
སྐྱབས་འགྲོའི་ཚིག་དོན།
༄༅། །སངས་རྒྱས་ཆོས་ཚོགས་མ་འདི་ཕར་རྒྱ་བཀྲམ་ནས་བཤད་ན། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཞིག་ཡོད་པ་དེ་དག་གི་དོན་དག་ཚང་མ་འདིའི་ནང་ལ་བསྡུས་ཡོང་གི་ཡོད།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
ཤོ་ལོ་ཀ་འདིའི་རྐང་པ་དང་པོ་གཉིས་ཀྱིས་སྐྱབས་འགྲོ་བཤད་པ་རེད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། ཞེས་པ་འདིས་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ངོས་བཟུང་། བྱང་ཆུབ་བར་དུ། ཞེས་པ་འདིས་སྐྱབས་སུ་སོང་བའི་དགོས་པ་བཤད། བདག་ནི། ཞེས་པའི་བདག་དེ་སྐྱབས་སུ་འགྲོ་བ་པོ་རང་ཉིད་བྱས། སྐྱབས་སུ་མཆི། ཞེས་པ་འདིས་སྐྱབས་སུ་འགྲོ་བའི་བྱ་བ་བསྟན།
ཐེག་ཆེན་གྱི་སྐྱབས་འགྲོ།
སྤྱིར་སྐྱབས་འགྲོ་ལ་ཉན་ཐོས་ཀྱི་སྐྱབས་འགྲོ་དང་། རང་སངས་རྒྱས་ཀྱི་སྐྱབས་འགྲོ། བྱང་ཆུབ་སེམས་དཔའི་སྐྱབས་འགྲོ་བཅས་བཞག་ཐུབ་པ་དང་། བྱང་ཆུབ་ལའང་་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཐེག་ཆེན་གྱི་བྱང་ཆུབ་ཡོད་རེད་དེ། སྐབས་འདིར། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་ཡི་ཡིན། ཞེས་པའི་བྱང་ཆུབ་དེ་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་དེ་ལ་བརྩི་བ་རེད། དེར་བརྟེན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་ལ་སྐྱབས་སུ་མཆི་རྒྱུ་ཡིན། ཟེར་དུས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་སྐྱབས་སུ་མཆི་རྒྱུ་ཡིན་ཟེར་བ་ཞིག་ཆགས་ཀྱི་འདུག །དེ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཆགས་པ་རེད། དེ་ལྟར་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་ལ་སྐྱབས་སུ་མཆི་རྒྱུ་ཡིན། ཞེས་བཤད་དུས་སྐྱབས་སུ་འགྲོ་བའི་ཡུལ་ཆོས་དཀོན་མཆོག་དེའང་ཉོན་སྒྲིབ་སྤོང་ཙམ་གྱི་ཆེད་དུ་གསུངས་པའམ་ཉོན་སྒྲིབ་ཀྱི་དབང་དུ་བྱས་པའི་འགོག་ལམ་གཉིས་པོ་དེ་མིན་པར། ཐེག་ཆེན་གྱི་ཆོས་དཀོན་མཆོག་ཞེས་ཤེས་སྒྲིབ་སྤངས་པའི་བྲལ་བ་དང་། དེ་སྤོང་བྱེད་ཀྱི་ཐེག་ཆེན་གྱི་རྒྱུན་མཐའི་བར་ཆད་མེད་ལམ་དང་། མདོར་ན་ཐེག་ཆེན་འཕགས་པའི་ཐུགས་རྒྱུད་ཀྱི་ཐེག་པ་ཆེན་པོའི་འགོག་ལམ་གྱི་ཆོས་དེ་དག་གསུངས་ཀྱི་ཡོད་རེད། དགེ་འདུན་དེའང་ཉན་རང་འཕགས་པ་མ་ཡིན་པ་པར་དོན་དམ་སེམས་བསྐྱེད་ཐུགས་རྒྱུད་ལ་འཁྲུངས་པའི་བྱང་སེམས་འཕགས་པའམ་ཐེག་ཆེན་འཕགས་པ་བཅས་ཁྱད་པར་འདི་བྱུང་བ་རེད།
རྒྱུ་སྐྱབས་དང་འབྲས་སྐྱབས།
སྐྱབས་དེ་ལ། རྒྱུད་བླ་མ་ལས་གསུངས་པ་ལྟརརང་གི་འཐོབ་བྱར་གྱུར་པའི་སངས་རྒྱས། ཆོས། དགེ་འདུན་ནི་འབྲས་བུའི་སྐྱབས་དང་། དེ་ལྟ་བུའི་འབྲས་སྐྱབས་མངོན་དུ་བྱེད་པའི་རྒྱུ་དང་རྐྱེན་གྱི་ལམ་སྟོན་གནང་མཁན། ང་རང་ཚོས་སྐྱབས་གནས་ཞུ་བའི་ཡུལ། རང་ལས་རྒྱུད་ཐ་དད་པའི་སངས་རྒྱས་འཕགས་པ། དེ་བཞིན་སློབ་པའི་དགེ་འདུན། དེ་གཉིས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་སློབ་པ་དང་མི་སློབ་པའི་ཆོས་དེ་དག་ནི་རྒྱུ་སྐྱབས་ཡིན།
དེ་དག་མིག་དཔེ་བལྟ་སའི་ཡུལ་དུ་བཞག །དེ་དག་གི་ཐུགས་རྒྱུད་ལ་ཡོད་པའི་ཆོས་དེ་ལྟ་བུ་ཞིག་སོ་སོའི་སྨོན་པའི་ཡུལ་དུ་བྱས་ནས་སྐྱབས་ཡུལ་དེ་དག་གི་རྗེས་སུ་འབྲངས་པའི་འབྲས་བུར་རང་གིས་བདེན་པ་མངོན་སུམ་དུ་མཐོང་བའི་ལམ་བདེན་དང་། དེས་དྲངས་པའི་བྲལ་བའི་ཡོན་ཏན་རྣམས་རང་གི་རྒྱུད་ལ་གྲུབ་པ་ན་་ཆོས་དཀོན་མཆོག་ཐོབ་པ་རེད། དེ་འདྲའི་ཆོས་དཀོན་མཆོག་དེ་ནམ་ཐོབ་པ་ན་རང་ཉིད་སློབ་པའི་དགེ་འདུན་ཆགས་པ་རེད། དེ་ལྟ་བུའི་སློབ་པའི་དགེ་འདུན་གྱི་རྟེན་གྱི་ཐོག་ལ་མུ་འཐུད་ནས་འགོག་ལམ་ཀྱི་ཆོས་ཟབ་ཏུ་ཟབ་ཏུ་རྒྱ་ཆེ་རུ་ཆེ་རུ་ཕྱིན་ནས། མཐར་སྒྲིབ་གཉིས་སྤངས་པའི་བྲལ་བའི་ཡོན་ཏན་མངོན་དུ་བྱེད་པ་ན་འབྲས་བུ་སངས་རྒྱས་ཀྱི་མི་སློབ་པའི་ཆོས་དེ་འཐོབ་པ་རེད། དེར་བརྟེན་རྗེས་སུ་སོ་སོར་འཐོབ་རྒྱུའམ་རང་གི་འཐོབ་བྱར་གྱུར་པའི་སངས་རྒྱས། ཆོས། དགེ་འདུན་གསུམ་པོ་དེ་ལ་འབྲས་སྐྱབས་ཟེར་བ་རེད། དེསན་སྐྱབས་དེ་ལ་་རྒྱུ་སྐྱབས་དང་འབྲས་སྐྱབས་་གཉིས་ཡོད་པ་ཤེས་དགོས།
སྐྱབས་ཀྱི་གོ་རིམ།
འདིར་སངས་རྒྱས། ཆོས། དགེ་འདུན་ཞེས་པའི་གོ་རིམ་སྒྲིག་ཚུལ་ནི། བསྟན་པ་གཅིག་གི་དབང་དུ་བྱས་ནས། དཔེར་ན་རྒྱལ་བ་ཤཱཀྱ་ཐུབ་པ་ལྟ་བུ་ཆ་བཞག་ན། ཐོག་མར་བཅོམ་ལྡན་འདས་རྒྱལ་པོའི་སྲས་བྱས་ནས་རྒྱལ་པོའི་ཁབ་ལ་བཞུགས། དེ་ནས་ཁྱིམ་སྤངས། རབ་ཏུ་བྱུང་། དེ་ནས་ལོ་དྲུག་དཀའ་སྤྱད་ལ་སོགས་པ་མཛད་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས། དེས་ན་ཐོག་མར་སངས་རྒྱས་དཀོན་མཆོག་དེ་དང་པོ་དེར་བྱུང་། དེ་ནས་སངས་རྒྱས་ཀྱིས་ཐོག་མར་འཁོར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་དེ་གསུངས། དེ་ནས་ལྷ་དང་མིའི་གདུལ་བྱ་བཟང་པོའི་ལས་དང་སྨོན་ལམ་གྱི་མཐུ་དུས་སུ་སྨིན་པ་ཚོ་ལ་ཤེར་ཕྱོན་གྱི་མདོ་དེ་ཚོ་གསུངས། ཆེས་ཤིན་ཏུ་རྒྱུད་དག་པའི་གདུལ་བྱ་ཉུང་ཤས་ཉུང་ཤས་སམ། ཧ་ལམ་གང་ཟག་བྱེ་བྲག་པ་རེ་རེའི་དབང་དུ་བྱས་ནས་རྒྱུད་སྡེའི་སྐོར་དེ་རྣམས་གསུངས། དེ་ལྟར་ཆོས་འཁོར་བསྐོར་བ་ལ་བརྟེན་ནས་ལུང་རྟོགས་ཀྱི་ཡོན་ཏན་གདུལ་བྱའི་རྒྱུད་ལ་སྐྱེས་པས་ཆོས་དཀོན་མཆོག་དེ་གཉིས་པར་བྱུང་། དེ་ལྟ་བུའི་ཆོས་དཀོན་མཆོག་རྒྱུད་ལ་སྐྱེས་པ་ན་དགེ་འདིན་དུ་འགྱུརབས། སངས་རྒྱས། ཆོས། དགེ་འདུན་བཅས་གོ་རིམ་དེ་ལྟར་བཞག་པ་རེད།
རྡོ་རྗེའི་གནས་བདུན།
དེ་ལ་རྒྱུད་བླ་མའི་སྐབས་ནས་རྡོ་རྗེའི་གནས་བདུན་གསུངས་འདི་གནད་འགག་ཆེན་པོ་རེད། དེ་ལ་རྡོ་རྗེའི་གནས་བདུན་ནི། སངས་རྒྱས། ཆོས། དགེ་འདུན། ཁམས། བྱང་ཆུབ། ཡོན་ཏན། འཕྲིན་བཅས་རེད། རྒྱུ་སྐྱབས་ཀྱི་དབང་དུ་བྱས་ནས་སངས་རྒྱས། ཆོས། དགེ་འདུན་གསུམ་ཀྱི་འཕྲིན་ལས་ང་ཚོ་ལ་འཇུག་ས་དེ་རང་གི་རྒྱུད་ལ་ཡོད་པའི་ཁམས་བདེ་གཤེགས་སྙིང་པོ་ཞེས་པ་དེ་རེད། དེར་བརྟེན་སྐྱབས་གསུམ་གྱི་རྗེས་སུ་ཁམས་བསྟན། དེ་ཡང་དྲི་མ་མ་སྤངས་པའི་སེམས་ཀྱི་ཆོས་ཉིད་ཁམས་བདེ་གཤེགས་སྙིང་པོ་བཤད་པ་ན། དྲི་མ་མ་སྤངས་པའི་སེམས་ཀྱི་ཆོས་ཉིད་ཙམ་དུ་མ་ཟད་ཆོས་ཉིད་གང་ལ་ལྡན་སའི་སེམས་དེའི་སྟེང་ནས་འབྲས་བུ་སངས་རྒྱས་ཀྱི་སའི་འདུས་བྱས་ཀྱི་སྐུར་འགྱུར་བའི་ཉེར་ལེན་གྱི་རྒྱུའི་ས་བོན་ཞིག་ཡོད་དགོས། དེ་མེད་ན། འབྲས་བུ་སངས་རྒྱས་ཀྱི་སའི་འདུས་བྱས་ཀྱི་ཆོས་དེ་དག་རྒྱུ་མེད་ལས་འཁྲུངས་པར་འགྱུར་གྱི་རེད། རྒྱུ་ལ་ལྷན་ཅིག་བྱེད་རྐྱེནདང་ཉེར་ལེན་གྱི་རྒྱུ་གཉིས་ཡོད་པ་དེ་དངོས་པོའི་གཤིས་ལུགས་རེད། སངས་རྒྱས་ཀྱི་སའི་འདུས་བྱས་ཀྱི་ཆོས་དེ་དག་ཀྱང་འདུས་བྱས་ཡིན་པས་ལྷན་ཅིག་བྱེད་རྐྱེན་དང་ཉེར་ལེན་གྱི་རྒྱུ་སྔོན་དུ་སོང་བའི་ཐོག་ནས་གྲུབ་དགོས། དེར་བརྟེན་རྒྱུད་བླ་མའི་ནང་ལ་སྐུ་གསུམ་སྒྲུབ་བྱེད་ཉེར་ལེན་ས་བོན་གྱི་ཆ་ཞེས་གསུངས། འདི་ནི་འདུས་བྱས་ཀྱི་སངས་རྒྱས་ཀྱི་སྐུར་འགྱུར་རུང་གི་རྒྱུ་ཞིག་གསུང་གི་ཡོད། དེའི་འགྲེལ་བཤད་དམ་ངོ་སྤྲོད་ཞིབ་ཕྲ་འདི་སྔགས་བླ་མེད་ཀྱི་སྐབས་ནས་ཐོན་ཡོང་གི་ཡོད། མདོར་ན་རིག་པ་ཀུན་ཏུ་བཟང་པོ་ཞེས་པ་དང་། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ། གནས་ལུགས་ཕྱག་རྒྱ་ཆེན་པོ་མཐར་ཐུག་གམ་གཞི་ཡི་ཕྱག་རྒྱ་ཆེན་པོ་དེ་འདིའི་སྒང་ལ་དགོངས་པ་བཞེས་དགོས་པར་གསུང་གི་འདུག
ཁམས་འདི་འདྲ་ཞིག་ཡོད་པར་བརྟེན་དྲི་མ་འབྲལ་རུང་ཆགས་ཀྱི་ཡོད། ཁམས་འདི་འདྲ་ཞིག་མེད་ན་དྲི་མ་འབྲལ་རུང་ཆགས་ཀྱི་མ་རེད། དཔེར་ན་ས་རྡོ་རི་བྲག་རང་བཞིན་གྱིས་སྟོང་པ་ཡིན་ནའང་ས་རྡོ་རི་བྲག་གི་སྟེང་གི་ཆོས་ཉིད་དེ་ངོ་བོ་ཉིད་སྐུར་འགྱུར་བ་མེད། དེ་ལྟར་ན་ཆོས་ཉིད་གང་ཞིག་སངས་རྒྱས་ཀྱི་སྐུར་འགྱུར་བའི་རྒྱུ་མཚན་ནི། ཆོས་ཉིད་དེའི་རྟེན་ཆོས་ཅན་དེ་སངས་རྒྱས་ཀྱི་ས་ལ་འགྲོ་བ་ཡོད་པས། དེའི་སྟེང་གི་ཆོས་ཉིད་དེ་མཐར་ངོ་བོ་ཉིད་སྐུར་འགྱུར་བ་ཡོན། དེ་ལ་བརྟེན་ནས་སྔགས་བླ་མེད་ཀྱི་སྐབས་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཞེས་པ་དེ་གསུངས་པ་རེད་ལ། དེའི་སྟེང་ནས་སྐུ་གསུམ་འགྲུབ་པའི་ནུས་པ་ཞིག་ཡོང་གི་ཡོད། ལྷག་པར་དུ་ཡང་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། ཞེས་པ་དེ་གསང་གསུམ་རོ་གཅིག་པ་ཞིག་གིས་སྟེང་ནས་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ་པ་མ་གཏོགས། སློབ་པའི་རྗེས་ཐོབ་གནས་སྐབས་ཀྱི་ལུས་སེམས་རགས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ན་གསང་གསུམ་རོ་གཅིག་པ་ཡོང་མི་ཐུབ། གསང་གསུམ་རོ་གཅིག་པ་མེད་ན་འཕྲིན་ལས་འབད་མེད་ལྷུན་གྲུབ་ཡོང་མི་ཐུབ། དེར་བརྟེན་གསང་གསུམ་རོ་གཅིག་པའི་རྒྱུ་མཐར་ཐུག་པ་ནི། ང་ཚོའི་རྒྱུད་ལ་ཡོད་པའི་གཉུག་མའི་འོད་གསལ་གྱི་སྟེང་ནས་དགོངས་པ་བཞེས་ཀྱི་འདུག །དེས་ན་འབྲས་བུ་སངས་རྒྱས་ཀྱི་སའི་གསང་གསུམ་དབྱེར་མི་ཕྱེད་པ་དེ་ད་ལྟ་ང་རང་ཚོའི་རྒྱུད་ལ་ཡོད་དང་ཡོད་བཞིན་པའི་གཉུག་མའི་ཤེས་པ་དང་། དེའི་སྟེང་གི་ཆོས་ཉིད་དང་། ཤེས་པ་དེའི་བཞོན་པའི་རླུང་བཅས་དེ་གསུམ་གྱི་སྟེང་ནས་འགྲུབ་ཀྱི་ཡོད།
དེ་ལྟ་བུའི་ཁམས་རང་བཞིན་གྱིས་འོད་གསལ་བའམ་རང་བཞིན་གྱིས་རྣམ་པར་དག་པ་དེའི་སྟེང་གི་གློ་བུར་བའི་དྲི་མ་རྣམས་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་བཅོམ་ནས་དྲི་མ་མཐའ་དག་བཅོམ་པའི་གནས་སྐབས་དེ་ལ་བྱང་ཆུབ་ཅེས་གསུངས་པ་པ་རེད། ལེགས་སྦྱར་སྐད་ལ་བོ་དྷི་ཞེས་པ་དེ་རེད། དེས་ན། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་པའི་བྱང་ཆུབ་དེ་དེ་ལ་ཟེར་གྱི་ཡོད། དེ་ལྟ་བུའི་བྱང་ཆུབ་དེ་ཐོབ་པ་ཡིན་ན། རང་གིས་ཐོབ་པའི་ཡོན་ཏན། གཞན་རྗེས་སུ་འཛིན་པའི་འཕྲིན་ལས་བཅས་བྱུང་བ་ཡིན། དེ་ལྟར་ན་རྡོ་རྗེའི་གནས་བདུན་པོ་འདིས་སྐྱབས་འགྲོའི་གོ་བ་ཆ་ཚང་བ་སླེབས་ཐུབ་པ་འདི་གནད་འགག་ཆེན་པོ་འདུག །འདི་དག་ནི་སྐྱབས་འགྲོའི་སྐོར་ཡིན།
སེམས་བསྐྱེད།
དེ་ནས་སེམས་བསྐྱེད་ནི།
བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།
ཞེས་པ་འདིས་བསྟན། དེ་ལྟ་བུའི་བྱང་ཆུབ་འཐོབ་པའི་ཆེད་དུ་དམིགས་ནས་བདག་གིས་དགེ་བའི་རྩ་བ་གང་བསགས་པ་འདི་ཐམས་ཅད། དགོས་པ་འགྲོ་བ་སེམས་ཅན་ལ་ཕན་པའི་ཕཕྱིར་དུ་རང་གི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བར་ཤོག །ཅེས་པའི་དོན་ཡིན། ནམ་རྒྱུན་འགའ་ཞིག་གིས། བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།། ཞེས་དེ་འདྲའང་འདོན་པ་ཡོང་གི་འདུག །འདི་ལྟར་ན་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། དེ་དང་ཐུན་མོང་དུ་བརྩོན་འགྲུས་རྣམས་གཙོ་བོར་གསུངས་ཀྱི་ཡོད། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། ཞེས་འདོན་པ་ཡིན་ན། བསོད་ནམས་ཀྱི་ཚོགས་གཅིག་པུ་མ་ཡིན་པར་ཡེ་ཤེས་ཀྱི་ཚོགས་ཀྱང་ཚང་ཐུབ།
ཚོགས་གཉིས་ཚང་བར་བྱེད་ཚུལ།
འོ་ན་སངས་རྒྱས་ཆོས་ཚོགས་མའི་ཚིགས་བཅད་འདིས་ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་ཀྱི་སྐོར་ལ་ཚིག་གང་གིས་ཚུལ་ཇི་ལྟར་སྟོན་ཞེ་་ན། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་པ་དང་། ཡང་། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། ཞེས་པའི་བདག་ཅེས་པའི་ཚིག་གིས་བསྟན། དེ་ཡང་བདག་ཅེས་པ་ནི། བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུངས་པའི་སྐབས་སུ། ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཉིས་གསུངས་ཤིང་། དེ་ཉིད་ཞིབ་ཏུ་བཀྲལ་བ་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཇུག་པའི་ཚུལ་དང་། འཁོར་བ་ཟློག་པའི་ཚུལ་དེ་གསུངས། ཡིན་ནའང་འདིའི་ནང་ལ་བདག་ཡོད་ཅེས་ཁྱོན་ནས་གསུངས་མེད། དེ་བཞིན་དུ་འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་ལས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རྣམ་གཞག་གསུངས་པ་ནའང་། བདག་ཡོད་ཅེས་ཁྱོན་ནས་གསུངས་མེད། དེ་ལྟར་མ་གསུངས་པ་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ལས་དོན་གཞན་དུ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོའི་བདག་མེད་ཅེས་དེ་འདྲའི་བདག་མེད་པ་དེ་སྟོན་པར་བཞེད་ནས། བདེན་བཞིའི་ཆོས་འཁོར་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་གསུངས་པའི་ཚེ། བདག་ཡོད་ཅེས་ཁྱོན་ནས་གསུང་མེད། དེར་བརྟེན་བདག་བདག་ཅེས་པའི་ཚིག་དེ་ཐོན་པ་ན་ང་ཚོས་བསམ་བློ་གཏང་དགོས་པ་ནི། ལུས་དང་སེམས་ལ་དབང་སྒྱུར་མཁན་གྱི་ཕུང་པོ་ལས་དོན་གཞན་པའི་བདག་གཏན་ནས་མེད་པ་དང་། དེར་མ་ཟད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་དབང་བསྒྱུར་བའི་བདག་ཅེས་པ། བདག་གི་ལུས་དང་སེམས་ལ་དབང་སྒྱུར་མཁན་གྱི་རྗེ་བོ་ལྟ་བུ་ཡིན། ཁོལ་པོ་རྗེ་བོ་ལ་ལྟོས་ཀྱང་རྗེ་བོ་ཁོལ་པོ་ལ་མི་ལྟོས་སྙམ་པ་ལྟར། ཕུང་པོ་བདག་ལ་ལྟོས། བདག་ཕུང་པོ་ལ་ལྟོས་པ་མེད་པ་དེ་འདྲ་བའི་བདག་རང་དབང་བ་ཞིག་མེད་པར་གསུངས། དེ་འདྲའི་བདག་རང་དབང་བ་འཛིན་པའི་བློ་དེ་ལ་གང་ཟག་གི་བདག་འཛིན་དུ་གསུངས་ཏེ། དེས་འཁོར་བར་་འཁོར་བའི་རྒྱུ་བྱེད་པར་གྲུབ་མཐའ་གོང་འོག་ཚང་མས་གསུངས། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་དེ་དག་གི་རྩ་བ་བདག་མེད་པ་ཅེས་པ་དེ་གསུངས་པས་ན། དོན་དེ་བློ་ལ་ཤར་བ་བྱས་ནས། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་བརྗོད་པའི་ཚེ་ཕུང་པོ་ལ་ལྟོས་པ་མེད་པའི་རང་དབང་བའི་བདག་མེད་ཅིང་། ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་བདག་ཅིག་བློ་ལ་ཤར་བ་བྱས་ནས། དེ་ལྟ་བུའི་བདག་དེས་བྱང་ཆུབ་བར་དུ་སྐྱབས་སུ་མཆི་རྒྱུ་ཡིན། དེར་མ་ཟད་སངས་རྒྱས་འཕགས་པ་ཞེས་པའང་ཟག་མེད་ཀྱི་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་སངས་རྒྱས། དགེ་འདུན་ཞེས་པའང་དགེ་འདུན་གྱི་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་གང་ཟག་ཅིག །རང་ཉིད་ཆ་བཞག་ནའང་རང་གི་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་ཙམ་གྱི་བདག་ཅིག་བློ་ལ་ཤར་བ་བྱས་ནས། དེ་ལྟ་བུའི་བདག་གིས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། དེ་ལྟ་བུའི་བདག་གིས་སྦྱིན་སོགས་ཀྱི་ཚུལ་ལ་བསླབས་ནས་དགེ་བའི་རྩ་བ་ཐམས་ཅད་བླ་མེད་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་བར་ཤོག །ཅེས་ཡེ་ཤེས་ཀྱི་ཚོགས་ཀྱིའང་གནད་འགག་ཆ་ཚང་བ་ཞིག་ཡོང་གི་འདུག །དེ་གནད་འགག་ཆེན་པོ་རེད། དེར་བརྟེན་ནམ་རྒྱུན་ང་ཚོས་སངས་རྒྱས་ཆོས་ཚོགས་མ་འདོན་སྐབས་`བདག་བདག་’ཅེས་པའི་ཚིག་དེ་འཐོན་པའི་ཚེ་ཇི་ལྟར་བློ་ལ་སྣང་བ་ནང་བཞིན་བདག་དེ་མེད། བདག་ནི་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་ཞིག་ཡིན་བསམ་པ་ཞིག་བློ་ལ་ཤར་བ་བྱས་ནས། དེ་ལྟ་བུའི་ཐ་སྙད་མིང་རྐྱང་བཏགས་ཡོད་ཙམ་གྱི་བདག་དེས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྦྱིན་སོགས་ཀྱི་ཚུལ་ལ་བསླབས་ནས་འགྲོ་བ་སེམས་ཅན་ལ་ཕན་པའི་ཕྱིར་དུ་བླ་མེད་རྫོགས་བྱང་གི་གོ་འཕང་ཐོབ་པར་ཤོག །ཅེས་སྨོན་ལམ་རྒྱག་པ་ཡོན་ན། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། ཞེས་པར་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ཚང་བའི་དབང་དུ་བྱས་ནས། ཚིག་འདི་རྒྱ་ཆར་རུ་ཕྱིན་པ་རེད་ལ། ནུས་པ་ཆེ་རུ་ཕྱིན་པ་
དེ་ལྟར་ན་སངསརྒྱས་ཆོས་ཚོགས་མའི་དོན་དག་རྣམས་ཐུགས་ལ་ཤར་བ་བྱས་ནས་ཚར་གསུམ་མཉམ་དུ་གསུང་ཤོག་ཨ།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ཅེས་དཔོན་སློབ་ཐམས་ཅད་ཀྱིས་ལན་གསུམ་ལྷན་དུ་གསུངས་སོ།། །། ༈ སངས་རྒྱས་ཆོས་ཚོགས་མའི་བཀའ་ཁྲིད་འདི་བཞིན་ཕྱི་ལོ་ ༢༠༢༠ ཟླ་བ་ ༧ ཚེས་ ༦ སྟེ་འཇིག་རྟེན་ཞི་བདེའི་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ ྋསྤྱི་་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༥ བཞདཔའི་སྐུའི་འཁྲུངས་སྐར་ཉིན་མོར། ཡུལ་གངས་ཅན་པའི་རིགས་སུ་སྐྱེས་པའི་བཙུན་པ་ཤྲཱི་མིང་པས་ ྋམགོན་པོ་མཆོག་གི་གསུང་དངོས་ལས་ཡིག་འབེབས་དང་ཞུ་སྒྲིག་བགྱིས་ཏེ་མཆོད་སྤྲིན་དུ་སྤྲོ་བ་ལགས་ན། ལེགས་བྱས་གང་མཆིས་ྋགོང་ས་པྱག་ན་པདྨོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་པའི་རྒྱུར་བསྔོ་བ་ལགས་སོ།། །།
No comments:
Post a Comment