Friday, March 19, 2021

གཞི་ཤེས་པ་ཡི་བྱེ་བྲག་རྣམས།། ཞེས་སོགས་ཀྱི་གཞུང་དོན་་ལ་དཔྱད་པ།


 ༄༅། །ནམོགུརུ། གསེར་ཕྲེད་དུ། གཞི་ཤེས་པ་ཡི་བྱེ་བྲག་རྣམས།། ཞེས་སོགས་ཀྱི་གཞུང་དོན་གཞན་དག་གི་འགྲེལ་ཚུལ་དང་། དེ་དག་གསེར་ཕྲེང་རང་ལུགས་ལྟར་འགོག་ཚུལ་ཇི་ལྟར་ཡིན་ཞེ་ན། 

དེ་ལ་དང་པོ་ཤཱནྟི་འདོད་པ་ནི། གཞི་ནི་བདེན་པ་བཞི་དང་སོགས་ཀྱིས་བསྡུས་པ་སྟོང་པ་ཉིད་དང་། རྣམ་པ་ནི། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ཡིན་ཏེ། དེ་དག་རྟོགས་པས་བདེན་བཞི་རྟོགས་པར་འཇོག་པའི་ཕྱིར། མཚན་ཉིད་ཅེས་པ་ནི་མིང་གི་དོན་ཡིན་ལ། མིང་དེ་ལ་ཡང་གཞི་ཤེས་ཀྱི་རྣམ་པ་དང་། ལམ་ཤེས་ཀྱི་རྣམ་པ། རྣམ་མཁྱེན་གྱི་རྣམ་པ་ཞེས་བྱ་བ་གསུམ་ཡོད་དེ། མཁྱེན་པའི་རིགས་དེ་ལ་གཞི་ཤེས་ལམ་ཤེས་རྣམ་མཁྱེན་གསུམ་ཡོད་པའི་ཕྱིར། ཞེས་པ་སྟེ། དེ་ཡང་། གཞི་ཡི་ཡེ་ཤེས་བྱེ་བྲག་ནི།།རྣམ་པ་ཞེས་བྱ་མཚན་ཉིད་དེ།། ཀུན་མཁྱེན་པ་དག་རྣམ་གསུམ་ཕྱིར།།དེ་ཡང་རྣམ་པ་གསུམ་དུ་འདོད།། ཞེས་པ་རྩ་ཚིག་ཏུ་བྱས་ནས་ཚིག་དོན་བཤད་པར་མཛད་དེ། ཀུན་མཁྱེན་གསུམ་རྒྱུ་མཚན་དུ་བཀོད་པའི་ཕྱིར། དེ་ཉིད་རྣམ་པར་བྱས་ན་མི་རིགས་པར་དགོངས་ནས་དེ་གསུམ་གྱི་ཡུལ་ལམ་དོན་གྱི་རྣམ་པ་དེ་སྐབས་འདིའི་རྣམ་པ་ལ་བཞག་པ་འདྲའོ།། དེ་ལྟར་ཡང་དག་ལྡན་ལས། 

ད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་པ་དེ་བས་ན། གཞི་ཡི་ཡེ་ཤེས་བྱེ་བྲག་ནི། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་བྱ་བ་གསུངས་ཏེ། གཞི་ནི་དམིགས་པ་སྟེ། བདེན་པ་བཞི་ལ་སོགས་པའོ། །དེའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ། རྣམ་པ་གང་དག་གིས་དེ་ཡོངས་སུ་ཤེས་པར་བྱ་བ་དེ་དག་རྣམ་པ་ཞེས་བྱའོ། །མཚན་ཉིད་ནི་མིང་ངོ་། །ཀུན་མཁྱེན་པ་དག་རྣམ་གསུམ་ཕྱིར། །དེ་ཡང་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བ་ལ། ཀུན་མཁྱེན་པ་དག་ཅེས་བྱ་བ་ནི་རིགས་ཀྱི་མང་པོའི་ཚིག་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ།།

ཞེས་སོ།། 

རིགས་བྱིན་ཏེ་གསེར་གླིང་པའི་བཞེད་པ་ནི། སྐབས་དང་པོ་གསུམ་དུ་གསུངས་པའི་གཉེན་པོ་མ་ལུས་པ་ནི་གཞི་ཡིན་ལ། དེའི་ཡེ་ཤེས་ནི། གཉེན་པོ་དེ་རྣམས་བདེན་པའི་སྐྱེ་མེད་དུ་མཁྱེན་པ་ལ་འཇོག་གོ། ཡེ་ཤེས་ཀྱི་རྣམ་པ་ནི། གཉེན་པོ་མ་ལུས་པ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ།། དེ་རྣམས་ཀྱི་རྣམ་པ་ནི། བློ་དེ་ལ་གཉེན་པོ་དེ་དག་གི་ཆོས་ཉིད་སྣང་བའོ།། རྩ་ཚིག་ཏུ་གསུངས་པའི་མཚན་ཉིད་ཀྱི་གོ་དོན་ནི། རྣམ་ཀུན་མངོན་རྫོགས་སྤྱིའི་མཚན་ཉིད་ཅེས་འདོད་དེ། དེ་ཡང་འདིར་བཤད་པའི་ཡེ་ཤེས་ཀྱི་རྣམ་པ་དང་རྣམ་རྫོགས་སྦྱོར་བ་དོན་གཅིག་པར་འདོད་དེ། འགྲེལ་བཤད་རྟོགས་དཀའི་སྣང་བ་ལས། 

ཐམས་ཅད་མཁྱེན་པ་ཉིད་གསུམ། ཞེས་བྱ་བ་ལ་སོགས་པས་འབྲེལ་བ་བརྗོད་ནས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་མཛད་ནས། གཞི་དང་། ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ། སྐབས་གསུམ་དུ་གསུངས་པའི་གཉེན་པོ་མ་ལུས་པ་ནི་གཞི་སྟེ། དེ་རྣམས་ཀྱི་ཡེ་ཤེས་ཀྱི་རྣམ་པ་ནི་དེ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ།། དེ་རྣམས་ཀྱི་རྣམ་པ་གང་ཡིན་པ་ནི་སྣང་བའོ། །ཀུན་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་དང་ལམ་དང་གཞི་སྐྱེ་བ་མེད་པར་མཁྱེན་པས་ཡེ་ཤེས་ནི་རྣམ་གསུམ་ཕྱིར། ཞེས་བྱ་བ་དབྱེ་ན་རྣམ་པ་གསུམ་ཡོད་པས་དེ་ནི་རྣམ་པ་གསུམ་པོ་ཉིད་ཡིན་ལ། དེ་ལྟར་ཅི་རིགས་པའི་མཚན་ཉིད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྤྱིའི་མཚན་ཉིད་ཡིན་པར་འདོད་པར་ཤེས་པར་བྱའོ།།

ཞེས་སོགས་སོ།། 

འདི་གཉིས་དགག་པ་ལ། འདི་ནི་འཕགས་སེང་གི་དགོངས་པར་མི་སྣང་སྟེ། ཤཱནྟི་པས། མདོར་བསྟན་དུ་གཙོ་བོར་དོན་རྣམ་བསྟན་པར་འདོད་པ་གང་ཞིག །འཕགས་སེང་གཉིས་ཀྱིས་མདོར་བསྟན་དུ་ཤེས་རྣམ་གཙོ་བོ་དང་། རྒྱས་བཤད་དུ་ཤེས་རྣམ་གཙོ་བོར་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཉི་སྣང་ལས། 

དངོས་པོ་ལ་དམིགས་པ་ནི་གཞི་ཤེས་པའོ།། བྱེ་བྲག་ནི་མི་མཐུན་པའི་ཕྱོགས་གང་གི་གཉེན་པོའི་མཚན་ཉིད་གང་ཡིན་པ་སྟེ། དཔེར་ན་རྟག་པར་འཛིན་པ་ལ་མི་རྟག་པ་ལ་སོགས་པ་བཞིན་ནོ།། གཉེན་པོའི་ཕྱོགས་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པ་ཡིན་པས། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར།། དེ་ནི་རྣམ་པ་གསུམ་དུ་འདོད།། ཅེས་གསུངས་ཏེ། རྣམ་པ་ཞེས་བྱ་བའི་ཚིག་གོ། 

ཞེས་འདིར་གཉེན་པོའི་རྣམ་པ་ལ་གསལ་བར་གསུངས་ཞིང་།  འགྲེལ་ཆུང་ལས་ཀྱང་། 

གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་རྣམ་པ་ཉིད་དུ་རྣམ་པར་བཞག་པ་ནི་མཚན་ཉིད་དེ།    དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ནར་བཞེད་དོ།།

ཞེས་དང་། རྒྱན་སྣང་ལས་ཀྱང་། 

རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཤེས་པའི་བྱེ་བྲག་རྣམས་རྣམ་པ་ཉིད་དུ་རྣམ་པར་གཞག་པ་ནི་སྤྱིའི་མཚན་ཉིད་ཡིན་པར་ཤེས་པར་བྱ་སྟེ། 

ཞེས་སྒྲོ་འདོགས་བརྒྱ་བདུན་ཅུ་རྩ་གསུམ་གྱི་གཉེན་པོའི་ཡེ་ཤེས་རྣམས་མདོར་བསྟན་དངོས་བསྟན་གྱི་རྣམ་པ་ཡིན་པར་གསལ་བར་གསུངས་པའི་ཕྱིར། 

རྒྱས་བཤད་དུ་ནི་དོན་རྣམ་གཙོ་བོར་བསྟན་ཏེ། རྣམ་པ་རྒྱས་བཤད་ཀྱི་མཚམས་སྦྱོར་དུ་ཉི་སྣང་ལས། དེ་ལ་འཕགས་པའི་བདེན་པ་བཞི་རྟེན་དུ་བྱས་ཏེ།  ཐམས་ཅད་ཤེས་པ་ཉིད་གསུམ་གྱི་སྐབས་ཀྱི་བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་སྟོན་པས། 

ཞེས་དང་། རྒྱན་སྣང་ལས་ཀྱང་། 

དེ་ལ་འཕགས་པའི་བདེན་པ་རྟེན་དུ་བྱས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབང་དུ་བྱས་ནས་བདེན་པ་གང་ལ་རྣམ་པ་ཇི་སྙེད་པར་འགྱུར་བའི་རྣམ་པ་དེ་ཡོངས་སུ་སྟོན་པ་ལས།

ཞེས་བདེན་པ་སོ་སོའི་རྣམ་པ་ལ་གསལ་བར་གསུངས་པའི་ཕྱིར། དེ་ལྟར་ཡང་གསེར་ཕྲེང་ལས། 

འདིར་བསྟན་པའི་ཚུལ་ནི། མདོར་བསྟན་དུ་ཤེས་པའི་རྣམ་པ་དང་། རྒྱས་བཤད་དུ་དོན་གྱི་རྣམ་པ་གཙོ་བོར་བསྟན་ཏེ། ཉི་སྣང་ལས། དེ་ལ་འཕགས་པའི་བདེན་པ་བཞི་རྟེན་དུ་བྱས་ཏེ། ཐམས་ཅད་ཤེས་པ་ཉིད་གསུམ་གྱི་སྐབས་ཀྱི་བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་སྟོན་པས་སོ།། ཞེས་རྒྱས་བཤད་ཀྱི་མཚམས་སྦྱར་དུ་གསུངས་པས་སོ།། 

ཞེས་གསུངས་པའི་ཕྱིར། 

རིགས་བྱོན་གྱི་བཞེད་པ་འགོག་པ་ནི། སྤྱིར་ཤེས་རྣམ་བསྟན་པ་འགོག་པ་མིན་གྱི། ཤེས་རྣམ་གྱི་ངོས་འཛིན་དང་། དེ་དང་རྣམ་རྫོགས་སྦྱོར་བ་དོན་གཅིག་ཏུ་མཛད་པ་ལ་དགག་པ་མཛད་པ་ཡིན་ཏེ། གོང་དུ་དྲངས་པ་ལྟར་འཕགས་སེང་གཉིས་ཀྱིས་ནི། མི་རྟག་པ་རྟོགས་པའི་ཤེས་རབ་སོགས་སྒྲོ་འདོགས་བརྒྱ་བདུན་ཅུ་རྩ་གསུམ་གྱི་གཉེན་པོ་རྣམས་ཤེས་རྣམ་ལ་འཇོག་པ་གང་ཞིག །ཁྱོད་ཀྱིས་ནི་ཆོས་ཉིད་ཀྱི་རྣམ་ཅན་ཤ་སྟག་ཏུ་འདོད་པའི་ཕྱིར་དང་། རྣམ་རྫོགས་སྦྱོར་བའི་མཚན་ཉིད་དུ་འདོད་པ་དེས་ཀྱང་སྟོང་ཉིད་རྣམ་ཅན་དུ་འདོད་པར་སོང་བའི་ཕྱིར། དེར་ཐལ། གསེར་ཕྲེང་ལྟར་ན། རྣམ་རྫོགས་སྦྱོར་བ་ལ་སྟོང་ཉིད་རྟོགས་དགོས་པའི་ཕྱིར་ཏེ། དེ་ཉིད་ལས། 

བཞི་པ་རྣམ་ཀུན་མངོན་རྫོགས་རྟོགས་པ་ནི། མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར་དུ་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ།། དབྱེ་ན་སྦྱོར་བ་ཉི་ཤུའོ།། 

ཞེས་གསུངས་པའི་ཕྱིར། དགེའོ།།    །།

No comments:

Post a Comment