Monday, May 25, 2020

བྱམས་བརྩེའི་ཚིག་ཕྲེང་།

༄༅།   །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལས་བརྩམས་པའི་ཚིག་གི་ཕྲེང་བ་རྒྱལ་སྲས་དམ་པའི་སྤྱོད་པ་ཞེས་བྱ་བ་བཞུགས་སོ།།

(ཕྱི་ལོ་ ༢༠༡༤ ཟླ་བ་ ༡ ཚེས་ ༢༥ ནས། ཕྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༣༡ བར་ཉིན་རེར་ཚིགས་བཅད་གཅིག་ལས་མི་ཉུང་བ་བྲིས་པ་ཞིག་ཡིན།)

༄༅།   །ནམོ་ལོཀེཤྭརཡ།
སངས་རྒྱས་ཆོས་དང་དགེ་འདུན་ལ།།
དང་བའི་སེམས་ཀྱིས་ཕྱག་འཚལ་ཞིང་།།
འགྲོ་བའི་སྡུག་བསྔལ་མཐར་བྱེད་པའི།།
ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ།། ༡

རང་གིས་རང་ལ་བརྩེ་བ་ནི།།
གཤིས་སུ་གྲུབ་ཕྱིར་འདོར་དུ་མེད།།
དེ་ཉིད་གཞན་ལ་བཅོས་མིན་དུ།།
སྐྱེད་པ་རྒྱལ་སྲས་དམ་པའི་ལུགས།། ༢

འགྲོ་ཀུན་མཐའ་མེད་བདེ་བ་ལ།།
སྤྱོད་པར་འདོད་པ་ལོས་ཡིན་ཏེ།།
དེ་ཕྱིར་གཞན་བདེ་ཁྱད་བསད་པའི།།
གཤིས་སྤྱོད་ངན་འདི་ཡི་རེ་མུག། ༣

རང་གི་སྲིད་ཞིའི་ལེགས་ཚོགས་ཀུན།།
གཞན་ལ་མ་བརྟེན་དེ་གང་ཞིག།
དེ་བས་ལུས་ཅན་ཀུན་གྱི་དྲིན།།
ཚད་ནི་ནམ་མཁའི་མཐའ་ཡིས་གཞལ།། ༤

གཞན་དོན་གཟུགས་བརྙན་ཙམ་གྱིས་ཀྱང་།།
མཐོང་ཆོས་བདེ་བར་གནས་མཐོང་ན།།
གཅིག་ཏུ་གཞན་དོན་ལ་གཞོལ་བས།།
ཅི་ཕྱིར་བདེ་ནས་བདེར་མི་འགྲོ།། ༥

བདེ་བའི་རྒྱུ་ནི་གང་ཞིག་ཅེས།།
དེ་ཉིད་རིག་པས་དགོངས་པ་ན།།
ཕན་པའི་བསམ་སྦྱོར་འབའ་ཞིག་ཏུ།།
གཟིགས་ཕྱིར་སྒོ་གསུམ་དེ་ལ་འབུངས།། ༦

མཐའ་ཡས་འགྲོ་བའི་བདེ་སྡུག་ལ།།
བསམ་ཚེ་རང་གི་སྐྱིད་དང་སྡུག།
རྡུལ་ཕྲན་ལས་ཀྱང་ཆེས་ཕྲ་བས།།
དེང་ནས་རང་དོན་སེམས་པ་སྐྱུངས།། ༧

ཐོག་མེད་སྲིད་པའི་དོ་ར་འདིར།།
རང་དོན་འབའ་ཞིག་བསམས་བསམས་ཀྱང་།།
རང་གཞན་སྡུག་ལ་སྦྱར་བ་ཙམ།།
ད་ནི་བཟློག་སྟེ་བསམ་པར་རིགས།། ༨

སྡུག་བསྔལ་བྱུང་ན་མི་བཟོད་པ།།
རང་གཞན་གང་ལའང་ཁྱད་མེད་པར།།
སྐྱེ་བར་འགྱུར་མོད་སྦྱོར་བའི་ཚེ།།
རིས་སུ་བཅད་པ་གཤིས་དང་འགལ།། ༩

དྲིན་ལན་ཐེངས་འགའ་འཇལ་བ་ཡང་།།
ཡ་རབས་སོགས་ཀྱིས་བསྔགས་འོས་ན།།
བདེ་བ་ཀུན་ལ་སྦྱོར་འདོད་པའི།།
རྒྱལ་བའི་སྲས་རྣམས་སྨོས་ཅི་དགོས།། ༡༠

བདེ་ལ་སྦྱོར་འདོད་བསམ་པ་ཙམ།།
སྐྱེས་པ་ཉིད་ཀྱང་རླབས་ཆེ་ན།།
བདེ་ལ་དངོས་སུ་སྦྱོར་རྩོམ་པའི།།
བསམ་སྦྱོར་དེ་ནི་བླ་ན་མེད།། ༡༡

འཇིག་རྟེན་བདེ་ཀུན་རང་ཉིད་ལ།།
ཐོབ་པར་ངེས་ན་སུ་མི་འདོད།།
སྤོས་མེ་ཙམ་གྱིས་སྡུག་བསྔལ་ཡང་།།
ལྷན་སྐྱེས་སེམས་ཀྱིསཾ་སུ་ཡིས་འདོད།། ༡༢

བདེ་དང་སྡུག་བསྔལ་འདོད་མི་འདོད།།
རང་གཞན་མ་ལུས་མཚུངས་པས་ན།།
བདག་གི་བདེ་བ་ཕྲ་མོའི་ཕྱིར།།
གཞན་ཀུན་བོར་བ་ཅིའི་ཐ་ཚིག། ༡༣

རང་གིས་བསལ་བྱའི་སྡུག་བསྔལ་ནི།།
རང་དང་ཉེ་འབྲེལ་རྣམས་ཀྱི་ན།།
རང་དང་མ་འབྲེལ་འགྲོ་མེད་པས།།
རང་གིས་སེལ་དགོས་མིན་དེ་གང་།། ༡༤

བདག་ལ་གཅེས་ཤིང་གཞན་བོར་བ།།
མ་རིག་པ་ལ་ཡིད་རྟོན་མོད།།
རང་གཞན་རང་གཞན་དུ་གྲུབ་པ།།
རྟེན་འབྱུང་ཡིན་གྱི་ངོ་བོས་མིན།། ༡༥

བདག་གི་གཉེན་དང་བདག་གི་དགྲ།།
ཕན་དང་གནོད་པས་གཞལ་ལགས་ཀྱང་།།
གཉིས་ཀྱི་འཁོར་གསུམ་མི་དམིགས་པས།།
གང་ལ་ཆགས་ཤིང་གང་ལ་སྡང་།། ༡༦

འགྲོ་བའི་སྤྱོད་ངན་ལ་དམིགས་ནས།།
ཡིད་ནི་ཁྲོ་དང་ཞུམ་པ་ལས།།
འཕུང་རྩ་མ་རིག་བག་ཆགས་བཅས།།
རྩད་ནས་གཅོད་པའི་སྙིང་སྟོབས་སྐྱེད།། ༡༧

གཅེས་འཛིན་གདོན་འདིས་ཐོག་མེད་ནས།།
རང་ཉིད་ཀུན་ལས་ལྷག་པར་ཞེན།།
རང་གཞན་གཉིས་ལས་གང་ལྷག་ཅེས།།
རིགས་པས་བརྟགས་ན་རང་ཉིད་ཕམ།། ༡༨

བདག་ཉིད་སྐྱིད་དང་བདེ་འགྱུར་ན།།
གཞན་དག་གང་དང་ཅིར་གྱུར་ཀྱང་།།
ཅི་མི་སྙམ་པའི་སྙིང་ཁམས་ལ།།
ང་ང་ལས་གཞན་རྒྱུ་མཚན་གང་།། ༡༩

གཞན་གྱི་སྡུག་བསྔལ་སེལ་བ་དེ།།
ཁྱོད་ཀྱི་ཁུར་དུ་བབས་མིན་ན།།
མ་ཡིས་ཁྱོད་ཀྱི་སྡུག་བསྔལ་དག།
སེལ་བའི་ཚུལ་ལ་དྲན་པ་ཐོངས།། ༢༠

སེམས་ཅན་སྤྱོད་པ་ངན་ནོ་ཞེས།།
དེ་དག་ཁྱོད་ཀྱིས་སྤང་ཞེ་ན།།
ཁྱོད་ཀྱི་སྤྱོད་པའང་དེར་མཚུངས་པས།།
ཁྱོད་ཀྱང་ཁྱོད་ཀྱིས་སྤོང་བར་རིགས།། ༢༡

རང་ལ་སྡུག་བསྔལ་སྐད་ཅིག་ཙམ།།
བཟོད་མི་ནུས་དང་གཞན་དག་ནི།།
སྡུག་ལ་སྦྱོར་ཞིང་བདེ་བ་དག།
འཇོམས་པ་འཐད་མིན་རིགས་པས་དཔྱོད།། ༢༢

དྲིན་ཅན་དྲིན་དུ་མི་གཟོ་ན།།
ཡ་རབས་དམ་པའི་ཚུལ་ལས་འགོངས།།
དྲིན་དུ་མ་ཆེ་སུ་མེད་པས།།
རང་ཉིད་གང་དུ་གཏོགས་མིན་སོམས།། ༢༣

གཞན་གྱི་བདེ་སྡུག་སེམས་སེམས་པས།།
ཕན་པའམ་ཡང་ན་མ་ཕན་ཀྱང་།།
གནོད་པར་མི་འགྱུར་ཕན་སེམས་རྒྱས།།
རང་ལ་བཟང་ངན་རེ་དོགས་ཆད།། ༢༤

རང་གིས་ཕན་སེམས་གང་སྐྱེས་ཀྱང་།།
ཕན་པ་མེད་པར་མི་རིགས་ཏེ།།
ཅུང་ཟད་ཕན་ལ་བསྙོན་མེད་ཅིང་།།
བཟང་པོའི་འབྲེལ་བ་ངེས་པར་འཐོབ།། ༢༥

གཏན་འདུན་སྙིང་པོ་ལེན་བསམ་ན།།
ཕན་སེམས་ཀུན་གྱི་མཐར་ཐུག་དང་།།
མི་འདོད་ཀུན་ཀྱང་འཇོམས་མཛད་ཕྱིར།།
བྱང་ཆུབ་སེམས་ལ་ནན་ཏན་མཛོད།། ༢༦

བརྩེ་བའི་ས་བོན་ལྡན་མོད་ཀྱང་།།
སྒོམ་པས་སྤེལ་བར་མ་བྱས་ཕྱིན།།
གཞན་ཕན་མྱུ་གུ་མི་འབྱུང་སྟེ།།
བརླན་བྲལ་བྱང་གི་ནས་རྡོག་བཞིན།། ༢༧

བདག་གི་དོན་དུ་སྡུག་བཟོད་ལྟར།།
གཞན་ཕྱིར་སྐད་ཅིག་ཀྱང་མི་བཟོད།།
བདག་བདེ་སྟོང་གསུམ་ཚད་ཀྱང་ཉུང་།།
གཞན་ལ་རྡུལ་ཕྲན་ཙམ་ཡང་ཕངས།། ༢༨

ཕན་པ་ལན་གཅིག་བྱས་པ་ཡང་།།
ཚེ་མཐའི་བར་སྒྲོག་བདག་གི་སྤྱོད།།
རྒྱལ་བའི་གོ་འཕང་ལ་བཀོད་ཀྱང་།།
ལན་ལ་མི་རེ་རྒྱལ་བའི་སྲས།། ༢༩

དམ་པའི་ཆོས་ལ་འཇུག་ཁུལ་ཡང་།།
གཅེས་འཛིན་འདི་ཡིས་ལམ་མི་གཏོང་།།
ལུས་ངག་སྤྱོད་པ་རྣམ་དག་ཀྱང་།།
རྒྱལ་སྲས་སྤྱོད་པར་དེས་མ་བཙུད།། ༣༠

རྒྱུད་འདི་བྱམས་པས་བརླན་པ་ན།།
ཆགས་སྡང་རྩད་ནས་མ་གཞོམ་བླའི།།
སྐྱིད་ཀྱི་སྐྱ་རེངས་དེང་ནས་ཤར།།
གཏན་བདེའི་ཉེར་བསྡོགས་དེང་ནས་འགྲུབ།། ༣༡

བདག་གིས་བདག་དོན་ཁོ་ནར་སེམས།།
རྒྱལ་སྲས་རྣམས་ནི་བཟློག་སྟེ་སེམས།།
བདག་དོན་སེམས་པས་སྲིད་ཞིར་བཅིངས།།
བཟློག་སྟེ་སེམས་པས་དེ་ལས་གྲོལ།། ༣༢

སངས་རྒྱས་ཀུན་གྱི་དགོངས་པའི་མཐིལ།།
དམ་ཆོས་མཚོ་ཆེན་བསྲུབས་པའི་བཅུད།།
སེམས་མཆོག་བདུད་རྩི་དམ་པ་དེ།།
སོ་མེད་ན་ཡང་རྙིལ་གྱིས་བལྡད།། ༣༣

བརྟན་གཡོའི་ལེགས་ཚོགས་ཇི་སྙེད་པའི།།
གཞི་དང་རྟེན་དང་རྩ་བ་ནི།།
སྙིང་རྗེ་ཉིད་ཡིན་དེ་ཡི་ཕྱིར།།
དེ་ཀོ་སྐྱོབ་པ་བླ་ན་མེད།། ༣༤

འཇིག་རྟེན་བདེ་དགས་ཡོངས་ཁྱབ་ན།།
དེ་ཉིད་མི་འདོད་ཤེས་ལྡན་སུ།།
ཀུན་ཏུ་ཡིད་འོང་བྱམས་བརྩེའི་སེམས།།
ཀུན་ལ་འཕེལ་བས་ངེས་པར་འབྱུང་།། ༣༥

སྙིང་རྗེའི་ཡོན་ཏན་མང་ཐོས་ཤིང་།།
ཡིད་དཔྱོད་ཙམ་གྱིས་དོན་གོ་ཡང་།།
ལག་ལེན་ཉིན་མོའི་སྐར་མའི་མཆེད།།
བདག་ལ་ཐུགས་རྗེ་ཅན་གྱིས་གཟིགས།། ༣༦

ཕན་གནོད་ལན་དུ་ཕན་འདོགས་མཆོག།
ཕན་གནོད་ལན་དུ་ཕན་གནོད་ཕལ།།
གང་ཕྱིར་བརྩེ་དང་དེས་བསྐྱེད་སྤྱོད།།
ཡོད་དང་མེད་པའི་ཁྱད་པར་རོ།། ༣༧

བདེ་སྐྱིད་སེམས་ལ་ཐུག་གོ་ཞེས།།
བྱང་མོད་དེ་ཡི་རྒྱུ་མཚན་གང་།།
སེམས་ལ་བྱམས་བརྩེས་དབང་གྱུར་ན།།
བདེ་སྐྱིད་མ་འབོད་གཡང་དུ་ཁུག། ༣༨

རང་ཉིད་ནད་སོགས་གདུང་བའི་ཚེ།།
གཏན་ནས་མི་བཟོད་ཐར་འདོད་བཞིན།།
འགྲོ་བ་ཀུན་ལ་བཅོས་མིན་དུ།།
སྐྱེས་པའི་རྒྱལ་སྲས་ཨེ་མ་རྨད།། ༣༩

རང་གི་བདེ་སྡུག་རང་གི་དང་།།
གཞན་གྱི་བདེ་སྡུག་གཞན་གྱིའོ་ཞེས།།
བླང་དོར་ཕྱོགས་རིས་མི་འཐད་དེ།།
བདེ་སྡུག་ཡིན་ཕྱིར་བླང་དོར་མཚུངས།། ༤༠

སྡུག་བསྔལ་མི་འདོད་གཤིས་ལགས་མོད།།
སྡུག་བསྔལ་གང་གིས་བྱས་པ་དང་།།
སྡུག་བསྔལ་སྤང་ན་ཇི་ལྟར་སོགས།།
སྡུག་བསྔལ་རྒྱུ་དང་གཉེན་པོ་འཚོལ།། ༤༡

སྡུག་བསྔལ་རྒྱུ་དང་གཉེན་པོ་དག།
རང་གི་སྟེང་དུ་ངེས་པ་དེས།།
བློ་ཁ་གཞན་ལ་ཕྱོགས་པ་ན།།
སྙིང་རྗེའི་རོ་མཆོག་མྱོང་བར་འགྱུར།། ༤༢

སེམས་ཅན་ཀུན་ལ་རང་ཉིད་ཀྱིས།།
མ་བྱས་པར་ནི་བགྲངས་ཡས་པས།།
བརྩེ་བའི་ས་བོན་ཀུན་དང་འབྲེལ།།
ད་ནི་བརྩོན་པ་བསྟེན་ལ་རག། ༤༣

བདེ་བ་རྨི་ལམ་ཚུན་འདོད་ཀྱང་།།
དེ་རྒྱུ་ཟེར་རྗེས་འབྲངས་པ་འམ།།
སྒོ་ལྔའི་བདེ་རྒྱུ་ཙམ་གྱིས་འཁྲུལ།།
དེ་དག་མིང་གིས་བདེ་སྐྱིད་ཙམ།། ༤༤

རང་གཞན་མ་ལུས་བདེ་སྡུག་དང་།།
གཏན་དུ་སྦྱོར་དང་བྲལ་འདོད་པས།།
འཕྲལ་ཕུགས་གང་དུའང་མི་བསླུ་བའི།།
བྱམས་བརྩེའི་བསམ་པ་སྦྱང་བ་གཅེས།། ༤༥

རང་གིས་སྙིང་ནས་གང་འདོད་པ།།
བརྩེ་བས་མ་གྲུབ་མི་འདུག་པས།།
རང་དྲིན་རང་ལ་ཆེ་དགོས་ན།།
འཕྲལ་ཕུགས་ཁེ་པོགས་མ་ནོར་གཅེས།། ༤༦

དཀའ་ལ་དོན་ཆུང་ལས་འགའ་ཞིག།
གྲུབ་མིན་མ་བརྟགས་འཇུག་པ་མང་།།
སྐྱིད་ཀྱི་གཞི་མའི་སེམས་མཆོག་དེ།།
མི་ནུས་ཟེར་ནས་བཤོལ་འདི་ཅི།། ༤༧

གཞན་གྱི་ཕན་བདེར་རྟག་སེམས་པའི།།
རྒྱལ་སྲས་རྣམས་ནི་གང་གིས་འཇིགས།།
འཕུང་བྱེད་གདོན་གྱི་གཙོ་བོ་སྟེ།།
གཅེས་འཛིན་གདོན་ཆེན་ཟིལ་མནན་ཕྱིར།། ༤༨

རང་ཕྱིར་གཞན་དག་བདེར་འགོད་པ།།
ཉོ་ཚོང་འདྲ་བས་ངོ་མཚར་ཅི།།
ཅིར་ཡང་མི་རེ་གཞན་ཕན་ཉིད།།
དགོངས་པའི་བདག་ཉིད་ཆེ་རྣམས་རྨད།། ༤༩

གཞན་གྱིས་བརྩེ་བས་བལྟ་བ་ཙམ།།
དགའ་དང་སྐྱིད་པའི་གཞི་བྱས་པས།།
རང་རྒྱུད་ཡོངས་སུ་དེས་ཁེངས་ན།།
བདེ་སྐྱིད་མེད་ཅེས་སྨྱོན་པའི་ཚིག། ༥༠

བདེ་བ་ཐམས་ཅད་རང་གཞན་ཀུན།།
ཕན་ཚུན་བརྟེན་ནས་འབྱུང་བའི་ཕྱིར།།
ཀུན་ཀྱང་བདེ་ལ་རྟག་སྦྱོར་བའི།།
ལས་དེ་རང་གིས་བླང་བར་རིགས།། ༥༡

སྡུག་བསྔལ་ཐམས་ཅད་རང་གཞན་ཀུན།།
ཕན་ཚུན་བརྟེན་ནས་འབྱུང་བའི་ཕྱིར།།
ཀུན་ཀྱང་སྡུག་བསྔལ་གཏན་བསྒྲལ་བའི།།
ལས་དེ་རང་གིས་བླང་བར་རིགས།། ༥༢

ཐོག་མེད་དགྲ་བོ་བསྒྲལ་བསམ་ན།།
ཆགས་པའི་གོ་ས་བྱམས་པས་ཟུངས།།
ཁོང་ཁྲོ་བསྐྲད་ནས་བརྩེ་བ་ལོངས།།
གཏི་མུག་མཐར་བྱེད་ཤེས་རབ་སྐྱེད།། ༥༣

ལྟུང་བའི་དྲི་མས་དག་པ་ལ།།
དྲན་ཤེས་ནར་མར་བསྟེན་དགོས་མོད།།
ནང་ནས་སྙིང་རྗེའི་ཀློང་བརྡོལ་ན།།
ཚུལ་ཁྲིམས་ལྷོད་སྐབས་ག་ལ་ཞིག། ༥༤

ཕལ་པ་རང་དོན་ཕྲ་མོའི་ཕྱིར།།
གཞན་དག་སྡུག་ལ་སྦྱོར་བ་མང་།།
བདེ་གཤེགས་སྲས་རྣམས་གཞན་གྱི་ཕྱིར།།
ཀལྤར་སྡུག་བསྔལ་དང་དུ་ལེན།། ༥༥

བརྩེ་བས་ཕ་རོལ་བསླུ་མི་སྲིད།།
བྱམས་པས་མི་དགར་གྱུར་མི་སྲིད།།
བྱང་ཆུབ་སེམས་ཀྱིས་ཞུམ་མི་སྲིད།།
ཡང་དག་ལྟ་བས་གོལ་མི་སྲིད།། ༥༦

བདེ་ཀུན་སྙིང་རྗེའི་རྩ་བ་ཅན།།
དེས་སྐྱེས་དེ་ཡིས་རྒྱས་ལགས་པས།།
བདེ་སྡུག་རྒྱུ་ནི་གོ་ལོག་ཀྱང་།།
རང་དོན་སེམས་པ་ཡིན་ནོ་ལོ།།   ༥༧

ཆོས་ཀྱི་སྙིང་པོ་རིན་ཆེན་སེམས།།
རྩ་བ་སྙིང་རྗེ་དེ་ངེས་འབྱུང་།།
མེད་ན་མི་འབྱུང་ངེས་པའི་ཕྱིར།།
ལམ་གྱི་གོ་རིམ་མ་འཆོལ་གནད།། ༥༨

རང་ཉིད་བདེ་ཕྱིར་གཞན་ལ་འཚེ།།
མི་འདོད་སྡུག་བསྔལ་རང་ལ་བབས།།
བརྩེ་བས་གཞན་ལ་ཕན་ནམ་མིན།།
རང་ཉིད་འཕྲལ་ཡུན་ཀུན་ཏུ་བདེ།། ༥༩

 མཐོང་ཆོས་བདེ་བ་གཏན་གྱི་བདེར།།
 རློམ་ཡང་རྟིང་མར་བསླུ་བའི་ཕྱིར།།
 བདེ་སྐྱིད་ནང་ནས་འཚོལ་བསམ་ན།།
 བྱམས་དང་བརྩེ་བ་ཨེ་སྐྱེད་ལྟོས།། ༦༠

  ཆོས་ནི་ཕལ་དང་འདྲ་སྣང་ཙམ།།
  ཉེས་སྤྱོད་ཕལ་ཆེར་སྦྱོར་དངོས་ཚང་།།
  མ་རིག་པ་དང་གཅེས་འཛིན་ཟུང་།།
  མགོ་འཕངས་སྲིད་རྩེར་སྙེག་པའི་རྟགས།། ༦༡

ཆོས་ལ་བག་ཆགས་འཇོག་བསམ་ན།།
བྱང་ཆུབ་སེམས་ལ་སྦྱོང་བར་མཛོད།།
ཆོས་ཀྱི་སྙིང་པོ་སློབ་སྙམ་ན།།
བྱང་ཆུབ་སེམས་ལ་སྦྱོང་བར་མཛོད།། ༦༢

ཆོས་ཀྱིས་གཞན་དོན་བྱ་འདོད་ན།།
བྱང་ཆུབ་སེམས་ལ་སྦྱོང་བར་མཛོད།།
ཆོས་ཀྱི་གཏིང་མཐའ་གཞལ་དགོས་ན།།
བྱང་ཆུབ་སེམས་ལ་སྦྱོང་བར་མཛོད།། ༦༣

སེམས་ཅན་གྲངས་ལས་འདས་པའི་ཕྱིར།།
ཀུན་གྱི་དོན་ཞིག་ཇི་ལྟར་ནུས།།
ངས་ཀྱང་རིམ་གྱིས་བྱས་ཟིན་ཅིང་།།
དཔག་མེད་བཞི་ཡིས་ཅིག་ཅརའང་ནུས།། ༦༤

བདེ་འདོད་སེམས་ཀྱི་ཟུར་ཆ་ནས།།
ནམ་ཡང་མི་གཏོང་ཟིན་མོད་ཀྱང་།།
གང་ལ་བརྟེན་ནས་བདེ་བྱུང་བའི།།
སེམས་ཅན་ཡལ་བར་བོར་བ་མཚར།། ༦༥

བརྒྱ་ཕྲག་དཀའ་བས་ལུས་སེམས་གཉིས།།
བསྟོད་པར་རེ་ནས་ཨ་ཐང་ཆད།།
རེ་དོགས་མེད་པར་མ་གྱུར་འགྲོའི།།
བདེ་སྡུག་སོམས་དང་བསྟོད་པས་བསུན།། ༦༦

སུ་ལའང་མ་ལྟོས་དོན་གྲུབ་ན།།
བརྩེ་བ་མི་དགོས་བདེན་དུ་ཆུག།
འོན་ཏེ་འདི་ནས་བྱང་ཆེན་བར།།
གཞན་བརྟེན་ཉིད་ཕྱིར་བརྩེ་བ་གཙོ།། ༦༧

རང་ཉིད་འཚོ་ཕྱིར་གཞན་གྱི་སྲོག།
འཕྲོག་ལ་མི་འཚེར་རྒྱན་དུ་ངོམ།།
གཞན་སྲོག་འཕྲལ་ནས་ངེས་པར་རང་།།
འཚོ་དགོས་པ་དེ་ཅི་ཡི་སླད།། ༦༨

རང་གིས་རང་ལ་རྨོངས་པ་ནི།།
བླུན་པོའི་ཕུལ་ཞེས་གྲགས་ན་ཡང་།།
སེམས་མཆོག་གཉིས་ཀྱི་དྲི་མེད་པས།།
མྱུར་ལམ་བརྩལ་དུ་འདོན་ལོ་ཅི།། ༦༩

དགེ་བ་འདི་ཡིས་འགྲོ་བ་ཀུན།།
སྡུག་བསྔལ་མཚོ་ཆེན་ལས་བསྒྲལ་ཏེ།།
ཞི་བསིལ་གཏན་བདེའི་གླིང་ཆེན་ལ།།
འགོད་པའི་བྱེད་པོར་བདག་གྱུར་ཅིག།  ༧༠


Wednesday, May 20, 2020

ཞི་གནས་བསྒོམ་ཚུལ་གྱི་མན་ངག


༄༅། །ཞི་གནས་བསྒོམ་ཚུལ་གྱི་མན་ངག་ཏིང་འཛིན་སྒོ་བརྒྱ་འབྱེདཔའི་ལྡེ་མིགཅེས་བྱ་བ་བཞུགས་སོ།།
མཛད་པ་པོ། གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན།

ཨོཾ་སྭསྟི། རྣམརྟོག་རླུང་གིས་ནམ་ཡང་མི་གཡོ་ཞིང་།།
            མཐའ་བྲལ་ཏིང་འཛིན་བདེ་བ་ཆེན་པོའི་ངང་།།
            ཀུན་རྫོབ་ཆོས་ཀུན་གསལ་བར་གཟིགས་པ་ཡི།།
            ཐུབ་དབང་ལྷག་པའི་ལྷ་ལ་སྙིང་ནས་འདུད།།
འདིར་ཞི་གནས་སྒེམཚུལ་གྱི་མན་ངག་མདོར་བསྡུས་བརྗོད་པར་བྱ་སྟེ། དེ་ཡང་མདོ་སྡེ་རྒྱན་ལས།
            བློ་ལྡན་གང་དུ་སྒྲུབ་པའི་ཡུལ།།
            ལེགས་པར་རྙེད་དང་གནས་བཟང་དང་།།
            ས་བཟང་བ་དང་གྲོགས་བཟང་དང༌།།
            རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན།།
ཞེས་པ་ལྟར་གྱི་མཚན་ཉིད་ལྔ་དང་ལྡན་པའི་གནས་སུ། འདོད་ཆུང་ཆོག་ཤེས་ལ་གནས་ཏེ། སྐར་རྩིས་སོགས་བྱ་བ་མང་པོ་ལ་མི་འཇུག་ཅིང༌། ཁས་བླངས་པའི་ཚུལ་ཁྲིམས་༼༢ན༽རྣམ་པར་དག་པ་དང་། འདོད་ཡོན་ལ་ཉེས་དམིགས་སུ་བལྟ་བ་སོགས། ཞི་གནས་སྒྲུབ་པའི་ཚོ གས་དྲུག་དང་ལྡན་པ་ཞིག་ངེས་པར་དགོས་ཏེ། ཇོ་བོ་ཆེན་པོས།
            ཞི་གནས་ཡན་ལག་རྣམ་བྲལ་བས།།
            རབ་ཏུ་འབད་དེ་གོམས་བྱས་ཀྱང༌།།
            ལོ་ནི་སྟོང་ཕྲག་དག་གིས་ཀྱང་།།
            ཏིང་འཛིན་འགྲུབ་པར་མི་འགྱུར་རོ།།
ཞེས་གསུངས་པས་སོ།།
       གང་གིས་སྒོམ་པའི་རྟེན་གྱི་གང་ཟག་ནི། དུག་གསུམ་ཤས་ཆེ་བ་དག་གིས། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་སོགས། དཔྱད་པརྣམ་སྦྱོང་གི་དམིགས་པ་ལ་ངེས་པར་བསྟེན་དགོས་ཏེ། གང་ཟག་དེས་དཔྱད་པ་རྣམ་སྦྱོང་གི་དམིགས་པ་བསྟེན་ཀྱང་། དུས་ཡུན་རིང་པེ་དང་ཚེགས་ཆེན་པོས་མ་གཏོགས་ཏིང་ངེ་འཛིན་མི་འགྲུབ་པར་གསུངས་པས་ན། དཔྱད་པ་རྣམ་སྦྱོང་གི་དམིགས་པ་དོར་ན་ཏིང་ངེ་འཛིན་མི་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དུག་གསུམ་ཆ་མཉམ་པ་དང་ཤས་ཆུང་བའི་གང་ཟག་གིས་༼༢བ༽ལྷ་སྐུ་ལ་དམིགས་ཏེ་བསྒོམ་ན། ཏིང་ངེ་འཛིན་སྒྲུབ་པའི་ཞར་ལ་སྔགས་ཀྱི་ལྷའི་རྣལ་འབྱོར་བསྒོམ་པའི་བག་ཆགས་འཇོག་པ་སོགས་དགོསཔ་ཁྱད་པར་ཅན་དུ་མ་ཡོད་པས།
       དེའི་ཚུལནི། བཤེས་གཉེན་བསྟེན་ཚུལ་ནས་སྤྱོད་པ་སྤྱི་བསླབས་ཀྱི་བར་རྣམས་མ་མཐའ་ཤར་བསྒོམ་གྱིས་ཉམས་སུ་བླངས་ཏེ། དངོས་གཞིའི་དམིགས་པནི། ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་དེ། དབུགས་ཕྱིནང་དུ་རྒྱུ་བ་ཉེར་གཅིག་ཙམ་བགྲང་བ་སེམས་ཕྱི་རོལ་དུ་གཡེང་བ་བཟློག་པའི་ཐབས་ཡིན། དེ་ནས་རང་གི་ལྟེ་བའི་ཐད་ཙམ་གྱི་མདུནགྱི་ནམ་མཁར་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཐུབ་དབང་རྡོ་རྗེའཆང་སྐུ་མདོག་གསེར་བཙོམ་ལྟ་བུ་ཞལགཅིག་ཕྱག་གཉིས་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། དབུ་གཙུག་ཏོར་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ།སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་མཚོན་གང་ཚད་ཙམ་མམ་རྒྱ་སྲན་གྱི་འབྲུ་ཚད་ཙམ་ཞིག་གསལ་བཏབ་ལ། ཐོག་མར་དབུ། ཕྱག་གཉིས། སྐུའི་ཁ་དོག །ཞབས་གཉིས། པད་ཟླའི་གདན་རྣམས་ལ་ལན་འགའ་རེ་སེམས་བཟུང་། མཐར་སྐུའི་སྤྱི་ཙམ་ཡིད་ཡུལ་དུ་བྱས་ཏེ། དེའི་༼༣ན༽ཚེ་ཡིད་ངོར་ཡན་ལག་རགས་པ་ཆ་ཕྱེད་ཙམ་ཤར་བྱུང་ན། དེ་ཙམ་གྱིས་ཆོག་ཤེས་བྱས་ནས་སེམས་འཛིན་དགོས་ཏེ། དེ་ལྟར་བྱས་ན་སེམས་གནས་ཀྱི་ཏིང་ངེ་འཛིན་མྱུར་དུ་རྙེད་ཅིང་། གནས་ཆ་རྙེད་ནས་གསལ་བའི་བོགས་བཏོན་པས། གསལ་ཆ་བདེ་བླག་ཏུ་འགྲུབ་པར་འགྱུར་གྱི། དང་པོ་ནས་སངས་རྒྱས་དངོས་ཀྱི་རྣམ་པ་དང་། སྤྱན་གྱིདཀར་ནག་ཚུན་ཆདམ་འདྲེས་པར་འོང་དུ་རེ་ནས་ཤ་ཐང་ཐང་དུ་བྱས་ཚེ། དམིགས་རྟེན་ཅུང་ཟད་གསལ་དུ་འགྲོ་ན་ཡང་། སེམས་གནས་ཀྱི་ཏིང་ངེའཛིནརྙེད་དཀའ་བས། མཚམས་ཟིན་པར་བྱསཏེ། འདི་ལྟརསེམས་དམིགས་པ་ལ་གཏད་དོ་སྙམ་པ་ཞིག་བྱས་ལ། གསར་དུ་གཞན་གང་ལའང་མི་དཔྱོད་པར། དམིགས་རྟེན་དེ་ཉིད་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམ། དེའི་ཚེ་སྐུའི་ཆ་ཤས་འགའ་ཞིག་གསལ་བར་སྣང་ན་་དེ་ལ་དམིགསནས་བསྒོམ། དེ་ཡལ་སོང་ན་སྐུའི་སྤྱི་ལ་དམིགསནས་བསྒོམ། དེ་ཡང་སེར་པོ་སྒོམ་འདོད་པ་ལ་དམཾར་པོར་འཆར་བ་དང་། གཅིག་སྒོམ་འདོདཔ་ལ་དུ་མ་འཆར་བ་སོགས་ལྡོག་ཕྱོགས་སྣ་ཚོགས་གང་སྣང་ཡང་། དེ་དག་གི་རྗེས་སུ་མི་འབྲང་བར་རྩ་བའི་དམིགས་རྟེན་གྱི་སྟེང་དུ་རྩེ་གཅིག་ཏུ་དམིགས་ནས་བསྒོམ། དེ་ཡང་ཧ་ཅང་སྒྲིམ་དྲགས་ན་བྱིང་བའི་སྐྱོན་མེད་ཀྱང་།༼༣བ༽རྒོད་ཤས་ཆེ་བས་སེམས་གནས་ཆའི་ཏིང་ངེ་འཛིན་རྙེད་དཀའ། ཧ་ཅང་གློད་དྲགས་ན་རྒོད་ཤས་ཆུང་ཡང་བྱིང་བའི་དབང་དུ་འགྲོ་ཉེན་ཆེ་ཞིང་། སྒྲིམ་ལྷོད་རན་པའི་ཚད་ཀྱང་ཤིན་ཏུ་ཟིན་དཀའ་བས་ན། བཤགས་བསྟོད་ལས།
            འབད་པས་འཇུག་ན་རྒོད་པ་འཕེལ་འགྱུར་ཞིང་།།
            དེ་སྤང་ན་ནིཞུམ་པ་སྐྱེ་བར་འགྱུར།།
            འདི་ཡིས་དབུ་མར་འཇུག་པ་རྙེད་དཀའ་ན།།
            བདག་གི་སེམས་དཀྲུགས་པ་ནི་ཞིག་བྱ།།
ཞེས་གསུངས་པས་ན། རང་གི་ཉམས་ལ་དཔགས་ཏེ་འདི་ཙམ་དུ་སྒྲིམན་རྒོད་པ་སྐྱེ་བ་འདུག་སྙམ་པ་ལས་ཅུང་ཟད་གློད། འདི་ཙམ་དུ་གློདན་བྱིང་བ་སྐྱེ་བ་འདུག་སྙམ་པ་ལས་ཅུང་ཟད་རིག་པ་འཕངས་བསྟོད་དེ། འདི་ཙམ་འཚམ་པ་འདུག་སྙམ་པའི་ངང་ནས་གནས་ཆ་བཙལ། གནས་ཆ་ནམ་བྱུང་རེས་ཀྱི་བྱིང་ཟོན་ཆེན་པོ་བྱས་ཏེ། དེ་ཉིདརེ་མོས་སུ་སྐྱོང་བཞིན་པའི་ངང་ནས། རྩ་བའི་དམིགས་རྟེན་ཡུན་ཧ་ཅང་མི་རིང་བ་ནས་དྲན་ཙམ་དྲན་ཙམ་བྱེདཔ་ནི། ལས་དང་པོ་པའི་ཏིང་ངེ་འཛིན་སྐྱོང་ལུགསརྣམ་དག་ཡིན་ལ། དེ་ཡང་ཉེས་པ་ལྔ་སྤོང་བ་དང་། འདུ་བྱེད་བརྒྱད་བསྟེན་ཚུལ་མི་ཤེས་ན། ཏིང་ངེ་འཛིན་རྣམ་དག་འགྲུབ་པ་མི་སྲིད་པས།
       ཉེས་པ་ལྔནི། ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་ཞིང་། དེའི་མི་མཐུན་ཕྱོགས་རྣམ་གཡེང་སོགས་ལ་དགའ་བའི་ལེ་ལོ། དམིགས་རྟེན་མི་གསལ་ཞིང་གཏོར་བ་ནི་གདམས་ངག་བརྗེད་པ། བྱིང་རྒོད་གཉིས་གཅིག་ཏུ་བྱས་པ་ནི་ཉེས་པ་གསུམ་པ། བྱིང་༼༤ན༽རྒོད་བྱུང་བའི་ཚེ་དེ་སྤོང་བའི་གཉེན་པོ་འདུ་མི་བྱེད་པ་ནི་ཉེས་པ་བཞི་པ། ཕྱིང་རྒོད་དང་བྲལ་བའི་ཚེ་དེ་སྤོང་བའི་གཉེན་པོ་ཧ་ཅང་འདུ་ཆེས་པ་ནི་ཉེས་པ་ལྔ་པ་ཡིན་པས། ཐོག་མར་ཉེས་པ་ལྔ་པོ་འདི་རང་སེམས་སྟེང་ནས་ངོས་ཟིན་པར་བྱསཏེ།
       དེ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་ནི། ཏིང་ངེ་འཛིན་གྱི་ཡོན་ཏནམཐོང་བའི དད་པ། ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུནཔ། ཏིང་ངེ་འཛིན་ལ་སྩོལ་བའི་བརྩོན་འགྲུས། ཏིང་ངེ་འཛིན་སྒོམ་པའི་འབྲས་བུ་ལུས་སེམས་ཤིན་སྦྱང་གི་བདེ་བ་སྟེ། དེ་བཞིས་ལེ་ལོ་སེལ་པར་བྱེད་དོ།། དེ་དག་གི་གོ་རིམ་ཡང་། དང་པོར་ཏིང་ངེ་འཛིན་གྱི་ཡོན་ཏནནི། ཞི་གནས་ཀྱི་ཏིང་ངེ་འཛིན་རྣམ་དག་ཞིག་འགྲུབ་ཚེ། ཉིན་མཚན་ཀུན་ཏུ་ལུས་སེམས་དགེ་བ་ལ་སྦྱོར་བ་ལ་སྐྱོ་དུབ་མི་འབྱུང་བ་དང༌། བཟླས་བརྗོད་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དགེ་བའི་དམིགས་པ་གང་ལ་སེམས་གཏད་ཀྱང་། ཡུར་བ་བདེ་མོ་ལ་ཆུ་དྲངས་པ་བཞིན་དུ། བྱིང་རྒོད་ཀྱི་དབང་དུ་མི་འགྲོ་བར། གང་དམིགས་པགཏད་པའི་ཡུལ་དེ་ཉིད་ཤིན་ཏུ་གསལ་བ་ཞིག་འོང་བས། དགེ་བ་གང་བྱས་སྟོབས་ཆེ་བ་དང་། ཁྱད་པར་དུ་ཞི་གནས་འགྲུབ་པའི་སྟེང་ནས་གནས་ལུགས་ཀྱི་དོན་གོམས་པས་འཁོར་བ་ལས་མྱུར་དུ་གྲོལ་བ་དང་། སྔགས་བླ་མེད་ཀྱི་ལྷའི་རྣལ་འབྱོར་དང་།རྩ་རླུང་ཐིག་ལེ་སྒོམ་པའི་ཚེ་ན་ཡང༌། ༼༤བ༽དམིགས་རྟེན་སྤོ་བ་ཙམ་ལས་རྩོལ་བ་ཆེན་པོ་མི་དགོས་པར་རླུང་སེམས་འཇུག་པ་གཅིག་པའི་དབང་གིས་གནས་དེར་རླུང་མྱུར་དུ་འདུས་ནས། ཡེ་ཤེས་འཆར་བ་སོགས་ཕན་ཡོན་རྣམས་ཡང་ཡང་བསམ་པ་གལ་ཆེ་སྟེ། འདི་བསམ་ན་ནང་ནས་ཏིང་དེ་འཛིན་སྒོམ་པ་ལ་བསྐུལ་བས་ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་སྐྱེ། དེ་ལ་བརྟེན་ནས་ཏིང་ངེ་འཛིན་ལ་རྩོལ་བའི་བརྩོན་འགྲུས་སྐྱེ། དེ་ལ་རྟེན་ནས་ལུས་སེམས་ཤིན་སྦྱང་གི་བདེ་བ་སྐྱེ། དེའི་མཐུས་ལེ་ལོ་གསུམ་ལྷག་མ་མ་ལུས་པར་ལྡོག་ནུས་པ་ཡིན།
       གདམས་ངག་བརྗེད་པའི་གཉེན་པོ་དྲན་པསྟེ། དེ་ཡང་ཁྱད་པར་གསུམ་དང་ལྡན་པ་ཞིག་དགོས་པས། དམིགས་པ་ཡུལ་གྱི་ཁྱད་པརནི། སྔརམ་འདྲིས་བའི་དངོས་པོ་ལ་དྲན པམི་འཇུག་པས། དང་པོར་དེ་བཞིན་གཤེགས་པའི་སྐུ་གཟུགས་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་བཙལ་ལ། དེ་ལ་མིག་གིས་ཡང་དང་ཡང་དུབལྟ་ཞིང་། དེའི་དོན་སྤྱི་བློ་ཡུལ་དུ་གོམས་སུ་བཅུག། རྣམ་པའམ་འཛིན་སྟངས་ཀྱི་ཁྱད་པར་ནི། དམིགས་རྟེན་དེ་ཉིད་མ་བརྗེད་པར་ཐུ་རེ་དྲན་པ་སྟེ་གསལ་ཆའི་ངར་དང་ལྡན་པ། བྱེད་ལས་ཀྱི་ཁྱད་པར། སེམས་དམིགས་པ་ལས་གཡེང་བ་འགོག་པ་སྟེ། ཁྱད་པར་གསུམ་དང་ལྡན་པ་ཞིག་དགོས་སོ།།
       ཉེས་པགསུམ་པ་བྱིང་རྒོད་གཉིས་ཀྱི་གཉེན་པོ་ནི་ཤེས་བཞིན་ཏེ། དེ་ཡང་སེམས་དམིགས་པ་ལ་གཏད་ནས་རིང་པོར་མ་ལེན་པའི་ཚེ། ཇི་ལྟར་༼༥ན༽སེམས་དམིགས་པ་ལ་བཞག་པ་བཞིན་གནས་མི་གནས་བྱ་ར་བྱེད་པ་སྟེ། སྤྱོད་འཇུག་ལས།
            ལུས་དང་སེམས་ཀྱི་གནས་སྐབས་ལ།།
            ཡང་དང་ཡང་དུ་བརྟག་བྱ་སྟེ།།
            དེ་འདི་ཁོ་ན་མདོར་ནནི།།
            ཤེས་བཞིན་བསྲུང་བའི་མཚན་ཉིད་དོ།།
ཞེས་གསུངས་པ་ལྟར། དྲན་པས་སེམས་དམིགས་པ་ལ་གཏད་པ་དེ་ཉིད། བྱིང་རྒོད་ཀྱི་དབང་དུ་སོང་མ་སོང་བལྟ་ཐོག་བྱེད་པ་སྟེ། དེ་ཡངདམིགས་རྟེནབཏང་ནས་དེ་ལྟར་བྱེད་པ་མ་ཡིན་གྱི། སེམས་བྱིང་པོ་དམིགས་རྟེན་ལ་གནས་བཞིན་པའི་ངང་ནས། བློའི་ཟུར་གཅིག་གིས་བལྟ་རྟོག་བྱེད་པསྟེ། སྤྱོད་འཇུག་ལས།
            དྲན་པ་བརྗེད་མེད་གྱུར་པ་ན།།
            དེ་ཚེ་ཤེས་བཞིནའོང་འགྱུར་ཏེ།།
ཞེས་གསུངས་པ་ལྟར། རྩ་བའི་སྐྱོང་ཚུལ་དྲན་པ་མ་བརྗེད་པ་གལ་ཆེ་སྟེ། དེ་བྱུང་ན་ཤེས་བཞིན་རང་ཤུགས་ཀྱིས་འོང་བར་གསུངས་སོ།།
       འོན། བྱིང་རྒོད་ཀྱི་ཁྱད་པར་ཛིལྟ་བུ་ཡིན་སྙམ་ན། དམིགས་རྟེན་མ་བརྗེད་ཅིང་སེམས་དྭང་བའི་རྣམ་པ་ཙམ་ཡོད་ཀྱང༌། སེམས་ཀྱི་དམིགས་རྟེན་དམ་སྒྲིང་ངེ་འཛིན་པ་དེ་ཅུང་ཟད་ལྷོད་དུ་སོང་བ་ནི་བྱིང་བ་དང༌། སེམས་དམིགས་རྟེན་ལ་ཇི་ལྟར་གཏད་པ་བཞིན་མི་གནས་པར་ཡུལ་ཡིད་དུ་འོང་བ་ལ་འཕྲོ་བ་ནི་རྒོད་པ་དངོས་དང་། ཞེ་སྡང་གི་དབང་གིས་དགྲ་ལ་རྣམ་རྟོག་འཕྲོ་བ་སོགས་རྣམ་གཡེང་གི་རིགས་ཐམས་ཅད་རྒོད་པ་དངོས་མ་ཡིན་ཀྱང་། ཏིང་ངེ་འཛིན་ལ་བར་དུ་གཅོད་བྱེད་འབའ་ཞིག་ཡིན་པས། བསྒོམ་པའི་ཚེ་༼༥བ༽དགག་དགོས་པ་ལ་ཁྱད་པར་མེད་དོ།།
       བྱིང་བ་དང་རྨུགས་པའི་ཁྱད་པར་ནི། ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བར་བྱེད་པའི་སེམས་བྱུང་མི་དགེ་བ་ཞིག་ལ་རྨུགས་པར་ངོས་འཛིན་དགོས་པས། དེ་ལ་བརྟེན་ནས་སྔར་བཤད་པའི་བྱིང་བ་སྐྱེ་བར་གསུངས་ལ། དེ་གཉིས་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་པ་ཡིན་གྱི། བྱིང་རྨུགསཀྱི་དབྱེ་བ་མ་ཕྱེད་པར་གཅིག་ཏུ་བྱས་ཏེ་བྱིང་བ་ཕྲ་མོ་མཆོད་པའི་སེམས་ཀྱི་དྭངས་བྱ་ཙམ་ལ་ཏིང་ངེ་འཛིན་རྣམ་དག་ཏུ་འཁྲུལ་ན། ཡུན་རིང་པོ་ཇི་ཙམ་སྒོམ་ཀྱང་ཞི་གནས་འགྲུབ་པ་མི་སྲིདཔར་གསུངས་སོ།།
       ཉེས་པ་ལྔ་པ་འདུ་བྱེད་པའི་གཉེན་པོ་ནི། སེམས་གནས་དགུ་པ་ཐོབ་པའི་ཚེ། བྱིང་རྒོད་ཀྱི་དབལ་ཕྱོགས་པའི་དུས་ཡིན་པས་སེམས་དམིགས་པ་ལ་རང་གི་ངང་གིས་གནས་པ་འབྱུང་བས། དེའི་ཚེ་སེམས་ནང་དུ་འགུག་པ་དང་། འཕངས་བསྟོད་པ་སོགས་སྩོལ་བ་ཆེས་ན། ཏིང་ངེ་འཛིན་གྱི་གེགས་བྱེད་པས་དེའི་ཚེ་གློད་ཤེས་པའི་འདུ་བྱེད་བཏང་སྙོམ་སྒོམ་པ་ནི། ཕྱིང་རྒོད་ཀྱི་གཉེན་པོ་ཧ་ཅང་བསྟེན་དྲགས་པ་དེའི་གཉེན་པོ་ཡིན་ནོ།།
       དེ་ལྟར་ཉེས་པ་ལྔ་སྤོང་བ་དང་འདུ་བྱེད་བརྒྱད་བསྟེནཔ་ཉམས་ལེན་སྙིང་པོར་དྲིལ་བ་དེ་ཉིད། གཞན་གྱིས་བཤད་པའི་གོ་བ་དང་ཚིག་བཤད་ཙམ་དུ་མ་སོང་བར་རང་གི་སེམས་སྟེང་ནས་ངོ་འཕྲོད་པ་ཞིག་བྱས་ཏེ། དངོས་གཞི་སྒོམ་པའི་ཚེ་སེམས་དམིགས་རྟེན་ལ་གཏད་ནས་ཡུན་ཧ་ཅང་རིང་པོ་མ་སོང་བར་བློའི་ཟུར་ཞིག་གིས་དམིགས་༼༦ན༽རྟེན་ལ་ཇི་ལྟར་བཞག་པ་ལྟར་གནས་མི་གནས་དང་། མི་གནསཚེ་བྱིང་རྒོད་གང་གི་དབང་དུ་སོང་བརྟག་པ་ན། སེམས་ཀྱི་དམིགས་རྟེན་དམ་སྦྲིང་ངེ་འཛིན་པ་དེ་ཉིད་ཅུང་ཟད་ལྷོད་དུ་སོང༌བ་ན་བྱིང་བ་ཕྲ་མོ་བྱུང་སྙམ་ཤེས་པར་བྱས་ཏེ། སེམས་འཕངས་བསྟོད་ལ་འཛིན་སྟངས་དམ་དུ་གཏོང་། འཛིན་སྟངས་ཀྱི་གསལ་ཆ་ཧད་ཀྱི་ཤོརནས་དམིགས་རྟེན་གསལ་བའི་དྭངས་པ་ཙམ་ལས་མི་འདུག་ན་བྱིང་བ་རགས་པར་ངོ་ཤེས་པར་བྱས་ཏེ་སྔར་བཞིན་དགག །དེ་ཡང་བློ་ཙབ་ཙུབ་ལྟ་བུ་མ་ཡིནཔར། ཁོངས་སྒྲིམས་ལ་ཕྲལ་ལྷོད་ཆགས་པ་ཞིག་དགོས།
       དེ་ལྟར་བྱིང་བའི་་གཉེན་པོ་བསྟེན་ཀྱང་ཡང་དང་ཡང་དུ་འོང་བ་དང་་ཡུན་རིང་དུ་འོང་བར་སྣང་་ན་རེ་ཤིག་དམིགས་པ་གློད་ལ། དལ་འབྱོར་ཐོབ་པའི་ཕན་ཡོན་རྗེས་དྲན་དྲུག་ལ་སོགས་པ་ཕན་ཡོན་གྱི་ཕྱོགས་རྣམས་ལ་སེམས་སྤྲོས་ཏེ། སེམས་གཟེངས་བསྟོད་པ་དང་།གདོང་ལ་ཆུ་གྲང་འདེབས་པ་དང་། རྒྱང་རིང་པོ་ལ་བལྟ་བ་དང༌། ཉི་ཟླའི་འོད་ལ་སོགས་པ་སྣང་བའི་མཚན་མ་ཡིད་ལ་བྱས་ན་བྱིང་བ་སེལ་བར་གསུངས། དེས་ཀྱངམ་སེལ་ན་བྱིང་བ་བཙན་ཐབས་སུ་གཅོད་པའི་གདམས་ངག་ནི། རང་གི་ལྟེ་བའི་ཐད་ཙམ་གྱི་ལུས་ཀྱི་ནང་དུ་སེམས་ཀྱི་ངོ་བོ་འོད་ལྕོག་སྒོང་ཙམ་ཞིག་གསལབཏབ་ལ། དེ་ལ་རང་གི་སེམས་ཞུགས་པ་བཞིན་དུ་བྱས་ལ་ཅུང་ཟད་མཉམ་པར་བཞག །ངག་ནས་ ཕཊ་༼༦བ༽འདོན་པ་དང་དུས་མཉམ་དུ་སེམས་ཀྱི་ངོ་བོ་འོད་དཀར་པོ་དེ་ཉིད་སྤྱི་བོ་ནས་རྒྱངས་ཏེ་ཐོན། ནམམཁའི་དབྱིངས་མཐོན་པོར་སླེབས་པན། ནམ་མཁའ་མཐའ་དབུས་ཐམས་ཅད་དང་བྲལ་བ་དང་རང་སེམས་དབྱེར་མི་ཕྱེད་པ་ནམ་མཁས་གར་ཁྱབ་དུ་སེམསཀྱིས་ཁྱབ་པར་བསམ་ལ་ཡུན་རིང་དུ་མཉམ་པར་བཞག །སླར་ཡང་སྔར་བཞིན་རླུང་སེམས་ནམ་མཁའདང་བསྲེ་བའི་གདམས་ངག་དེ་ཉིད་ཡང་ཡང་བསྒོམ་པས་བྱིང་བ་སེལ་བར་གསུངས།
       སེམས་དམིགས་རྟེན་ལ་རྩེ་གཅིག་ཏུ་མི་གནས་པར་གཞན་དུ་འཕྲོ་ཚད་པ་བྱུང་ན་རྒོད་པ་ཕྲ་མོ་དང་། ཡུལ་གཞན་གྱི་རྣམ་པ་ཧད་ཀྱི་ཤར་ན། རྒོད་པ་རགས་པར་ངོ་ཤེས་པར་བྱས་ཏེ་སེམས་དམིགས་རྟེན་ལ་གླན། དེ་ལྟར་བྱས་ཀྱང་མ་སེལ་ན། འཆི་བ་མི་རྟག་པ། ངན་འགྲོའི་སྡུག་བསྔལ་བསམ་པ་སོགས་སྐྱོ་ཤས་དྲག་པོ་བསྒོམ། དེས་ཀྱངམ་སེལ་ན། རྒོད་པ་བཙན་ཐབསསུ་གཅོད་པའི་གདམས་པ་བྱ་སྟེ། དབུགས་ཕྱིནང་དུ་རྒྱུ་བ་ལྔ་ཙམ་ཞིག་བགྲང་། དེ་རྗེས་སྣ་བུག་གཉིས་ནས་རླུང་ཁ་དོག་དཀར་པོ་ཞིག་ནང་དུ་རྔུབ་སྟེ་ལྟེ་འོག་སོར་བཞི་ཙམ་དུ་མནན། འོག་སྒོ་གཉིས་ཚུམས་བྱེད་པདང་མཉམ་དུ་འོག་རླུང་སེར་པོ་གྱེན་དུ་དྲངས་ཏེ། ལྟེ་བར་རླུང་ཁ་སྦྱར་བཟུང་སྟེ། དབུགས་ཕྱིར་མ་བཏང་པ་ཅིནུས་སུ་འཛིན། ཡང་དབུགས་འབྱུང་རྔུབ་ལན་བདུན་ཙམ་བགྲངས། དེ་ནས་སྔར་བཞིན་རླུང་ཁ་སྦྱར་དུ་འཛིན། དེ་བཞིན་དུ་༼༧ན༽དབུགས་བཅུ་གཅིག།། བཅུ་གསུམ་དང་། བཅོ་ལྔ་ཙམ་རེ་བགྲང་བ་དང་རླུང་ཁ་སྦྱར་དུ་འཛིན་པ་རེ་མོས་སུ་བྱས་ཏེ་བསྐྱང་ན། རྒོད་པ་བཙན་ཐབས་སུ་གཅོད་ནུས་པར་གསུངས།
       དེ་ལྟ་བུའི་ཚུལགྱིས་བྱིང་རྒོད་གཅོད་ཚུལ་ལ་མཁས་པར་བྱས་ཏེ། བརྩོན་འགྲུས་ཆེན་པོའི་སྒོ་ནས་ཉམས་སུ་བླངས་པས་སེམས་གནས་དགུ་རིམ་གྱིས་འགྲུབ་སྟེ། དགུ་པོ་དེ་སྟོབས་དྲུག་གིས་འགྲུབ་ལུགས་དང་། དེ་ཡིད་བྱེད་བཞིར་ཡོད་ཚུལ་རྣམས་ཤེས་དགོས་པས། སྟོབས་དང་པོ་ཐོས་པའི་སྟོབས་ཀྱིས། སེམས་གནས་དང་པོ་ནང་དུ་འཇོག་པ། སྟོབས་གཉིས་པ་བསམ་པའི་སྟོབས་ཀྱིས། སེམས་གནས་གཉིས་པ་རྒྱུན་དུ་འཇོག་པ། སྟོབས་གསུམ་པ་དྲན་པའི་སྟོབས་ཀྱིས། སེམས་གནས་གསུམ་པ་གླན་ཏེ་འཇོག་པ་དང་བཞི་པ་ཉེ་བར་འཇོག་པ། སྟོབས་བཞི་པ་ཤེས་བཞིན་གྱི་སྟོབས་ཀྱིས། སེམས་གནས་ལྔ་པ་དུལ་བར་བྱེདཔ་དང་དྲུག་པ་ཞི་བར་བྱེད་པ་གཉིས། སྟོབས་ལྔ་པ་བརྩོན་འགྲུས་ཀྱི་སྟོབས་ཀྱིས། སེམས་གནས་བདུན་པ་རྣམ་པར་ཞི་བར་བྱེད་པ་དང༌བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་གཉིས། སྟོབས་དྲུག་པ་ཡོངས་སུ་དག་པའི་སྟོབསཀྱིས། སེམས་གནས་དགུ་པ་མཉམ་པར་འཇོག་པའི་སེམས་རྣམས་རིམ་པ་བཞིན་དུ་འགྲུབཅིང་།
       དེ་ལ་ཡིད་བྱེད་བཞིར་ཡོདཚུལ་ནི། སེམས་གནསདང་བོ་གཉིས་ཀྱི་ཚེ། བྱིང་རྒོད་ཆེས་མང་ཞིང་༼༧བ༽ཏིང་ངེ་འཛིན་ཉུང་ཤས་ལས་མེད་པས། ཡིད་བྱེད་བཞིའི་ནང་གི་དང་པོ་སྒྲིམ་སྟེ་འཇུག་པའི་ཡིད་བྱེད། བར་པ་ལྔའི་སྐབས་སུ། ཏིང་ངེ་འཛིན་ཆེས་མང་ཞིང་དེའི་བར་བར་དུ་བྱིང་རྒོད་ཀྱིས་ཡང་ཡང་གཅོད་པར་བྱེད་པས་ན། ཡིད་བྱེད་བཞིའི་ནང་གི་གཉིས་པ་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད། སེམས་གནས་བརྒྱད་པའི་སྐབས་སུ་བྱིང་རྒོད་ཀྱིས་བར་དུ་གཅོད་མི་ནུས་པས་ན། ཡིད་བྱེད་བཞིའི་ནང་གི་གསུམ་པ་སྐབས་སུ་ཆད་བ་མེད་པར་འཇུག་པའི་ཡིད་བྱེད། སེམས་གནས་དགུ་པའི་སྐབས་སུ་རྩོལ་བ་ལ་མ་ལྟོས་པར་སེམས་དམིགས་རྟེན་ལ་རང་གི་ངང་གིས་གནས་པས་ན་ཡིད་བྱེད་བཞིའི་ནང་གི་བཞི་པ་ལྷུན་གྱིས་གྲུབ་པའི་ཡིད་ཁྱེད་རྣམས་རིམ་གྱིས་འགྲུབ་པ་ཡིན།
       སེམས་གནས་དགུའི་སྐབས་སུ་ཉམས་ལྔ་འཆར་ཚུལ་ནི། ༡ སེམས་གནས་དང་པོའི་སྐབས་སུ་རྣམ་རྟོག་རི་གཟར་གྱི་འབབ་ཆུ་ལྟར་འབྱུང་བའི་ཉམས་འཆར། ༢ སེམས་གཞས་གཉིས་པའི་སྐོབས་སུ། རེས་རྣམ་རྟོག་རྒྱུན་ཆད་ཅིང་རེས་ཐོལ་ལེར་སྐྱེ་བའི་རྣམརྟོག་ངལ་གསོ་བའི་ཉམས་འཆར། ༣ སེམས་གནས་གསུམ་པའི་སྐབས་སུ། ལུང་པ་ཕུ་གསུམ་གྱི་རྫིང་བུ་ལྟར་འགལ་རྐྱེན་གྱིས་མ་དཀྲུགས་པའི་ཚེ་སེམས་གོམས་པའི་ཉམས་བྱེད་ལ། རྐྱེན་ཅུང་ཟད་བྱུང་ཚེ་མི་གནས་པའི་རྣམ་རྟོག་ཐང་ཆད་པའི་ཉམས་འཆར། ༤ སེམས་གནས་བརྒྱད་༼༨ན༽པའི་ཚེ་རྒྱ་མཚོ་རླབས་དང་བཅས་པ་ལྟར། རྐྱེན་བྱུང་ཡང་གཉེན་པོ་དྲན་འཛིན་ཉུང་ཟད་བརྟན་པ་ཙམ་གྱིས་རང་ཡལ་དུ་ཞི་འགྲོ་བའི་ཉམས་འཆར། ༥ སེམས་གནས་དགུ་པའི་ཚེ་རྩོལ་ལ་མ་ལྟོས་པར་སེམས་དམིགས་རྟེན་ལ་རང་གི་ངང་གིས་གནས་པས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུའི་ཉམས་འཆར།
       དེ་ལྟར་སེམས་གནས་དགུ་པ་ཐོབ་ན་འདོད་སེམས་རྩེ་གཅིག་པའམ། ཞི་གནས་རྗེས་མཐུན་པ་ཐོབ་པ་ཡིན་པས། འདིའི་ཚེ་བྱིང་རྒོད་ཀྱི་བཟོན་བྱེད་པའི་རྩོལ་བ་མི་དགོས་ཤིང་། བྱས་ན་ཏིང་ངེ་འཛིན་གྱི་གེགས་སུ་འགྱུར་བས་གློད་རབ་ལ་སྒོམ་རབ་ཅེས་གསུངས་པ་ཡིན་ནོ།། དེ་ལྟར་སེམས་གནས་དགུ་པ་ཐོབ་པའི་གང་ཟག་དེས་དམིགས་པའི་རྟེན་ལྷ་སྐུ་ལྟ་བུ་ཡིན་ན། དེ་ཉིད་ཀྱི་སྤྱན་གྱི་དཀརནག་ཚུན་ཆད་མ་འདྲེས་པར་ཡིད་ངོར་ཤར་ཏེ།དམིགས་རྟེན་དེའི་རྡུལ་ཕྲ་རབ་ཚུན་ཆད་བགྲང་ནུས་སམ་སྙམ་པའི་གསལ་ཆ་དང་། ཤེལ་གྱི་སྣོད་དྭངས་པའི་ནང་དུ་ཆུ་དྭངས་པ་བླུག་པ་ལ། ཉི་མའི་འོད་ཟེར་ཕོག་པ་ལྟ་བུའི་དྭངས་མ་ཡིད་ངོར་ཤར་ནས། དེ་ཉིད་ཀྱི་ངང་ཅི་ཙམ་འདོད་ཀྱི་བརདུ་སེམས་གནས་པ་འབྱུང་བ་ཡིནནོ།།
       དེ་ལྟར་སྒོམ་པས་ཞི་གནས་དངོས་འགྲུབ་པའི་མཆན་མ་ན། ཏིང་ངེ་འཛིན་སྒོམ་པའི་གང་ཟག་དེ་ཀླད་པ་ལྕི་བེམ་བྱེད་པའི་རྣམ་པ་འཆར་ཞིང༌། དེ་ཡང་མི་བདེ་བའི་རྣམ་པ་མ་ཡིན་པར་༼༨བ༽བདེ་ཉམས་དང་བཅསཏེ་འཆར་ཞིང་། དེ་ནས་རིང་པོར་མི་ཐོགས་པར་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་མིརུང་བའི་གནས་ངན་ལེན་ཞི་ནས་སེམས་ཤིན་སྦྱངས་རྗེས་མཐུན་པ་སྐྱེ། དེ་རྗེས་ལས་རུང་གི་རླུང་ལུས་ལ་རྒྱུ་བའི་མཐུས། ཤིང་བལ་ལྟར་ཡང་བའི་ལུས་ཤིན་སྦྱངས་སྐྱེ། དེ་ལ་བརྟེན་ནས་ཡིད་བདེ་ཉམསཀྱི་སེམས་ཤིན་སྦྱངས་སྐྱེ། དེ་ཡང་ལུས་ཤིན་སྦྱངས་སྐྱེས་པའི་དེ་མ་ཐག་དགའ་གཡེང་གཡེང་བ་བྱུང་བ་དེའི་ཚེ་ཞི་གནས་དངོས་འགྲུབ་པ་མིན་ཅིང་། དགའ་གཡེང་བ་དེ་ཞི་ནས་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཤིན་སྦྱངས་ཐོབ་པ་དང་དུས་མཉམ་དུ་ཞི་གནས་དངོས་དང་བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་པ་དུས་མཉམ་ཞིང༌། མཉམ་པརབཞག་པའི་ས་དང་པོར་ཐོབ་པ་ཡིན།
       དེ་ལྟརཞི་བགཞས་ཀྱི ཏིང་ངེ་འཛིན་དེ་ནི་ཕྱི་རོལ་པ་རྣམས་དང་ཡང་ཐུན་མོང་བའི་ཏིང་ངེ་འཛིནཡིན་པས། བསམ་གཏནདང་པོའི་ཉེར་བསྡོགས་དེ་ཐོབ་པའི་སྟེང་ནས་དངོས་གཞི་སྒྲུབ་པ་སོགས་འཇིག་རྟེན་པའི་ལམ་གྱི་བགྲོད་པའི་རྩོལ་བ་བཞག་སྟེ། བདག་མེད་གཉིས་ཀྱི་དོན་ལ་སོ་སོར་དཔྱད་དེ་འཇིག་རྟེན་ལས་འདས་པའི་ལམ་གྱི་སྒོ་ནས་རྣམ་པ་ཐམས་ཅདམཁྱེན་པའི་སར་བགྲོད་པར་བྱའོ།།
       སྔར་བཤད་པའི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ལྟ་བུ་འགྲུབ་༼༩ན༽པ་ལ་དུས་ཡུན་ཇི་ཙམ་གྱི་བར་དུ་སྒོམ་དགོས་སྙམན། པཎཆེན་ཐམསཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས། དུག་གསུམ་ཤས་ཆུང་བའམ་མཉམ་པའི་གང་ཟག་གིས་ཞི་གནས་ཀྱི་ཚོགས་དྲུག་སོགས་ལ་གནས་ཏེ། སྙིང་རུས་ཆེན་པོའི་སྒོ་ནས་ཞི་གནས་འགྲུབ་པའི་དུས་ལ་ཟླ་བ་བཞི་ལས་ཡུན་རིང་བ་མ་བཤད། ཅེས་གསུངས་པ་ལྟརཡིན། དེ་ཡང་སློབ་དཔོན་ཙནྡྲ་གོ་མིས།
            རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས།།
            བསམ་གཏན་སྒོམ་ལ་བརྩོན་པར་བྱ།།
            ཡང་དང་ཡང་ཞིང་ངལ་གསོ་ན།།
            གཙུབ་ཤིང་མེ་བྱིན་མི་འགྱུར་ལྟར།།
            རྣལ་འབྱོར་ཚུལ་ཡང་ད་བཞིན་དུ།།
            ཁྱད་པར་མ་ཐོབ་བཏང་མི་བྱ།།
ཞེས་གསུངས་པ་ལྟར། ཏིང་ངེ་འཛིན་ཐོག་མ་བསྒོམ་པ་ནས་བཟུང་སྟེ། བྱ་བ་གཞན་གྱིས་བར་མ་ཆོད་པར་ཏིང་ངེ་འཛིན་སྒོམ་ཚུལ་མཁས་པར་བྱས་ཏེ། འདོད་པའི་ཡུལ་ཧ་ཅང་བསྟེན་དྲག་པ་དང་། དུས་མཡིན་པའི་གཉིད་ལ་སོགས་པ་སྤངས་ཏེ། ཉིན་མཚན་ཁོར་ཡུག་ཏུ་བསྒོམ་ན། ཟླ་བ་བཞི་ཙམ་གྱི་ཡུན་ལ་ཏིང་ངེ་འཛིན་རྣམ་དག་འགྲུབ་པ་ལ་དགོངས་པ་ཡིན་གྱི། གཙུབ་ཤིང་དང་གཙུབ་སྟན་ ་ ་
གཉིས་བསྲུབ་པ་ལས་དྲོད་སྐྱེཙམ་ནས་ངལ་གསོ། སླར་ཡངབསྲུབ་པ་ལྟ་བུས་དུས་ཡུན་རིང་པོ་ཇི་ཙམ་དུ་འབད་ཀྱང་མེའབྱུང་བམི་སྲིད་པ་བཞིན་དུ། ཐོག་མར་ཏིང་ངེ་འཛིན་བསྒོམས་ནས་སེམས་ཀྱི་གནས་ཆ་༼༩བ༽དང་གསལ་ཆ་ཅུང་ཟད་སྐྱེས་པ་ན། ཆོས་ལྡན་གྱི་བྱ་བ་གཞནནམ་ཚེ་འདིའི་འདོད་པ་བསྒྲུབ་པའི་བྱ་བ་གཞན་གྱིས་བར་བཅད་དེ། སླར་ཡང་སྒོམ་པ་ལྟ་བུ་དུས་སྔ་ཕྱི་རྣམས་བསྡོམས་པས་ལོ་མང་པོ་སོང་ཡང་ཞི་གནས་ཀྱི་ཏིང་ངེ་འཛིན་འགྲུབ་པ་མིསྲིད་པས། སྙིང་ཐག་པ་ནས་ཏིང་ངེ་འཛིན་བསྒྲུབ་པ་འདོད་པ་ཡིན་ན། ཚེ་འདིའི་འདུན་མ་ཐམས་ཅད་ཕར་རྒྱབ་ཏུ་བསྐྱུར་ཏེ། དབེན་པའི་གནས་སུ་བསྒྲུབ་པ་ལ་རྩེ་་གཅིབ་ཏུ་བརྩོན་པར་བྱའོ།།

               སྨྲས་པ། ཤིན་སྦྱངས་བདེ་བས་ལུས་སེམས་ཀུན་ལ་ཁྱབ།།
                        བྱ་བ་ཅི་བྱེད་དགེ་བའི་ཆོས་སུ་བསྒྱུར།།
                        ཡོན་ཏན་ཀུན་གྱི་གཞི་རྟེན་ཏིང་ངེ་འཛིན།།
                        ལུས་སྲོག་འདོར་ཀྱང་བསྒྲུབ་པར་ཅིས་མི་རིགས།།

                        འདི་ནང་ཆོས་རྣམས་དོན་མེད་མཐོང་བའི་བློས།།
                        གཏན་བདེའི་རྩ་བ་རྣམ་དག་ཏིང་ངེ་འཛིན།།
                        བསྒྲུབ་ལ་ཕྱི་བཤོལ་ལེ་ལོ་རབ་སྤངས་ཏེ།།
                        རང་ལ་བརྩོན་པའི་ལྕགས་ཀྱིས་བྲབ་ཀྱང་རིགས།།

                         དགེ་འདིས་འགྲོ་ཀུན་རྣམ་གཡེང་རབ་སྤངས་ཏེ།།
                        རྣམ་ཤེས་ཅང་ཤེས་ཁ་ལོ་གྱེན་དུ་བསྒྱུར།།
                        འབད་བརྩོན་དྲག་པོའི་ལྕགས་ཀྱིས་རབ་བསྐུལ་ཏེ།།
                        ཐར་པའི་ལམ་ལ་དཀྱུས་ཐག་སྤྱོད་པར་ཤོག།

       ཅེས་པ་འདི་ཡང་བྱང་ཕྱོགས་བསྟན་པའི་གསལ་བྱེད་ཨ་རུ་ཧོར་ཆེན་སྤྲུལ་པའི་སྐུ་བློ བཟང་སྙན་གྲགས་ནས། ལམརིམ་འཇམ་དཔལ་ཞལ་ལུང་གི་བཤད་ལུང་གསན་སྐབས། ཞི་གནས་སྐོར་ལ་བཤད་པ་རྒྱས་པ་ཞིག་དགོས་ཚུལ་དང་། དེ་ཉིད་ཀྱི་སྙིང་པོ་བསྡུས་པ་ཡི་གེར་འཁོད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར།  ྋཤཱཀྱའི་དགེ་སློང་གདོང་དྲུག་འགྲུབ་པའི་རྡོ་རྗེས་་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྦྱར་བའོ།།   །།

Saturday, May 16, 2020

སྨོན་ལམ་ཉི་ཤུ་པ།


༄༅།   །དབུ་མ་རིན་ཆེན་ཕྲེང་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ་བཞུགས་སོ།།
མཛད་པ་པོ། སློབ་དཔོན་ཀླུ་སྒྲུབ།

སངས་རྒྱས་ཆོས་དང་དགེ་འདུན་དང༌།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌།།
རྣམ་ཀུན་བཏུད་དེ་སྐྱབས་མཆིས་ནས།། མཆོད་འོས་རྣམས་ལ་ཕྱག་འཚལ་ལོ།། ༡

སྡིག་པ་ལས་ནི་ལྡོག་བགྱིད་ཅིང༌།། བསོད་ནམས་ཐམས་ཅད་ཡོངས་སུ་བཟུང༌།།
ལུས་ཅན་ཀུན་གྱི་བསོད་ནམས་དག། ཀུན་ལ་རྗེས་སུ་ཡི་རང་ངོ༌།། ༢

བདག་ནི་སྤྱི་བཏུད་ཐལ་སྦྱར་ཏེ།། ཆོས་ཀྱི་འཁོར་ལོ་བསྐོར་སླད་དང༌།།
འགྲོ་གནས་བར་དུ་བཞུགས་སླད་དུ།། རྫོགས་པའི་སངས་རྒྱས་རྣམས་ལ་གསོལ།། ༣

དེ་ལྟར་བགྱིས་པའི་བསོད་ནམས་དང༌།། བདག་གིས་བགྱིས་དང་མ་བགྱིས་གང༌།།
དེས་ནི་སེམས་ཅན་ཐམས་ཅད་ཀྱང༌།། བླ་མེད་བྱང་ཆུབ་སེམས་ལྡན་ཤོག། ༤

སེམས་ཅན་ཐམས་ཅད་དྲི་མེད་དབང༌།། ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌།།
སྤྱོད་པ་རང་དབང་ཡོད་པ་དང༌།། འཚོ་བ་བཟང་དང་ལྡན་པར་ཤོག། ༥

ལུས་ཅན་དག་ནི་ཐམས་ཅད་ཀྱང༌།། ལག་ན་རིན་ཆེན་ཉིད་ལྡན་ཞིང༌།།
ཡོ་བྱད་ཐམས་ཅད་མཐའ་ཡས་པ།། འཁོར་བ་སྲིད་དུ་མི་ཟད་ཤོག། ༦

བུད་མེད་ཐམས་ཅད་དུས་ཀུན་དུ།། སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག།
ལུས་ཅན་ཐམས་ཅད་རིག་པ་དང༌།། རྐང་པར་ལྡན་པ་ཉིད་དུ་ཤོག། ༧

ལུས་ཅན་ཁ་དོག་ལྡན་པ་དང༌།། གཟུགས་བཟང་གཟི་བརྗིད་ཆེ་བ་དང༌།།
བལྟ་ན་སྡུག་ཅིང་ནད་མེད་དང༌།། སྟོབས་ཅན་ཚེ་དང་ལྡན་པར་ཤོག། ༨

ཐམས་ཅད་ཐབས་ལ་མཁས་གྱུར་ཏེ།། སྡུག་བསྔལ་ཀུན་ལས་ཐར་པ་དང༌།།
དཀོན་མཆོག་གསུམ་ལ་གཞོལ་བ་དང༌།། སངས་རྒྱས་ཆོས་ནོར་ཆེ་ལྡན་ཤོག། ༩

བྱམས་དང་སྙིང་རྗེ་དགའ་བ་དང༌།། ཉོན་མོངས་བཏང་སྙོམས་གནས་པ་དང༌།།
སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང༌།། ༡༠

ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ།། མཚན་དང་དཔེ་བྱད་གསལ་བ་དང༌།།
བསམ་གྱིས་ མི་ཁྱབ་ས་བཅུ་དག། རྒྱུན་མི་འཆད་པར་བགྲོད་པར་ཤོག། ༡༡

བདག་ཀྱང་ཡོན་ཏན་དེ་དག་དང༌།། གཞན་ཀུན་གྱིས་ཀྱང་བརྒྱན་ལྡན་ཏེ།།
ཉེས་པ་ཀུན་ལས་གྲོལ་བ་དང༌།། སེམས་ཅན་ཀུན་མཆོག་བྱམས་པ་དང༌།། ༡༢

སེམས་ཅན་ཀུན་ཡིད་རེ་བ་ཡི།། དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང༌།།
རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི།། སྡུག་བསྔལ་སེལ་བར་བགྱིད་པར་ཤོག། ༡༣

འཇིག་རྟེན་ཀུན་ན་སྐྱེ་བོ་གང༌།། སུ་དག་འཇིགས་པས་སྐྱེ་བོ་ཀུན།།
བདག་གི་མིང་ཙམ་ཐོས་པས་ཀྱང༌།། ཤིན་ཏུ་འཇིགས་པ་མེད་པར་ཤོག། ༡༤

བདག་ནི་མཐོང་དང་དྲན་པ་དང༌།། མིང་ཙམ་ཐོས་པས་སྐྱེ་བོ་རྣམས།།
རབ་དང་འཁྲུག་མེད་རྣལ་མ་དང༌།། རྫོགས་པའི་བྱང་ཆུབ་ངེས་པ་དང༌།། ༡༥

ཚེ་རབས་ཀུན་དུ་རྗེས་འབྲང་བའི།། མངོན་ཤེས་ལྔ་པོ་ཐོབ་པར་ཤོག།
སེམས་ཅན་ཀུན་ལ་རྣམ་ཀུན་དུ།། རྟག་ཏུ་ཕན་བདེ་བགྱིད་པར་ཤོག། ༡༦

འཇིག་རྟེན་ཀུན་ལ་སྐྱེ་བོ་གང༌།། སྡིག་པ་བྱེད་པར་འདོད་གྱུར་པ།།
དེ་དག་ཐམས་ཅད་གནོད་མེད་པར།། རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག། ༡༧

ས་དང་ཆུ་དང་མེ་དང་རླུང༌།། སྨན་དང་དགོན་པའི་ཤིང་བཞིན་དུ།།
རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས།། རང་དགར་དགག་མེད་སྤྱོད་པར་ཤོག། ༡༨

སེམས་ཅན་རྣམས་ལ་སྲོག་བཞིན་ཕངས།། བདག་ལས་དེ་དག་ཆེས་ཕངས་ཤོག།
བདག་ལ་དེ་དག་སྡིག་སྨིན་ཅིང༌།། བདག་དགེ་མ་ལུས་དེར་སྨིན་ཤོག། ༡༩

ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌།། གང་དུ་མ་གྲོལ་དེ་སྲིད་དུ།།
དེ་ཕྱིར་བླ་ན་མེད་པ་ཡི།། བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག།    །།༢༠

(དབུ་མ་རིན་ཆེན་ཕྲེང་བའི་ལེའུ་ལྔ་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་ལས་བཏུས་པའོ།།)

Thursday, May 7, 2020

ཡིད་ཀྱི་རེ་ས།




ྋགོང་ས་མཆོག་འབེལ་ཇམ་དུ་མཛད་འཕྲིན་ཞིག་གི་སྐབས་སུ།   མཇལ་ཞུ་བའི་ཁྲོད་ནས་ལག་པ་མདུན་དུ་རྐྱང་བཞིན་་ཡུན་རིང་སྒུག   ཁོ་ནི་རྒྱ་མི་ཞིག་རེད།
རྒྱ་མི་དད་པ་ཅན། “ང་ནི་གཏན་ལོང་ཞིག་ཡིན། ཡིན་ཡང་ངས་རྟག་ཏུ་ཁྱེད་ཀྱི་གསུང་ལ་ཉམས་སུ་རོལ་བཞིན་ཡོད། དེས་ང་ལ་བྱིན་པའི་བདེ་བ་དང་ཚོར་སྣང་ནི། མི་སེམས་འགུལ་བ་ཞིག་རེད།  ངའི་སེམས་སུ། ཁྱེད་ཀྱི་བྱིན་རླབས་ནི་བསམ་གྱི་མི་ཁྱབ་པ་ཞིག་སྟེ། ཁྱེད་ཀྱིས་མཛད་པའི་ལེགས་བཤད་དེ་རྣམས་ངས་བཟའ་ཟླ་དང་བུ་ཕྲུག་གི་ངག་ནས་ཐོས་དུས།   དཀོན་མཆོག་གི་བདེན་པའི་གསུང་ཞིག་རྣ་བར་ཐོས་པའི་ཚོར་སྣང་སྐྱེས།  ངས་ཁོ་ཚོར།   ཁོང་གི་ཞལ་རས་གང་འདྲ་ཞིག་འདུག་གམ།   འདི་ལྟར་དྲིས་དུས།   ཁྱེད་ཀྱི་ཞལ་ནི་འཛུམ་མདངས་ལྡན་པ་ཞིག   བྱམས་བརྩེ་ལྡན་པ་ཞིག   ཆོབ་ཚ་པོ་ཞིག   ཁོ་ཚོའི་ལན་འདི་དག་གིས་ངའི་སེམས་སུ་ཁྱེད་མཇལ་འདོད་ཀྱི་འདུན་པ་ཧ་ཅང་འཕེལ།   ངའི་ཐབས་ལམ་ཉག་ཅིག་ནི་ཁྱེད་ཀྱི་བཞིན་རས་ལ་རེག་ནས་ཚོར་སྣང་ལ་བལྟ་རྒྱུ་དེ་ཡིན། ཆོག་གམ།”
ྋགོང་ས་མཆོག   “ལོས་ཆོག”
སྤྱན་ཤེལ་མར་ཕུད་ནས་ཕྱག་གཉིས་ཀྱིས་ཁོ་པའི་ལག་པ་བཞིན་རས་ལ་བྱིལ་བྱིལ་བྱེད་དུ་འཇུག །གློ་བུར་དུ་ཁོ་ངུས་སོང་།   མིག་ཀོང་ནས་འཆི་མ་འཛར་བཞི།
“ཁྱེད་ནི་ངའི་སེམས་ལ་རྟག་ཏུ་བྱིན་རླབས་གནང་བའི་དཀོན་མཆོག་དེ་ག་རང་རེད། དངོས་གནས་རེད།”
གཡས་གཡོན་གྱི་མི་ཚོར་ཡང་ཁོས།   “དངོས་གནས་རེད་་་ཁོང་ངའི་དཀོན་མཆོག་དེ་རེད།”
ྋགོང་ས་མཆོག་ནས་བྱམས་བརྩེ་ཆེན་པོས་ཁོ་པར་བྱིན་རླབས་གནང་།   གཡས་གཡོན་གྱི་མི་མང་པོ་ངུ་བཞིན་འདུག   དེ་མཚམས་ནས་ཉེན་སྲུང་བས་ཕེབས་བརྡ་ཕུལ་བས་ཕར་ཕེབས་སོང་།
མཐར་ཁོས། “ང་ལ་འགྱོད་པ་མེད།   ད་ཡིན་ན་འགྱོད་པ་རྩ་བ་ནས་མེད།”
ཁོ་ནི་འདི་ལྟར་དགའ་ཚོར་གྱིས་མྱོས་བཞིན་འདུག

Tuesday, May 5, 2020

སྒྱུར་རྩོམ་ཤོ་ལོ་ཀ་ཞིག


जो सीख रहा है
वो ज़िन्दा है
जिसने सीखना बन्द किया
वो ज़िन्दा लाश है।

གང་གིས་ཅི་ཡང་སློབ་བཞིན་པ།།
དེ་ནི་གསོན་པའི་ངོ་བོ་ཉིད།།
གང་གིས་སློབ་པའི་མཚམས་བཅད་པ།།
དེ་ནི་གསོན་ཡང་རོ་ཉིད་དོ།།

ཤྲཱིས་བོད་སྐད་དུ་བསྒྱུར་ཅིང་ཚིགས་བཅད་དུ་བསྡེབས་སོ།།
༢༠༡༧.༡༠.༢༥ ཉིན།

སྡུག་སྐད་སྣ་གཟེར་མ།


ཨོཾམཎིཔདྨེཧཱུཾ།
མི་བསླུ་སྐྱབས་གནས་དམ་པ།།
དཀོན་མཆོག་རིན་ཆེན་རྣམ་གསུམ།།
རང་བཞིན་དག་པའི་དབྱིངས་ནས།།
ཡུད་ཙམ་བདག་ལ་དགོངས་གསོལ།།

དུས་ཀྱི་ཆོས་ཉིད་བཙན་པོ།།
ནམ་ཞིག་བདག་ལ་བབས་ངེས།།
དེ་འདྲ་བསམས་ཤིང་བསམ་ན།།
སྣ་ལ་གཟེར་ཀ་ལངས་ཀྱང་།།

སྒོ་གསུམ་སྤྱོད་པ་ཡན་པོ།།
སྐད་ཅིག་སྔ་ཕྱི་འགྱུར་ལས།།
བཟང་པོའི་འགྱུར་བ་མེད་པ།།
དམུ་རྒོད་བདག་འདྲ་སུ་ཞིག།

རྣམ་ཤེས་སྟོང་པའི་མཁའ་ལ།།
སྲེད་པའི་འདབ་གཤོག་བརྐྱངས་ཏེ།།
ཚོར་བའི་བཙན་ས་བཙལ་ཀྱང་།།
རྒ་ཤིའི་གྲོང་དུ་ལྷུང་འདུག།

འཁོར་བ་རྒྱ་མཚོའི་ཀློང་དུ།།
དུག་གསུམ་རྡོ་བ་བཅངས་ཏེ།།
གཏིང་ནས་གཏིང་དུ་བྱིངས་པས།།
ཐར་བའི་སྐབས་ཤིག་ཨེ་ཡོད།།

རྣམ་དག་ཆོས་ལ་ཞུགས་ཀྱང༌།།
ཆོས་ཀྱི་མེ་ལོང་ངོས་སུ།།
རང་ལ་བྱི་དོར་མེད་པས།།
ཉེས་པའི་ཕུང་པོར་ལྷག་འདུག།

ཚེ་དེ་ཨལ་སྟོང་ཙམ་པོ།།
སྟོང་བསམ་ཆུ་ཡི་གཉེར་མས།།
རྫོགས་མེད་འདི་སྣང་བྱ་བར།།
དེད་ནས་རྫོགས་ཉེན་འདུག་གོ།

༢༠༡༥/༤/༩ ཉིན་རྟོག་འགྱུ་གློ་བུར་བ་ཞིག་གིས་
དྲངས་ཏེ་ཤ་ཟིན་སྤུ་ཟིན་གྱིས་བྲིས།
ཤྲཱིས།

མེ་ལྷ་བརྟག་ཚུལ།



༄༅།    །མེ་ལྷ་དྲང་སྲོང་གང་དུ་ཡོད་བརྟགས་པ་ནོར་བུའི་འོད་སྣང་ཞེས་བྱ་བ་བཞུགས་སོ།།    

༄༅།   །ན་མོ་གུ་རུ་བྷྱ། མེ་ལྷ་ཡོད་མེད་ཀྱི་སྒོ་ནས་སྦྱིན་སྲེག་འབུལ་རུང་མི་རུང་བརྟག་ཚུལ་ནི། དེ་ཡང་ཇི་སྐད་དུ།
བསྲེགས་བླུག་བྱེད་པར་འདོད་པ་ན།།
མེ་ལྷ་དྲང་སྲོང་ས་གསུམ་དུ།།
གང་བཞུགས་བརྩད་པར་བྱ་དགོས་པས།།
གང་བརྩིས་ཉིན་གྱི་ཉིན་གྲངས་ལ།།
དེ་ཡི་རེས་གཟའི་གྲངས་ཀྱང་བསྲེས།།
དེ་སྟིང་གཅིག་སྣོན་བཞིར་བགོས་པས།།
གསུམ་དང་ཐིག་ཤར་ས་སྟེང་གནས།།
བསྲེགས་བླུག་བྱེད་ན་ཕན་ཡོན་ཐོབ།།
གཉིས་ཤར་ས་འོག་ལ་གནས་པས།།
སྦྱིན་བསྲེགས་བསྲེག་བླུག་བྱ་མི་རུང་།།
གཅིག་ཤར་སུམ་ཅུ་རྩ་གསུམ་གནས།།
དེ་ཡང་བསྲེག་བླུག་མི་རུང་ངོ་།།
ཞེས་པ་ལྟར། ཚེས་ཆད་ལྷག་ཡོད་མེད་ལ་མ་ལྟོས་པར་ཚེས་ཤར་ནས་བརྩིས་ཏེ་སྦྱིན་སྲེག་བྱ་འདོད་པའི་ཚེས་ཀྱི་བར་ཉིན་གྲངས་ཇི་ཡོད་ཀྱི་སྟེང་དུ། རེས་གཟའ་ཉི་མ་ལ་གཅིག་བརྩི་བ་ནས་སྤེན་པ་ལ་བདུན་བརྩི་བའི་བར་རེས་གཟའ་སོ་སོའི་གྲངས་བཞིན། དེ་ཉིན་རེས་གཟའ་གང་འཁེལ་བའི་རེས་གཟའི་གྲངས་ཀྱང་བསྣན་ཞིང་། དེའི་སྟེང་ཐོལ་པ་གཅིག་ཀྱང་བསྣན་ནས་ཁྱོན་བསྡོམས་གྲངས་ཇི་ཡོད་དུམ་བུ་བཞིར་བགོས་པས། ལྷག་མ་མ་ལུས་པས་ཐིག་གམ། གཅིག་གམ་གཉིས་སམ་གསུམ་ལྷག་པ་གང་རུང་དུ་འགྱུར་ལ། ཐིག་གམ་གསུམ་ལྷག་ན་དེའི་ཉིན་སྦྱིན་སྲེག་རུང་ཞིང་ཕན་ཡོན་འཐོབ། གཅིག་ལྷག་ན་མེ་ལྷ་དྲང་སྲོང་ས་བླ་སུམ་ཅུ་རྩ་གསུམ་དུ་བཞུགས་པས་སྦྱིན་སྲེག་མི་རུང་བ་དང་། གཉིས་ལྷག་ནའང་མེ་ལྷ་དྲང་སྲོང་ས་འོག་ན་བཞུགས་པས་སྦྱིན་སྲེག་མི་རུང་ངོ་།། བགོས་པ་ན། གྲངས་ལ་ཕྱེད་བགོས་མི་བྱ་བའི་ཚུལ་ཡང་ངེས་དགོས་སོ།།
       ད་ནི་གོང་དུ་བཤད་པ་རྣམས་ངེས་པར་བྱས་ནས་ཚེས་གྲངས་དང་གཟའ་གྲངས་འགའ་ཞིག་ལ་སྦྱར་ནས་སྦྱོང་བརྡར་གྱི་ཚུལ་དུ་དངོས་སུ་བརྩི་བར་བྱ་སྟེ། བོད་ཟླ་ལྔ་པའི་ཚེས་གཅིག་ཉིན་བསྲེགས་བླུག་བྱ་འདོད་ན། ཚེས་གཅིག་ཡིན་པས་གཅིག་གཏང་། དེའི་ཉིན་རེས་གཟའ་ཉི་མ་ཡིན་ན། ཉི་མ་ནི་གཟའི་ཐོག་མ་ཡིན་པས་གཅིག་གཏང་། དེའི་སྟེང་ཐོལ་པ་གཅིག་བསྣན་པས། གྲངས་གསུམ་དུ་གྱུར་ལ། དེ་དག་བཞིར་བགོས་་ན་གཅིག་ཀྱང་མ་ལུས་པས་ཐིག་ཡིན། ཐིག་ནི་ཐིག་ལེ་སྟེ་ཀླད་ཀོར་གྱི་དོན་ཡིན་པས་དེ་ཤར་ན། མེ་ལྷ་དྲང་སྲོང་ས་སྟེང་དུ་བཞུགས་ཡོད་པས། སྦྱིན་སྲེག་འབུལ་རུང་ཞིང་། ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་བོ།།   ༈ ཡང་ཚེས་གཅིག་ཉིན་རེས་གཟའ་ཟླ་བ་ཡིན་ན། ཚེས་གཅིག་ལ་གཅིག་དང་རེས་གཟའ་ཟླ་བར་གཉིས་གཏང་། ཐོལ་པ་གཅིག་བསྣན་པས་གྲངས་བཞིར་འགྱུར་ལ། དེ་དག་བཞིར་བགོས་ནའང་ཐིག་ཤར་བས་སྦྱིན་སྲེག་འབུལ་རུང་ཞིང་ཕན་ཡོན་འཐོབ།    ༈ ཡང་ཚེས་གཅིག་དང་གཟའ་མིག་དམར་ཡིན་ན། ཚེས་གཅིག་ལ་གཅིག་དང་རེས་གཟའ་མིག་དམར་་གསུམ་གཏང་། ཐོལ་པ་གཅིག་བསྣན་པས་ལྔར་འགྱུར་ལ། དེ་དག་བཞིར་བགོས་ན་གཅིག་ལྷག །གཅིག་་ཤར་ན་མེ་ལྷ་དྲང་སྲོང་སུམ་ཅུ་རྩ་གསུམ་ན་བཞུགས་ཡོད་པས། སྦྱིན་སྲེག་འབུལ་མི་རུང།    ༈ ཡང་ཚེས་གཅིག་དང་གཟའ་ལྷག་པ་ཡིན་ན། ཚེས་གཅིག་ལ་གཅིག་དང་རེས་གཟའ་ལྷག་པར་་བཞི་གཏང་། ཐོལ་པ་གཅིག་བསྣན་པས་དྲུག་ཏུ་འགྱུར་ལ། དེ་དག་བཞིར་བགོས་པས་གཉིས་ལྷག །གཉིས་་ཤར་ན་མེ་ལྷ་དྲང་སྲོང་ས་འོག་ཏུ་བཞུགས་ཡོད་པས། སྦྱིན་སྲེག་འབུལ་མི་རུང།   ༈ ཡང་ཚེས་དགུ་དང་གཟའ་ཕུར་བུ་ཡིན་ན། ཚེས་དགུ་ལ་དགུ་དང་རེས་གཟའ་ཕུར་བུར་ལྔ་གཏང་། ཐོལ་པ་གཅིག་བསྣན་པས་བཅོ་ལྔར་འགྱུར་ལ། དེ་དག་བཞིར་བགོས་པས་གསུམ་ལྷག །གསུམ་་ཤར་ན་མེ་ལྷ་དྲང་སྲོང་ས་སྟེངདུ་བཞུགས་ཡོད་པས། སྦྱིན་སྲེག་འབུལ་རུང་།    ༈ ཡང་ཚེས་བཅུ་གཅིག་དང་གཟའ་པ་སངས་ཡིན་ན། ཚེས་བཅུ་གཅིག་ལ་བཅུ་གཅིག་དང་རེས་གཟའ་པ་སངས་ལ་དྲུག་གཏང་། ཐོལ་པ་གཅིག་བསྣན་པས་བཅོ་བརྒྱད་དུ་འགྱུར་ལ། དེ་དག་བཞིར་བགོས་ན་གཉིས་ཤར་པས་སྦྱིན་སྲེག་མི་རུང་།    ༈ ཡང་ཚེས་གཅིག་དང་གཟའ་སྤེན་པ་ཡིན་ན། ཚེས་གཅིག་ལ་གཅིག་དང་རེས་གཟའ་སྤེན་པར་་བདུན་གཏང་། ཐོལ་པ་གཅིག་བསྣན་པས་དགུར་འགྱུར་ལ། དེ་དག་བཞིར་བགོས་ན་གཅིག་་ཤར་བས་སྦྱིན་སྲེག་མི་རུང་།   ༈ ཡང་ཚེས་བཅོ་ལྔ་དང་གཟའ་ལྷག་པ་ཡིན་ན། ཚེས་བཅོ་ལྔ་ལ་བཅོ་ལྔ་དང་རེས་གཟའ་ལྷག་པར་བཞི་གཏང་། ཐོལ་པ་གཅིག་བསྣན་པས་ཉི་ཤུརའགྱུར་ལ། དེ་དག་བཞིར་བགོས་ན་ཐིག་ཤར་བས་རུང་།   ༈ ཡང་ཚེས་ཉེར་བརྒྱད་དང་གཟའ་སྤེན་པ་ཡིན་ན། ཚེས་ཉེར་བརྒྱད་་ལ་ཉེར་བརྒྱད་དང་རེས་གཟའ་སྤེན་པར་བདུན་གཏང་། ཐོལ་པ་གཅིག་བསྣན་པས་སོ་དྲུག་ཏུ་འགྱུར་ལ། དེ་དག་བཞིར་བགོས་ན་ཐིག་ཤར་བས་རུང་ངོ་།།
      ༈ ཡང་ཚེས་གཅིག་ཆད་པས་ཚེས་བརྒྱད་དང་གཟའ་ལྷག་པ་ཡིན་ན། ཚེས་གཅིག་ཆད་པས་བརྒྱད་ལ་གྲངས་ཕན་བདུན་དང་རེས་གཟའ་ལྷག་པ་ལ་བཞི་གཏང་། ཐོལ་པ་གཅིག་བསྣན་པས་བཅུ་གཉིས་སུ་འགྱུར་ལ། དེ་དག་བཞིར་བགོས་ཐིག་ཤར་བས་རུང་།    ༈ ཡང་ཚེས་དྲུག་ལྷག་པའི་བཅོ་ལྔ་དང་གཟའ་ལྷག་པ་ཡིན་ན། ཚེས་དྲུག་ལྷག་པའི་ ཚེས་བཅོ་ལྔ་ལ་གྲངས་ཕན་བཅུ་དྲུག་དང་རེས་གཟའ་ལྷག་པར་བཞི་གཏང་། ཐོལ་པ་གཅིག་བསྣན་པས་ཉེར་གཅིག་འགྱུར་ལ། དེ་དག་བཞིར་བགོས་ན་གཅིག་ཤར་བས་མི་རུང་།      ༈ ཡང་ཚེས་དྲུག་ཆད་ཅིང་ཚེས་ཉི་ཤུ་ལྷག་པས་གནམ་གང་དང་གཟའ་ལྷག་པ་ཡིན་ན། ཚེས་དྲུག་ཆད་ཅིང་ཚེས་ཉི་ཤུ་ལྷག་པས་གནམ་གང་་ལ་གྲངས་ཕན་སུམ་ཅུ་དང་རེས་གཟའ་ལྷག་པ་ལ་བཞི་གཏང་། ཐོལ་པ་གཅིག་བསྣན་པས་སོ་ལྔར་འགྱུར་ལ། དེ་དག་བཞིར་བགོས་ན་གསུམ་ཤར་བས་རུང་ངོ་།། གོང་དུ་ཆད་ལྷག་གསལ་ཁ་མེད་པ་རྣམས་ཆད་ལྷག་མེད་པའི་དབང་དུ་བྱས་སོ།།   དགེའོ།།   དགེའོ།།     །།

Saturday, May 2, 2020

ཕར་ཕྱིན་མཐའ་དཔྱོད་ཀྱི་གླེང་བརྗོད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་བཀའ་བསྩལ་པ་ནས་བཟུང་། ད་ལྟའི་བར་དུ་འཇིག་རྟེན་གྱི་ཁྱོན་ཡོངས་སུ་ཐེག་པ་ཆེན་པོའི་ལམ་ལ་སློབ་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་དངོས་སམ་བརྒྱུད་པས་ཤེར་ཕྱིན་གྱི་མདོ་སྡེ་འདི་ཉིད་ལ་བརྟེན་ཅིང་། འདི་ལ་བརྟེན་ནས་ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པ་ཤ་སྟག་ཡིན། མདོ་སྡེ་རིན་པོ་ཆེ་འདི་ལ་བརྗོད་བྱའི་ཆ་ནས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཞེས་ཡོངས་སུ་གྲགས་པ་ལྟར་བརྗོད་བྱ་ཕྱོགས་གཉིས་སུ་གནས་ཡོད། སྔ་མ་ལ་དབུ་སེམས་ཀྱི་མཁས་པ་མང་པོས་རང་རང་གིས་གོ་ཚོད་དང་མཐུན་པའི་དོན་བཀྲལ་ཡོད་མོད། གངས་ཅན་གྱི་མཁས་པ་ཀུན་གྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་དགོངས་པ་བཀྲལ་བ་ཉིད་ཚད་མར་བྱས་ཤིང་གནད་ཆེ་བར་བརྩིས། མངོན་རྟོགས་ལམ་གྱི་རིམ་པའི་རྣམ་གཞག་གི་སྐོར་ལ་ནི་དབུ་མ་རིན་ཆེན་ཕྲེང་བ་ཙམ་མ་གཏོགས་ཀླུ་སྒྲུབ་ཀྱིས་མཛད་པ་ཉུང་ཞིང་། བྱམས་ཆོས་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ཧ་ཅང་རྒྱ་ཆེ་བ་ཙམ་མ་ཟད། ཞིབ་ཚགས་པོའི་འགྲེལ་བཤད་ཀྱང་དེ་དག་ཏུ་གསལ། འོན་ཀྱང་བྱང་ཆུབ་སེམས་སྦྱོང་གི་སྐོར་ལ་སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ཟབ་ཤོས་ཡིན་པ་དེའང་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཡིན།
       ཐོགས་མེད་སྐུ་མཆེད་ཀྱིས་ཤེར་ཕྱིན་གྱི་མདོའི་དགོངས་འགྲེལ་བརྩམས་པར་རྒྱན་སྣང་དུ་གསུངས་ཀྱང་བོད་དུ་མ་འགྱུར་ཞིང་། དེའང་མདོ་རྐྱང་པའི་འགྲེལ་པ་ཡིན་པ་ལས་མདོ་དང་རྒྱན་སྦྱར་བའི་འགྲེལ་པ་མིན་པར་གསུངས། མདོ་དང་རྒྱན་སྦྱར་བའི་འགྲེལ་པའི་ཐོག་མ་ནི་འཕགས་པ་རྣམ་གྲོལ་སྡེའི་ཉི་ཁྲི་སྣང་བ་ཡིན། དེ་ནས་སློབ་དཔོན་སེང་གེ་བཟང་པོས་ (དུས་རབས་ ༨ པ།?) འཕགས་པའི་རྗེས་སུ་འབྲངས་ནས་རྒྱན་ཉི་ཁྲི་དང་ཤིན་ཏུ་ཞིབ་པར་སྦྱར་བའི་བསྡུས་དོན་འགྲེལ་པ་ལེའུ་བརྒྱད་མ་མཛད། བརྒྱད་སྟོང་དང་སྦྱར་བའི་འགྲེལ་ཆེན་རྒྱན་སྣང་དང་། སྡུད་པ་དང་སྦྱར་བའི་སྡུད་འགྲེལ་རྟོགས་སླ་ཞེས་པ་མཛད། ཁྱད་པར་དུ་རྒྱན་ཡུམ་གསུམ་གའི་རྒྱན་དུ་བཀྲལ་བའི་འགྲེལ་ཆུང་དོན་གསལ་ཞེས་ཡོངས་སུ་གྲགས་པ་འདི་མཛད་དེ། དེ་ཚུན་ཆད་ཨ་བྷྱ་ཀ་ར་ལྟ་བུའི་མཁས་པ་ཉུང་ཤས་མ་གཏོགས་འཕགས་ཡུལ་གྱི་འགྲེལ་མཛད་ཕལ་མོ་ཆེ་དེའི་རྗེས་སུ་འབྲང་ངོ་།།
       གངས་ཅན་གྱི་ལྗོངས་སུ་ཕར་ཕྱིན་གྱི་འཆད་ཉན་དར་ཚུལ་ཡང་། གསེར་ཕྲེང་ལས། “ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་(༧༤༢-༨༠༠) གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ།།” ཞེས་གསུངས་པ་ལྟར་ན། བསྟན་པ་སྔ་དར་སྐབས་བཙན་པོ་ཁྲི་སྲོང་གིས་འབུམ་གྱི་གནོད་འཇོམས་མཛད་པ་ཡིན་པས། བོད་འགྲེལ་ལ་སྔ་བ་ནི་འདི་འཇོག་དགོས་ཤིང་། དེའི་ཤུགས་ཀྱིས་བོད་ཀྱི་བཙན་པོའི་ནང་ཆོས་ཀྱི་ཤེས་ཚད་ཀྱང་གསལ་བར་མཚོན་ཐུབ། ཕྱི་དར་སྐབས་ཐོག་མར་ལོ་ཆེན་དང་འབྲེ་ཨར་སོགས་འཆད་ཉན་རྒྱ་ཆེར་མཛད་པ་མ་ཟད་ལེགས་པར་བཤད་པའང་ཇི་སྙེད་ཅིག་མཛད། ཕྱིས་སུ་མཁས་པ་བུ་ཉ་དང་གཡག་རོང་སོགས་ཀྱིས་ཕར་ཊཱིཀ་མཛད་ཅིང་། ལྷག་པར་དུ་རྗེ་ཙོང་ཁ་པ་ཆེན་པོས་(༡༣༥༧-༡༤༡༩) འཕགས་སེང་གཉིས་ཀྱི་བཞེད་པ་དང་མཐུན་པར་ཡུམ་དང་རྒྱན་གྱི་དགོངས་པ་བཀྲལ་ཞིང་། གཙོ་བོར་ཡུམ་ཉི་ཁྲི་དང་སྦྱར། དེ་དང་མཉམ་དུ་རྒྱ་འགྲེལ་ཉི་ཤུ་རྩ་གཅིག་པོ་ཆ་ཚང་བའི་དཀའ་གནས་ལ་མཐིལ་ཕྱིན་པའི་ཞིབ་འཇུག་དང་འཐད་ཕྱོགས་རྣམས་གྲུབ་དོན་མཐའ་སྡོམ་དུ་བཀོད་པའི་ ‘ལེགས་པར་བཤད་པ་གསེར་གྱི་ཕྲེང་བ།’ ཞེས་ངེས་པ་དོན་གྱི་ལེགས་བཤད་འདི་ཉིད་ཕྱིས་རབས་གདུལ་བྱ་རྣམས་ཀྱི་གོ་སྐལ་དུ་འཇོག་པའི་བཀའ་དྲིན་མཛད་དོ།། ཡང་རྗེ་བླ་མས་སྐུ་ཚེ་སྨད་ལ་ཕར་ཕྱིན་གྱི་དཔེ་ཁྲིད་རྒྱས་པ་ཞིག་གནང་ཞིང་། དེ་སྐབས་སྔར་གྱི་གསུང་བགྲོས་དང་མི་འདྲ་བ་འགའ་ཞིག་འབྱུང་བ་ལ། སློབ་མ་རྣམས་ཀྱིས་ཡང་ཊཱིཀྐ་རྩོམ་པར་བསྐུལ་བ་ན། བླ་མ་དཀའ་བཅུ་པས་ཟིན་བྲིས་ཐོབས་ལ་ཊཱིཀྐ་རྩོམས་ཤིག་པའི་བཀའི་གནང་བ་ཐོབ་པ་བཞིན། རྒྱལ་ཚབ་ཆོས་རྗེས་ (༡༣༦༤-༡༤༣༢) རྗེ་བླ་མའི་རང་ལུགས་གསལ་བར་ཐོན་པའི་རྒྱན་འགྲེལ་པ་དང་བཅས་པའི་ ‘རྣམ་བཤད་སྙིང་པོ་རྒྱན།’ ཞེས་པ་མཛད་དེ། དེ་ནི་ཕྱིས་འབྱུང་དགེ་ལྡན་པའི་མཁས་གྲུབ་ཀུན་གྱིས་རང་ལུགས་སུ་མཛད་ཅིང་། གྲྭ་ཚང་སོ་སོའི་ཡིག་ཆ་མཛད་པ་པོ་རྣམས་ཀྱང་གཞུང་འདི་ཉིད་ཁྲིད་གཞུང་དུ་མཛད་ནས་གསེར་ཕྲེང་ནས་བླང་འོས་རྣམས་ཀྱིས་ཟུར་བརྒྱན་ཏེ་ཁྲིད་པ་ཤ་སྟག་ཏུ་མངོན་ནོ།།
       དེ་ལྟར་རྣམ་བཤད་ཀྱི་དོན་འགྲེལ་བའི་བསྟན་བཅོས་མང་དུ་ཡོད་པ་ལས། སྐབས་བབས་ཀྱི་གཞུང་འདིའི་མཛད་པ་པོ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་ནི། རབ་བྱུང་བརྒྱད་པའི་ས་ཁྱིའི་ (༡༤༧༨) ལོར་བོད་དབུས་གཙང་གི་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། ན་ཚོད་ཆུང་ངུའི་དུས་ཉིད་དུ་ལས་ཆེན་པུ་ཎིའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ཡང་བསོད་ནམས་གྲགས་པའི་དཔལ་དུ་གསོལ། ཆོས་གྲྭ་ཆེན་པོ་རྩེ་ཐང་དུ་ཞུགས་ཏེ་ཕར་ཚད་ལ་སྦྱངས། དགུང་ལོ་བཅུ་དྲུག་པ་ལ་ཆོས་གྲྭ་ཆེན་པོ་སེ་ར་ཐེག་ཆེན་གླིང་སོགས་སུ་ཞུགས། ཡོངས་འཛིན་ཆེན་པོ་འཇམ་དབྱངས་དོན་ཡོད་དཔལ་ལྡན་དང་། ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ལས་ཆེན་ཀུན་དགའ་རྒྱལ་མཚན། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་སྔ་ཕྱིར་བླ་མ་མང་པོ་བསྟེན་ནས། མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་རྒྱ་མཚོར་གསན་བསམ་མཐར་ཕྱིན་པ་མཛད། དེ་ནས་རིམ་པས་དབུས་ཀྱི་སྟོད་རྒྱུད་དང་མཁས་མང་བློ་གསལ་གླིང་གི་མཁན་པོ་མཛད། དགུང་ལོ་ང་ལྔ་པར་ཕེབས་པ་དགའ་ལྡན་གསེར་ཁྲིར་ཕེབས་ཏེ། ཁྲི་ཐོག་བཅོ་ལྔ་པ་ཡིན། སྔ་ཕྱིར་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར། སྐྱོར་མོ་ལུང་གི་ཁྲི་པ་ཡང་མཛད་དེ་ཞྭ་སེར་ཅོད་པན་འཆང་བའི་མདོ་རྒྱུད་བཤད་སྒྲུབ་ཀྱི་བསྟན་པ་འཆད་ཉན་གྱི་སྒོ་ནས་བླ་ནས་བླར་བཏེགས། ལེགས་བཤད་གསུང་རྩོམ་ལ། གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས། རྒྱལ་རབས། ཆོས་འབྱུང་། ལུགས་ཀྱི་བསྟན་བཅོས་སོགས་གསུང་རྩོམ་པོད་བཅུ་གཅིག་ལྷག་མཛད་ཅིང་། ད་ལྟའི་བར་བློ་གསལ་གླིང་དང་། ཤར་རྩེ། རྒྱུད་སྟོད། གཞན་ཡང་གངས་ཅན་མཐའ་དབུས་སོག་ཡུལ་དང་བཅས་པའི་དགོན་སྡེ་ཆེ་ཆུང་མང་པོས་སློབ་གཉེར་གྱི་ཡིག་ཆ་མཛད་བཞིན་འཆད་ཁྲིད་ཀྱི་རྒྱུན་མ་ཉམས་པར་བཞུགས་ཡོད། སློབ་མ་ཡང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོགས་མང་དུ་བྱོན། མཐར་དགུང་ལོ་དོན་བདུན་པ་རབ་བྱུང་དགུ་པའི་ཤིང་སྟག་ (༡༥༥༤) ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ།།
       ‘ཡུམ་དོན་ཡང་གསལ་སྒྲོན་མེ་’ འམ་ཡོངས་གྲགས་བསྡུས་མིང་ལ་ ‘ཕར་ཕྱིན་མཐའ་དཔྱོད་’ ཅེས་པའི་་གཞུང་འདི་ནི།  པཎ་ཆེན་མཆོག་བློ་གསལ་གླིང་གི་འཆད་ཉན་པ་གནང་སྐབས་ཆོས་གྲྭའི་བརྩི་བཞག་ཏུ་གསུང་ཞིང་། སྐྱོར་དཔོན་མང་པོས་ཟིན་བྲིས་སུ་བཏབ་པ་རྣམས་ཕྱིས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པར་མི་ཉག་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གསུངས། གཞུང་འདིའི་དབུ་ཞབས་ཀུན་ཏུ་མངོན་རྟོགས་རྒྱན་དང་འགྲེལ་པ་དོན་གསལ་གྱི་དཀའ་གནད་གང་ཡིན་གྱི་ཚིག་སྣ་འགངས་ཆེ་བ་རྣམས་བཏུས་ཤིང་། སྦྱོར་བ་དང་མཐའ་དཔྱད་པའི་ས་བཅད་གཉིས་སུ་ཕྱེ་ནས། ཐོག་མར་སྦྱོར་ངག་གི་ལམ་ནས་ཚིག་དོན་གྱི་སྙིང་པོ་གསལ་བར་བྱས་ཤིང་། གཉིས་པར་གཞུང་ཚིག་འདི་དང་འབྲེལ་བའི་དོན་གནད་ལ་ཕུ་ཐག་ཆོད་པའི་དཔྱད་པ་མཐིལ་ཕྱིན་པ་གནང་ཡོད། དེ་ཡང་བོད་ཀྱི་རིགས་པ་སྨྲ་བ་ཕལ་ཆེ་བའི་སྤྱི་སྲོལ་ལྟར་དགག་གཞག་སྤོང་གསུམ་གྱིས་པཎ་ཆེན་ཉིད་ཀྱི་དགོངས་ཚུལ་གསལ་པོ་བཏོན་་ཡོད། རིགས་ལམ་རྣོ་ངར་གྱི་ཆ་ལ་གཞིག་ན། དོན་ནོར་བ་རྣམས་ལྟ་ཅི་སྨོས། ཚིག་སྐྱོན་ཕྲ་མོ་ཡན་ཆད་ལ་ལུང་རིགས་རྣོ་ངར་གྱིས་སན་འབྱིན་པའི་མཐར་ཚིག་དོན་གཉིས་ཀའི་ཆ་ལ་སྐྱོན་མེད་པའི་རང་ལུགས་བཞག་ཅིང་། དེ་ལ་ཕ་རོལ་པོས་སྐྱོན་འཕངས་པ་ལ་ཐལ་བ་དེ་དག་མི་འཇུག་པའི་ཚུལ་དང་། སྐབས་འགའ་ཞིག་ཏུ་ནི་རྩོད་ལན་མང་དག་ཞིག་བཀོད་ནས་དཔྱད་གཞིར་བཞག་པ་དང་། སྐབས་རེར་སློབ་གཉེར་བས་གང་བདེ་བྱ་ཆོག་པ་མཛད་ཡོད། དེ་བཞིན་ལུང་འདྲེན་མཛད་ལྟངས་ལ་མཚོན་ནའང་། ལུང་གཙོ་ཆེ་བ་གང་ཡིན་པ་དྲངས་ཤིང་། གཞན་རྣམས་ཞལ་འཕངས་ཙམ་མམ་བཏང་སྙོམས་སུ་བཞག་པར་མཛད་པ་ལས་ལུང་འདྲེན་རྒྱ་ཆེན་པོ་མཛད་མེད། དེ་ཡང་ལུང་དོན་རིགས་པས་སྒྲུབ་པ་གཙོ་བོར་མཛད་བཞེད་པ་ཡིན་གྱི་གཞུང་རབ་འབྱམས་མ་འདྲིས་པར་གཞུང་རྩོམ་པ་ལྟ་བུ་ནི་གཏན་མ་ཡིན་ཏེ། དེ་ནི་གཟུར་གནས་བློ་ལྡན་རྣམས་ཀྱིས་གསུང་རྩོམ་རྣམས་ཞིབ་ཚགས་པོས་འཇལ་ན་ཤེས་པའི་ཕྱིར་དང་། ཚིག་ཟུར་ཙམ་ལའང་གཞུང་དོན་འགངས་ཆེན་པོ་བསྡུས་པ་ཤིན་ཏུ་མང་བ་མྱོང་བས་གྲུབ་པའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ན། གཞུང་འདི་དག་ནི་རྗེ་ཡབ་སྲས་ཀྱི་གཞུང་དང་འཕགས་སེང་གི་གཞུང་ལ་ཐོས་བསམ་འཇུག་པའི་བབ་སྟེགས་ལྟ་བུ་ཡིན་པའི་ཕྱིར་ན། དབང་རྣོན་རྣམས་ཀྱིས་རྒྱས་པར་གཞུང་དེ་དག་ལས་ཤེས་པར་བྱ་དགོས་ལ། དབང་རྟུལ་ཡིན་ནའང་གཞུང་འདི་ཙམ་ལ་བརྟེན་ནས་གཞུང་དོན་སྙིང་པོའི་གོ་བ་ལོན་པ་ཞིག་ངེས་པར་ཡོད་པས། བཤད་སྲོལ་ལ། པཎ་ཆེན་རིགས་སྒྲུབ། ཀུན་མཁྱེན་ལུང་སྒྲུབ། ཅེས་གྲགས་པ་ལྟར་དོན་ལའང་ཅུང་ཟད་ཉེ་བར་སྣང་ངོ་།།
       མདོར་ན་ཕར་ཕྱིན་མཐའ་དཔྱོད་འདིས་མཚོན་པའི་པཎ་ཆེན་མཆོག་གི་གསུང་རྩོམ་རྣམས་ལུང་རིགས་ཀྱི་ལམ་ནས་དགག་བཞག་གི་སྤྲོས་པ་རྒྱས་བསྡུས་འཚམས་ཤིང་། བློ་རབ་འབྲིང་ཐ་མ་སུས་འཇལ་ཡང་བློར་ཆུན་པ་ཞིག་ཡོད་པས། དེང་སྐབས་འདུ་འཛིའི་ཡོ་ལང་ཤིན་ཏུ་ཆེ་བའི་དུས་སྐབས་འདི་འདྲར་སློབ་དེབ་ཤིན་ཏུ་ལེགས་པ་ཞིག་རེད་ཅེས་མཁས་པ་དུ་མས་གཅིག་མཐུན་དུ་གསུངས་དང་གསུང་བཞིན་པ་ནི་དོན་ལ་གནས་པ་ཡིན་ནོ།།    །།