།།
- རློམ་པ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རློམ་སེམས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ།།
- མི་གཡོ་བའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ།། ཞེས་པ་སྟེ་ཤེས་སྒྲིབ་སོ་སོབའི་གཉེན་པོ་སྒོམ་ལམ་ཟག་མེད་དྲུག་དང་བཅས། ལམ་བདེན་གྱི་རྣམ་པ་བཅོ་ལྔ་བསྟན་ཏོ།།
གཉིས་པ་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་བསྟན་པའི་མདོ་ཚན་སོ་དྲུག་བསྟན་པའི་མདོ་མཚམས་ཕྱེ་ཚུལ་ལ། ཀུན་འབྱུང་སྤང་གཉེན་གྱི་སྒོ་ནས་བསྟན་པའི་མདོ་ཚན་བརྒྱད་དང་། ལམ་བདེན་དམ་བཅའ་འཐད་པའི་སྒོ་ནས་བསྟན་པའི་མདོ་ཚན་བདུན། སྡུག་བདེན་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བསྟན་པའི་མདོ་ཚན་ལྔ། འགོག་བདེན་སྟོང་ཉིད་དམ་ཕན་ཡོན་གྱི་སྒོ་ནས་བསྟན་པའི་མདོ་ཚན་བཅུ་དྲུག་རྣམས་སུ་དབྱེ་ཞིང་རྣམ་པ་དང་སྦྱར་བར་བྱ་སྟེ།
- ཀུན་འབྱུང་བདེན་པའི་རྣམ་པ་ལ། ཡུལ་ལ་སྲེད་པའི་འདུན་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་པ་དང་།
- མི་འབྲལ་སྲེད་པའི་འདོད་ཆགས་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གནས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཡང་སྲིད་ལ་དགའ་བའི་སྲེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞི་བའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་རོ།།
- འདོད་ཆགས་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་ཆགས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདོད་ཆགས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཞེ་སྡང་གི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེ་སྡང་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེ་སྡང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།།
- གཏི་མུག་གི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏི་མུག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཤེས་པའི་མུན་པ་ཐམས་ཅད་སེལ་བ་ཉིད་ཀྱི་ཕྱིར་རོ།།
- ཀུན་ཏུ་རྟོག་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོངས་སུ་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སེམས་ཅན་དུ་མངོན་པར་ཞེན་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སེམས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ཏོ།། དེ་དག་ཀྱང་རིམ་པ་བཞིན་རྒྱུའི་རྣམ་པ་གསུམ་དང་། ཀུན་འབྱུང་གི་གསུམ། རབ་སྐྱེའི་གཅིག །རྐྱེན་གྱི་རྣམ་པ་གཅིག་གོ།
- ལམ་བདེན་གྱི་རྣམ་པ་ལ། ཚད་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན།
- མཐའ་གཉིས་དང་མ་འབྲེལ་བའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་གཉིས་སུ་མི་འགྱུར་བའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཐ་མི་དད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐ་མི་དད་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- མཆོག་ཏུ་འཛིན་པ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཆོག་ཏུ་འཛིན་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ།།
- རྣམ་པར་མི་རྟོག་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་རྟོག་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་རྟོག་པ་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- གཞལ་དུ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞལ་བྱ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཆགས་པ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆགས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དང་མཉམ་པ་ཉིད་ཀྱི་ཕྱིར་རོ།། དེ་དག་ཀྱང་ལམ་གྱི་རྣམ་པ་གཉིས་དང་། རིགས་པའི་གསུམ། སྒྲུབ་པའི་གསུམ། ངེས་འབྱིན་གྱི་རྣམ་པ་གཅིག་གོ།
- སྡུག་བསྔལ་གྱི་བདེན་པའི་རྣམ་པ་ལ། མི་རྟག་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་རྟག་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་འཇིག་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྡུག་བསྔལ་བའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྡུག་བསྔལ་གྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ལྷག་པར་ཆགས་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྟོང་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- བདག་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- མཚན་ཉིད་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ཉིད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ཏོ།། རྣམ་པ་དེ་དག་ལས་དང་པོ་བཞི་རང་གི་མཚན་ཉིད་དང་། ཐ་མ་ནི་སྤྱིའི་མཚན་ཉིད་དོ།།
- འགོག་བདེན་གྱི་རྣམ་པ་ལ། ནང་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་གི་ཆོས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན།
- ཕྱི་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕྱི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱིའི་ཆོས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཕྱི་ནང་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་ནང་གི་ཆོས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཆེན་པོ་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེན་པོ་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- འདུས་བྱས་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུས་བྱས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- འདུས་མ་བྱས་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་དབེན་པ་ཉིད་ཀྱི་ཕྱིར་རོ།།
- མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་དམིགས་པ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་ལ་དུས་གསུམ་པོ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ཏོ།། རྣམ་པ་དེ་དག་ཀྱང་འགོག་པའི་རྣམ་པ་གསུམ་དང་། ཞི་བའི་བརྒྱད། གྱ་ནོམ་གྱི་གཅིག། ངེས་འབྱུང་གི་རྣམ་པ་བཞིའོ།།
གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་བསྟན་པའི་མདོ་ཚན་སུམ་ཅུ་ལས། ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བདུན་བསྟན་པའི་མདོ་ཚན་བདུན། བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བཞི་བསྟན་པའི་མདོ་ཚན་བཅུ་དྲུག །ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་དགུ་བསྟན་པའི་མདོ་ཚན་བདུན་རྣམས་སུ་དབྱའོ།། དང་པོ་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བདུན་བསྟན་པའི་མདོ་མཚམས་ཕྱེ་ཚུལ་ལ། གསེར་ཕྲེང་ལས།
རྣམ་མཁྱེན་གྱི་རྣམ་པ་སོ་བདུན་ལ་སྡེ་ཚན་བདུན་པོ་རེ་རེ་ལ་རེ་རེ་སྟེ་མདོ་བདུན་དང༌།
ཞེས་གསུངས་པ་ལྟར་མདོ་ཚན་བདུན་རྣམ་པ་དང་སྦྱར་བ་ནི།
- ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེར་གཞག་གི་རྣམ་པ་བཞི་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན།
- མི་དགེ་བ་སྐྱེས་པ་སྤོང་བ་དང༌། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ་དང༌། དགེ་བ་མ་སྐྱེས་པ་བསྐྱེད་པ་དང་། དགེ་བ་སྐྱེས་པ་སྤེལ་བའི་ཡང་དག་སྤོང་བའི་རྣམ་པ་བཞི་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡང་དག་པར་སྤོང་བའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བ་དང་མི་དགེ་བའི་ཆོས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་བཞི་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོའི་རྣམ་པ་ལྔ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དབང་པོའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དད་པ་ལ་སོགས་པ་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྟོབས་ཀྱི་རྣམ་པ་ལྔ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་ལྔ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་བདུན་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་ཀྱི་ཡན་ལག་བདུན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་བརྒྱད་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ཏོ།།
གཉིས་པ་བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བཞིའི་མདོ་མཚམས་ཕྱེ་ཚུལ་ལ། གསེར་ཕྲེང་ལས།
སོ་བཞི་ལ། རྣམ་ཐར་བརྒྱད་ལ་གཅིག །སྙོམས་འཇུག་དགུ་ལ་གཅིག །སྤོང་ལམ་ལ་གཅིག །གཞན་བཅུ་གསུམ་ལ་རེ་རེ་སྟེ་བཅུ་དྲུག་དང༌།
ཞེས་གསུངས་པ་ལྟར་མདོ་ཚན་བཅུ་དྲུག་རྣམ་པ་དང་སྦྱར་བ་ནི།
- རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟ་བས་བྱས་པའི་རྣམ་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་པ་དང་།
- རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་མ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་རྟོག་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྨོན་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ཏེ། འདི་གསུམ་ནི་གཉེན་པོའི་ལམ་མོ།།
- གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང་། གཟུགས་ཅན་མ་ཡིན་པས་གཟུགས་ལ་ལྟ་བའི་རྣམ་ཐར་དང་། སྡུག་པའི་རྣམ་ཐར་དང་། གཟུགས་མེད་ཀྱི་རྣ་ཐར་བཞི་དང་། འགོག་པའི་རྣམ་ཐར་ཏེ་རྣམ་པ་ཐར་པ་བརྒྱད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཐར་པ་བརྒྱད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ལ། དང་པོ་གསུམ་སྤྲུལ་ལམ་དང་། ཕྱི་མ་ལྔ་མཐོང་ཆོས་བདེར་གནས་ཀྱི་ལམ་མོ།།
- བསམ་གཏན་བཞི་དང་། གཟུགས་མེད་བཞི་་དང་། འགོག་པའི་སྙོམས་འཇུག་སྟེ་མཐར་གནས་སྙོམས་གནས་སྙོམས་འཇུག་དགུའི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན། འདི་དག་ནིའཇིག་རྟེན་ལས་འདས་པའི་ལམ་མོ།།
- བདེན་པ་བཞིས་བསྡུས་པའི་ཆོས་བཟོད་བར་ཆད་མེད་ལམ་བཞིའི་རྣམ་པ་བཞི་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདེན་པ་བཞིའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་ལམ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ཏེ། འདི་བཞི་ནི་སྤོང་བའི་ལམ་མོ།།
- སྦྱིན་པའི་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེར་སྣ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན།
- ཚུལ་ཁྲིམས་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་འཆལ་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- བཟིད་པའི་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནོད་སེམས་དམིགས་སུ་མ་མཆིས་པ་ཉིད་ཀྱི་ཕྱིར་རོ།།
- བརྩོན་འགྲུས་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེ་ལོ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- བསམ་གཏན་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་གཡེང་བ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཤེས་རབ་ཕར་ཕྱིན་གྱི་རྣམ་པ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆལ་བའི་ཤེས་རབ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཐབས་ཀྱི་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐབས་མ་ཡིན་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྨོན་ལམ་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་མ་ཡིན་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- སྟོབས་ཀྱི་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་ཆུང་བ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཡེ་ཤེས་ཕར་ཕྱིན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཤེས་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་ཏེ། འདི་བཅུ་ནི་སངས་རྒྱས་ཉིད་ཀྱི་ལམ་མོ།།
གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་དགུའི་མདོ་མཚམས་ཕྱེ་ཚུལ་ལ། གསེར་ཕྲེང་ལས།
སོ་དགུ་ལ། ཐ་མ་གསུམ་ལ་རེ་རེ། གཞན་སྡེ་ཚན་བཞི་ལ་རེ་རེ་སྟེ་མདོ་བདུན་ཡོད་དོ།།
ཞེས་གསུངས་པ་ལྟར་མདོ་ཚན་བདུན་རྣམ་པ་དང་སྦྱར་བ་ནི།
- དེ་བཞིན་གཤེགས་པའི་སྟོབས་བཅུ་པོ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་དང༌། མོས་པ་སྣ་ཚོགས་དང༌། འཇིག་རྟེན་གྱི་ཁམས་དུ་མ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་དང༌། ཀུན་ནས་ཉོན་མོངས་པ་དང༌རྣམ་པར་བྱང་བ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང༌སྐྱེ་བ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན་པ་དང་།
- རྟོགས་པ་མཐར་ཐུག་དམ་བཅས་པ་ལ་མི་འཇིགས་པ་དང་། བར་ཆད་དམ་བཅས་པ་ལ་མི་འཇིགས་པ་དང་། ངེས་འབྱུང་དམ་བཅས་པ་ལ་མི་འཇིགས་པ་དང་། སྤངས་པ་མཐར་ཐུག་དམ་བཅས་པ་ལ་མི་འཇིགས་པ་སྟེ། མི་འཇིགས་པའི་རྣམ་པ་བཞི་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཞུམ་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- ཆོས་དང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞི་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ལ་ཡེ་ཤེས་ཆགས་པ་མེད་པ་དང་ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ།།
- འཁྲུལ་པ་དང༌། ཅ་ཅོ་དང༌། དྲན་པ་ཉམས་པ་དང༌། ཐུགས་མཉམ་པར་མ་བཞག་པ་དང༌། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པ་མ་འདྲེས་པ་དྲུག་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་སྟེ་རྟོགས་པ་མ་འདྲེས་པ་དྲུག་དང༌། སྐུ་དང་། གསུང་ དང་། ཐུགས་ཀྱི་ཕྲིན་ལས་སྟེ་འཕྲིན་ལས་མ་འདྲེས་པ་གསུམ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་སྟེ་་ཡེ་ཤེས་མ་འདྲེས་པ་གསུམ་བཅས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རོ།། ཞེས་པས་བསྟན།
- དེ་བཞིན་ཉིད་རྣམ་མཁྱེན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དེ་བཞིན་ཉིད་ཀྱི་ཕྱིར་རོ།།
- རང་བྱུང་གི་རྣམ་མཁྱེན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ཀྱི་ཕྱིར་རོ།།
- སངས་རྒྱས་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ།། ཞེས་པས་བསྟན་ཏོ།།
དེ་ལྟར་མཁྱེན་གསུམ་གྱི་རྣམ་པའི་མདོའི་མཚམས་ཕྱེ་ཞིང་། དེ་དང་རྣམ་པ་སོ་སོར་སྦྱར་བའི་བརྗེད་བྱང་བློ་གསར་རེ་སྐོང་ཞེས་བྱ་བ་འདི་ནི་ཤྲཱི་མིང་པས་རང་གི་བརྗེད་བྱང་དང་དོན་གཉེར་ཅན་འགའ་རེ་ལ་ཕན་པའི་བསམ་པས་ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༢༠ ཉིན་བསྒྲིགས་པའོ།། མངྒལཾ།། །།
No comments:
Post a Comment