Thursday, July 16, 2020

མངོན་པ་མཛོད་ས་བཅད་དང་(ཐར་གསལ་ལྟར།)སྦྱར་བ། གནས་གཉིས་པ།



གནས་གཉིས་པ་དབང་པོ་བསྟན་པ། 

༅༅།  །གཉིས་པ་དབང་པོ་བསྟན་པའི་གནས་འཆད་པ་ལ་གཉིས། དབང་པོའི་རྣམ་གཞག་དང་། འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་ལོ༎ དང་པོ་ལ་དྲུག །དབང་པོའི་རང་བཞིན། སྐབས་སུ་བབ་པའི་ངོ་བོ། རྣམ་པའི་རབ་དབྱེ། དབང་པོ་རྙེད་གཏོང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ། དབང་པོའི་ལྡན་ཚུལ་ལོ༎ དང་པོ་དབང་པོའི་རང་བཞིན་ལ་གཉིས། དབང་པོའི་བྱེད་ལས། དབང་པོའི་གྲངས་ངེས་སོ༎ དང་པོ་དབང་པོའི་བྱེད་ལས་ནི། ལྔ་པོ་རྣམས་ནི་དོན་བཞི་ལ།། དབང་བྱེད་བཞི་རྣམས་གཉིས་ལ་ལོ༎ ལྔ་དང་བརྒྱད་པོ་དེ་རྣམས་ནི༎ ཀུན་ནས་ཉོན་མོངས་རྣམ་བྱང་ལ༎ རང་གི་དོན་དང་ཐམས་ཅད་ལ༎ དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མོ་ཉིད་ཕོ་ཉིད་ལ་དབང་ཕྱིར༎ ལུས་ལས་མོ་དང་ཕོ་དབང་དག །རིགས་གནས་ཀུན་ནས་ཉོན་མོངས་དང༌༎ རྣམ་པར་བྱང་ལ་དབང་བྱེད་ཕྱིར༎ སྲོག་དང་ཚོར་བ་རྣམས་དང་ནི༎ དད་སོགས་དབང་པོ་ལྔར་འདོད་དོ༎ མྱ་ངན་འདས་སོགས་གོང་ནས་གོང༌༎ འཐོབ་པ་ལ་ནི་དབང་བྱེད་ཕྱིར༎ ཀུན་ཤེས་བྱེད་དང་ཀུན་ཤེས་དང༌༎ དེ་བཞིན་ཀུན་ཤེས་ལྡན་དབང་པོ༎ གཉིས་པ་དབང་པོའི་གྲངས་ངེས་ནི། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད༎ ཚོགས་དང་རྣམ་བྱང་ཇི་སྙེད་པ༎ དབང་པོ་དག་ཀྱང་དེ་སྙེད་དུ༎ ཡང་ན་འཇུག་པའི་རྟེན་དང་ནི༎ སྐྱེ་དང་གནས་དང་ཉེར་སྤྱོད་ལས༎ བཅུ་བཞི་དེ་བཞིན་ལྡོག་པ་ལ༎ དབང་པོ་རྣམས་ནི་གཞན་ཡིན་ནོ༎ གཉིས་པ་སྐབས་སུ་བབ་པའི་ངོ་བོ་ལ་གཉིས། ཚོར་བའི་དབང་པོ་ལྔ་བཤད་པ། དབང་པོ་ཐ་མ་གསུམ་བཤད་པའོ༎ དང་པོ་ཚོར་བའི་དབང་པོ་ལྔ་བཤད་པ་ནི། ལུས་ཚོར་སིམ་པ་མ་ཡིན་གང༌། །སྡུག་བསྔལ་དབང་པོའོ་སིམ་པ་ནི།། བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཡིད་བདེ་བ་ཡིན༎སེམས་ཀྱི་སིམ་པ་མ་ཡིན་པ༎ ཡིད་མི་བདེ་བའོ་བཏང་སྙོམས་ནི༎ བར་མའོ་གཉིས་ཀའི་མི་རྟོག་ཕྱིར༎  ཉིས་པ་དབང་པོ་ཐ་མ་གསུམ་བཤད་པ་ནི། མཐོང་བསྒོམ་མི་སློབ་ལམ་ལ་དགུ༎ གསུམ་ཡིན་་་ གསུམ་པ་རྣམ་པའི་རབ་དབྱེ་ལ་བཞི། གྲོགས་ལ་བལྟོས་པའི་རབ་དབྱེ། རྒྱུ་འབྲས་ལ་བལྟོས་པའི་རབ་དབྱེ། ངོ་བོ་ལ་བལྟོས་པའི་རབ་དབྱེ། སྤང་བྱ་ལ་བལྟོས་པའི་རབ་དབྱེའོ༎ དང་པོ་གྲོགས་ལ་བལྟོས་པའི་རབ་དབྱེནི། ་་་གསུམ་ནི་དྲི་མ་མེད༎ གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་དང་བཅས་པ་དགུ་རྣམ་གཉིས༎ གཉིས་པ་རྒྱུ་འབྲས་ལ་བལྟོས་པའི་རབ་དབྱེ་ནི། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས༎ ཐ་མ་བརྒྱད་དང་ཡིད་མི་བདེ༎ མ་གཏོགས་པ་སྟེ་དེ་གཅིག་ནི༎ རྣམ་པར་སྨིན་བཅས་བཅུ་རྣམ་གཉིས༎ ཡིད་དང་ཚོར་གཞན་དད་ལ་སོགས༎ གསུམ་པ་ངོ་བོ་ལ་བལྟོས་པའི་རབ་དབྱེནི། དགེ་བ་བརྒྱད་ཡིད་མི་བདེ་བ༎ རྣམ་གཉིས་ཡིད་དང་ཚོར་གཞན་ནི༎ རྣམ་གསུམ་གཞན་ནི་རྣམ་པ་གཅིག །དྲི་མེད་མ་གཏོགས་འདོད་པར་གཏོགས༎ ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་གཟུགས་ཅན་ དང༎ བདེ་བའང་མ་གཏོགས་གཟུགས་མེད་གཏོགས༎ བཞི་པ་སྤང་བྱ་ལ་བལྟོས་པའི་རབ་དབྱེ་ནི། ཡིད་དང་ཚོར་བ་གསུམ་རྣམ་གསུམ༎ གཉིས་ཀྱིས་སྤང་བྱ་ཡིད་མི་བདེ༎ དགུ་ནི་བསྒོམ་པས་ལྔ་པོ་ནི༎ སྤང་བར་བྱ་མིན་ཡང་གསུམ་མིན༎ བཞི་པ་དབང་པོའི་རྙེད་གཏོང་ལ་གཉིས། རྙེད་ཚུལ་དང་། གཏོང་ཚུལ་ལོ༎ དང་པོ་རྙེད་ཚུལ་ནི།  འདོད་པར་དང་པོར་རྣམ་སྨིན་གཉིས༎ རྙེད་དེ་རྫུས་ཏེ་སྐྱེ་བས་མིན༎ དེ་ཡིས་དྲུག་གམ་བདུན་ནམ་བརྒྱད༎ གཟུགས་ན་དྲུག་གོ་གོང་མར་གཅིག ། གཉིས་པ་གཏོང་ཚུལ་ནི། གཟུགས་མེད་དག་ཏུ་འཆི་བ་ནི༎ སྲོག་དང་ཡིད་དང་བཏང་སྙོམས་ཉིད༎ འགག་པར་འགྱུར་རོ་གཟུགས་ན་བརྒྱད༎ འདོད་པར་བཅུའམ་དགུའམ་བརྒྱད༎ རིམ་གྱིས་འཆི་བ་དག་ལ་བཞི༎ དགེ་ལ་ཐམས་ཅད་དག་ཏུ་ལྔ༎  ལྔ་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ་པནི། འབྲས་བུ་ཐ་མ་གཉིས་དགུས་འཐོབ༎ གཉིས་ནི་བདུན་དང་བརྒྱད་དང་དགུས། །བཅུ་གཅིག་དག་གིས་དགྲ་བཅོམ་ཉིད༎ འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན༎ དྲུག་པ་དབང་པོའི་ལྡན་ཚུལ་ལ་གཉིས། ངེས་ལྡན་དང་། སྲིད་ལྡན་ནོ༎ དང་པོ་ངེས་ལྡན་ནི། བཏང་སྙོམས་དང་ནི་སྲོག་དང་ནི༎ ཡིད་དང་ལྡན་ལ་ངེས་གསུམ་ལྡན༎ བདེ་ལུས་ལྡན་ལ་བཞི་དག་དང༌༎ མིག་སོགས་ལྡན་ལ་ལྔ་དང་ལྡན༎ ཡིད་བདེ་ལྡན་ཡང་སྡུག་བསྔལ་ལྡན༎ བདུན་དང་མོ་ཡི་དབང་སོགས་ལྡན༎ བརྒྱད་དང་ཀུན་ཤེས་ལྡན་པ་ཡི༎ དབང་པོ་ལྡན་ལ་བཅུ་གཅིག་ལྡན༎ ཀུན་ཤེས་བྱེད་པའི་དབང་ལྡན་ལ༎ བཅུ་གསུམ་དག་དང་ལྡན་པ་ཡིན༎ གཉིས་པ་སྲིད་ལྡན་ནི། དགེ་མེད་ནང་ན་ཉུང་ལྡན་པ༎ ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན༎ གཟུགས་མེད་བྱིས་པའང་དེ་བཞིན་ཏེ༎ བཏང་སྙོམས་སྲོག་ཡིད་དགེ་རྣམས་དང༌༎ མང་པོར་ལྡན་ལ་བཅུ་དགུ་སྟེ༎ དྲི་མ་མེད་རྣམས་མ་གཏོགས་སོ༎ མཚན་གཉིས་འཕགས་པ་ཆགས་བཅས་ཏེ༎ མཚན་གཅིག་དྲི་མེད་གཉིས་མ་གཏོགས༎ 
         གཉིས་པ་འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་བཤད་པ་ལ་གཉིས། དངོས་དང་། ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པའོ༎ དང་པོ་དངོས་ལ་གཉིས། གཟུགས་ཅན་གྱི་སྐྱེ་ཚུལ་དང༌། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལོ༎ དང་པོ་གཟུགས་ཅན་གྱི་སྐྱེ་ཚུལ་ནི། འདོད་ན་དབང་པོ་མེད་པ་དང་༎ སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད༎ ལུས་དབང་ལྡན་ལ་རྫས་དགུ་འོ༎ དབང་པོ་གཞན་ལྡན་རྫས་བཅུའོ༎  ཉིས་པ་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཐམས་ཅད་འདུས་བྱས་མཚན་ཉིད་དང༌༎ ཐོབ་པའམ་་་ གཉིས་པ་རྒྱས་པར་བཤད་པ་ལ་གཉིས། མཚུངས་ལྡན་གྱི་སྐྱེ་ཚུལ། མཚུངས་ལྡན་མ་ཡིན་པའི་སྐྱེ་ཚུལ་ལོ། །དང་པོ་མཚུངས་ལྡན་གྱི་སྐྱེ་ཚུལ་ལ་བཞི། སྡེ་ཚན་དུ་ངེས་པའི་རབ་དབྱེ། མ་ངེས་པ་དང་བཅས་པའི་མཚུངས་ལྡན། འདྲ་བ་ལྟ་བུའི་ཁྱད་པར། ཐ་དད་ལྟ་བུའི་གཅིག་པའོ༎ དང་པོ་སྡེ་ཚན་དུ་ངེས་པའི་རབ་དབྱེ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ༎ དང་པོ་མདོར་བསྟན་པ་ནི། ་་་སེམས་བྱུང་རྣམ་ལྔ་སྟེ། །ས་མང་ལ་སོགས་ཐ་དད་ཕྱིར༎  ཉིས་པ་རྒྱས་པར་བཤད་པ་ལ་ལྔ། སེམས་ཀྱི་ས་མང་། དགེ་བའི་ས་མང་། ཉོན་མོངས་ཆེན་པོའི་ས་མང་། མི་དགེ་བའི་ས་མང་། ཉོན་མོངས་ཆུང་ངུའི་ས་མང་བཤད་པའོ༎ དང་པོ་སེམས་ཀྱི་ས་མང་ནི། ཚོར་དང་སེམས་པ་འདུ་ཤེས་དང༌༎ འདུན་དང་རེག་དང་བློ་གྲོས་དྲན༎ ཡིད་ལ་བྱེད་དང་མོས་པ་དང༌༎ ཏིང་ངེ་འཛིན་སེམས་ཐམས་ཅད་ལ༎  ཉིས་པ་དགེ་བའི་ས་མང་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས༎ བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད༎ རྩ་བ་གཉིས་རྣམ་མི་འཚེ་དང༌༎ བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌༎  གསུམ་པ་ཉོན་མོངས་ཆེན་པོའི་ས་མང་ནི། རྨོངས་དང་བག་མེད་ལེ་ལོ་དང༌༎ མ་དད་པ་དང་རྨུགས་དང་རྒོད༎ ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌༎ བཞི་པ་མི་དགེ་བའི་ས་མང་ནི། མི་དགེ་ལ་ནི་ཁྲེལ་མེད་དང༌༎ ངོ་ཚ་མེད་པའོ་་་ ལྔ་པ་ཉོན་མོངས་ཆུང་ངུའི་ས་མང་བཤད་པ་ནི། ་་་ཁྲོ་བ་དང༌༎ ཁོན་དུ་འཛིན་དང་གཡོ་དང་ནི༎ ཕྲག་དོག་འཚིག་འཆབ་སེར་སྣ་དང༌༎ སྒྱུ་དང་རྒྱགས་དང་རྣམ་འཚེ་ནི༎ ཉོན་མོངས་ཆུང་ངུའི་ས་པ་རྣམས༎ གཉིས་པ་མ་ངེས་པ་དང་བཅས་པའི་མཚུངས་ལྡན་ནི། འདོད་པའི་དགེ་བའི་སེམས་ལ་ནི༎ རྟོག་དང་དཔྱོད་དང་བཅས་པའི་ཕྱིར༎ སེམས་ལས་བྱུང་བ་ཉི་ཤུ་གཉིས༎ ལ་ལ་དག་ཏུ་འགྱོད་པ་བསྣན༎ མི་དགེ་བ་ནི་མ་འདྲེས་དང༌༎ ལྟ་དང་ལྡན་ལའང་ཉི་ཤུ་འབྱུང༌༎ ཉོན་མོངས་བཞི་དང་ཁྲོ་སོགས་དང༌༎ འགྱོད་པ་དང་ནི་ཉི་ཤུ་གཅིག །བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན༎ གཞན་ལ་བཅུ་གཉིས་དག་ཏུ་འདོད༎ གཉིད་ནི་ཀུན་ལ་མི་འགལ་ཕྱིར༎ གང་ལ་ཡོད་པ་དེ་བསྣན་ནོ༎ དེ་ལས་འགྱོད་གཉིད་མི་དགེ་རྣམས༎ བསམ་གཏན་དང་པོ་དག་ན་མེད༎ རྟོག་པའང་བསམ་གཏན་ཁྱད་པར་ཅན༎ དེ་ཡི་གོང་ན་དཔྱོད་པ་ཡང༌༎  སུམ་པ་འདྲ་བ་ལྟ་བུའི་ཁྱད་པར་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད༎ ཁ་ན་མ་ཐོ་འཇིགས་མི་ལྟ༎ དགའ་དང་གུས་ཉིད་ངོ་ཚ་ཤེས༎ དེ་གཉིས་འདོད་དང་གཟུགས་དག་ན༎ རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད༎ ང་རྒྱལ་ཁེངས་པ་རྒྱགས་པ་ནི༎ རང་གི་ཆོས་ལ་ཆགས་པ་ཡི༎ སེམས་ནི་ཡོངས་སུ་གཏུགས་པའོ།། བཞི་པ་ཐ་དད་ལྟ་བུའི་གཅིག་པ་ནི། སེམས་དང་ཡིད་དང་རྣམ་ཤེས་ནི༎ དོན་གཅིག་སེམས་དང་སེམས་བྱུང་དང༌༎ རྟེན་དང་དམིགས་དང་རྣམ་བཅས་དང༌༎ མཚུངས་པར་ལྡན་པའང་རྣམ་པ་ལྔ༎

གཉིས་པ་མཚུངས་ལྡན་མ་ཡིན་པའི་སྐྱེ་ཚུལ་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ༎ དང་པོ་མདོར་བསྟན་པ་ནི། མི་ལྡན་པ་ཡི་འདུ་བྱེད་རྣམས༎ ཐོབ་དང་མ་ཐོབ་སྐལ་མཉམ་དང༌༎ འདུ་ཤེས་མེད་སྙོམས་འཇུག་པ་དང་༎ སྲོག་དང་མཚན་ཉིད་རྣམས་དང་ནི༎ མིང་གི་ཚོགས་ལ་སོགས་པ་ཡང༌༎ གཉིས་པ་རྒྱས་པར་བཤད་པ་ལ་བདུན། ཐོབ་མ་ཐོབ་བཤད་པ། སྐལ་མཉམ་བཤད་པ། འདུ་ཤེས་མེད་པ་བ་བཤད་པ། སྙོམས་འཇུག་གཉིས་བཤད་པ། སྲོག་བཤད་པ། མཚན་ཉིད་བཤད་པ། རྗོད་བྱེད་བཤད་པའོ༎ དང་པོ་ཐོབ་མ་ཐོབ་བཤད་པ་ལ་གཉིས། དངོས་དང༌། དེའི་ཁྱད་ཆོས་བཤད་པའོ༎ དང་པོ་དངོས་ནི། ཐོབ་པ་རྙེད་དང་ལྡན་པ་འོ༎ ཐོབ་དང་མ་ཐོབ་རྙེད་རྒྱུད་དུ༎ གཏོགས་པ་རྣམས་ཀྱིའོ་འགོག་གཉིས་ཀྱི༎ གཉིས་པ་དེའི་ཁྱད་ཆོས་བཤད་པ་ལ་གཉིས། ཐོབ་པའི་ཁྱད་ཆོས་དང་། མ་ཐོབ་པའི་ཁྱད་ཆོས་སོ༎ དང་པོ་ཐོབ་པའི་ཁྱད་ཆོས་ནི། དུས་གསུམ་པ་ཡི་རྣམ་པ་གསུམ༎ དགེ་ལ་སོགས་ཀྱི་དགེ་ལ་སོགས༎ དེར་གཏོགས་རྣམས་ཀྱི་རང་ཁམས་པ༎ མ་གཏོགས་རྣམས་ཀྱི་རྣམ་པ་བཞི༎ སློབ་དང་མི་སློབ་མིན་གྱི་གསུམ༎ སྤང་བྱ་མིན་པའི་རྣམ་གཉིས་འདོད༎ ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ༎ མངོན་ཤེས་སྤྲུལ་པ་མ་གཏོགས་པ༎ བསྒྲིབས་པའི་གཟུགས་ཀྱིའང་འདོད་པ་ན༎ གཟུགས་ཀྱི་སྔར་ནི་སྐྱེ་བ་མེད༎ གཉིས་པ་མ་ཐོབ་པའི་ཁྱད་ཆོས་ནི། མ་ཐོབ་མ་བསྒྲིབས་ལུང་མ་བསྟན༎ འདས་མ་སྐྱེས་ཀྱི་དེ་རྣམ་གསུམ༎ འདོད་སོགས་གཏོགས་དང་དྲི་མེད་ཀྱིའང༌༎ ལམ་མ་ཐོབ་པ་སོ་སོ་ཡི༎ སྐྱེ་བོར་འདོད་དོ་དེ་ཐོབ་དང༌༎ ས་འཕོས་ནས་ནི་རྣམ་ཉམས་འགྱུར༎ གཉིས་པ་སྐལ་མཉམ་བཤད་པ་ནི། སྐལ་མཉམ་སེམས་ཅན་འདྲ་བ་འོ༎ གསུམ་པ་འདུ་ཤེས་མེད་པ་བ་བཤད་པ་ནི། འདུ་ཤེས་མེད་པ་པ་འདུ་ཤེས༎ མེད་པར་སེམས་དང་སེམས་བྱུང་རྣམས༎ འགོག་པའོ་རྣམ་སྨིན་དེ་འབྲས་ཆེ༎ བཞི་པ་སྙོམས་འཇུག་གཉིས་བཤད་པ་ལ་གསུམ། འདུ་ཤེས་མེད་པའི་སྙོམས་འཇུག་བཤད་པ། འགོག་པའི་སྙོམས་འཇུག་བཤད་པ། དེ་གཉིས་ཀྱི་རྟེན་ཐུན་མོང་དུ་བཤད་པའོ༎ དང་པོ་འདུ་ཤེས་མེད་པའི་སྙོམས་འཇུག་བཤད་པ་ནི། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག །བསམ་གཏན་ཐ་མར་འབྱུང་འདོད་པས༎ དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད༎ འཕགས་པའི་མ་ཡིན་དུས་གཅིག་འཐོབ༎ གཉིས་པ་འགོག་པའི་སྙོམས་འཇུག་བཤད་པ་ནི། འགོག་པ་ཞེས་པའང་དེ་བཞིན་ཉིད༎ འདི་གནས་དོན་དུ་སྲིད་རྩེ་སྐྱེས༎ དགེ་བའོ་གཉིས་སུ་མྱོང་འགྱུར་དང༌༎ མ་ངེས་འཕགས་པའི་སྦྱོར་བས་འཐོབ༎ ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ༎ དང་པོར་མ་ཡིན་སྐད་ཅིག་མ༎ སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ༎ གསུམ་པ་དེ་གཉིས་ཀྱི་རྟེན་ཐུན་མོང་དུ་བཤད་པ་ནི། གཉིས་ཀ་འདོད་དང་གཟུགས་རྟེན་ཅན༎ འགོག་པ་དང་པོར་མིའི་ནང་དུ༎ སྲོག་ནི་ཚེ་ཡིན་དྲོད་དང་ནི༎ རྣམ་ཤེས་རྟེན་གང་ཡིན་པའོ༎ དྲུག་པ་མཚན་ཉིད་བཤད་པ་ནི། མཚན་ཉིད་དག་ནི་སྐྱེ་བ་དང༌༎ རྒ་དང་གནས་དང་མི་རྟག་ཉིད༎ དེ་དག་སྐྱེ་བའི་སྐྱེས་ལ་སོགས༎ དེ་ཆོས་བརྒྱད་དང་གཅིག་ལ་འཇུག །རྒྱུ་དང་རྐྱེན་དག་མེད་པར་ནི༎ སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན༎ བདུན་པ་རྗོད་བྱེད་བཤད་པ་ནི། མིང་གི་ཚོགས་ལ་སོགས་པ་ནི༎ མིང་དང་ངག་དང་ཡི་གེའི་ཚོགས༎ གསུམ་པ་དོན་བསྡུ་བ་ནི། འདོད་དང་གཟུགས་གཏོགས་སེམས་ཅན་སྟོན༎ རྒྱུ་མཐུན་ལུང་བསྟན་མིན་དེ་བཞིན༎ སྐལ་མཉམ་རྣམ་པར་སྨིན་པའང་ཡིན༎ ཁམས་གསུམ་པ་སྟེ་ཐོབ་རྣམ་གཉིས༎ མཚན་ཉིད་རྣམས་ཀྱང་སྙོམས་འཇུག་དང༌༎ མི་ལྡན་པ་དག་རྒྱུ་མཐུན་པ༎



གཉིས་པ་ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལ་གཉིས། རྒྱུ་འབྲས་བུ་དང་བཅས་པ་བཤད་པ་དང་། རྐྱེན་བཤད་པའོ༎ དང་པོ་རྒྱུ་འབྲས་བུ་དང་བཅས་པ་བཤད་པ་ལ་གསུམ། རྒྱུ་བཤད་པ། འབྲས་བུ་བཤད་པ། དེ་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པའོ༎ དང་པོ་རྒྱུ་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ༎ དང་པོ་མདོར་བསྟན་པ་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌༎ སྐལ་མཉམ་མཚུངས་པར་ལྡན་པ་དང༌༎ ཀུན་ཏུ་འགྲོ་དང་རྣམ་སྨིན་དང༌༎ རྒྱུ་ནི་རྣམ་པ་དྲུག་ཏུ་འདོད༎  གཉིས་པ་རྒྱས་པར་བཤད་པ་ལ་དྲུག བྱེད་རྒྱུ།  ལྷན་ཅིག་འབྱུང་བའི་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་བཤད་པའོ༎ དང་པོ་བྱེད་རྒྱུ ནི། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ༎ གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ལ་གཉིས། མཚན་ཉིད་དང་། མཚན་གཞིའོ༎ དང་པོ་མཚན་ཉིད་ནི། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས༎ གཉིས་པ་མཚན་གཞི་ལ་གཉིས། སྤྱིར་བསྟན་པ་དང༌། སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པའོ༎ དང་པོ་སྤྱིར་བསྟན་པ་་ནི། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང༌༎ སེམས་དང་མཚན་ཉིད་མཚན་གཞི་བཞིན༎ གཉིས་པ་སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པ་ནི། སེམས་ལས་བྱུང་དང་སྡོམ་གཉིས་དང༌༎ སེམས་དང་དེ་དག་གི་མཚན་ཉིད༎ སེམས་ཀྱི་རྗེས་འཇུག་དུས་དང་ནི༎ འབྲས་སོགས་དགེ་ལ་སོགས་པས་སོ༎ གསུམ་པ་སྐལ་མཉམ་གྱི་རྒྱུ་ནི། སྐལ་མཉམ་རྒྱུ་ནི་འདྲ་བའོ༎ རང་རིགས་ས་པའོ་སྔར་སྐྱེས་རྣམས༎ ས་དགུའི་ལམ་ནི་ཕན་ཚུན་དུ༎ མཉམ་དང་ཁྱད་པར་ཅན་གྱི་ཡིན༎ སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན༎ ཐོས་དང་བསམས་བྱུང་ལ་སོགས་པ༎ བཞི་པ་མཚུངས་ལྡན་གྱི་རྒྱུ་ནི། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌༎ སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ༎ ལྔ་པ་ཀུན་འགྲོའི་རྒྱུ་ནི། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན༎ རྣམས་ཀྱི་རང་ས་ཀུན་འགྲོ་སྔ༎ དྲུག་པ་རྣམ་སྨིན་གྱི་རྒྱུ་བཤད་པ་ནི། རྣམ་སྨིན་རྒྱུ་ནི་མི་དགེ་དང༌༎ དགེ་བ་ཟག་བཅས་རྣམས་ཁོ་ན༎ གསུམ་པ་དོན་བསྡུ་བ་ནི། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ༎ གསུམ་པོ་དག་ནི་དུས་གསུམ་པ༎  
གཉིས་པ་འབྲས་བུ་བཤད་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ༎ དང་པོ་མདོར་བསྟན་པ་ནི། འདུས་བྱས་བྲལ་བཅས་འབྲས་བུ་ཡིན༎ འདུས་མ་བྱས་ལ་དེ་དག་མེད༎ གཉིས་པ་རྒྱས་པར་བཤད་པ་ལ་གཉིས། འབྲས་བུ་གང་རྒྱུ་གང་གི་ཡིན་པ་དང་། སོ་སོའི་མཚན་ཉིད་བཤད་པའོ༎ དང་པོ་འབྲས་བུ་གང་རྒྱུ་གང་གི་ཡིན་པ་ནི། རྣམ་སྨིན་འབྲས་བུ་ཐ་མའི་ཡིན༎ བདག་པོའི་འབྲས་བུ་དང་པོའི་ཡིན༎ རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི༎ སྐྱེས་བུ་པ་ནི་གཉིས་ཀྱི་ཡིན༎ གཉིས་པ་སོ་སོའི་མཚན་ཉིད་བཤད་པ་ནི། རྣམ་སྨིན་ལུང་དུ་མ་བསྟན་ཆོས༎ སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌༎ རྒྱུ་མཐུན་རྒྱུ་དང་འདྲ་བའོ༎ བྲལ་བ་བློ་ཡིས་ཟད་པ་འོ༎ གང་གི་སྟོབས་ཀྱིས་གང་སྐྱེས་པའི༎ འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས།། སྔོན་བྱུང་མ་ཡིན་འདུས་བྱས་ནི༎ འདུས་བྱས་ཁོ་ནའི་བདག་པོའི་འབྲས༎ གསུམ་དེ་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པ་པ་ལ་གཉིས། འབྲས་བུ་འཛིན་འབྱིན་གྱི་དུས། དངོས་པོ་གང་རྒྱུ་དུས་སྐྱེད་པའོ༎ དང་པོ་འབྲས་བུ་འཛིན་འབྱིན་གྱི་དུས་ནི། ལྔ་པོ་ད་ལྟར་འབྲས་བུ་འཛིན༎ གཉིས་ནི་རབ་ཏུ་འབྱིན་པར་བྱེད༎ ད་ལྟར་གྱི་དང་འདས་པ་དག །གཅིག་ནི་འདས་པས་འབྱིན་པར་འགྱུར༎ གཉིས་པ་དངོས་པོ་གང་རྒྱུ་དུས་སྐྱེད་པ་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས༎ ལྷག་དང་དང་པོ་འཕགས་རིམ་བཞིན༎ རྣམ་སྨིན་ཀུན་འགྲོ་དེ་གཉིས་དང༌༎ སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས༎ སེམས་དང་སེམས་ལས་བྱུང་བ་ཡིན༎ མཚུངས་ལྡན་མ་གཏོགས་གཞན་དེ་བཞིན༎ རྐྱེན་ནི་བཞི་པོ་དག་ཏུ་གསུངས༎ གཉིས་པ་རྐྱེན་བཤད་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ༎ དང་པོ་མདོར་བསྟན་པ་ནི། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན༎ གཉིས་པ་རྒྱས་པར་བཤད་པ་ལ་བཞི། རྐྱེན་སོ་སོའི་མཚན་ཉིད། རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད། དངོས་པོ་གང་རྐྱེན་དུས་སྐྱེད། དེ་མ་ཐག་རྐྱེན་རྒྱས་པར་བཤད་པའོ༎དང་པོ་རྐྱེན་སོ་སོའི་མཚན་ཉིད་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས༎ ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དོ༎ བྱེད་རྒྱུ་ཞེས་བྱ་བདག་པོར་བཤད༎ གཉིས་པ་རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད་ནི། རྒྱུ་གཉིས་པོ་དག་འགག་པ་ལ༎ བྱ་བ་བྱེད་དོ་གསུམ་པོ་ནི༎ སྐྱེ་ལའོ་དེ་ལས་གཞན་པ་ཡི༎ རྐྱེན་དག་དེ་ལས་བཟློག་པ་ཡིན༎ གསུམ་པ་དངོས་པོ་གང་རྐྱེན་དུས་སྐྱེད་ནི། བཞི་ཡིས་སེམས་དང་སེམས་བྱུང་རྣམས༎ གསུམ་གྱིས་སྙོམས་པར་འཇུག་པ་གཉིས༎ གཞན་ནི་གཉིས་པོ་དག་ལས་སྐྱེ༎ དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར༎ དེའི་རྒྱུ་འབྱུང་བ་རྣམ་པ་གཉིས༎ འབྱུང་ལས་གྱུར་པའི་རྣམ་པ་ལྔ༎ འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ༎ འབྱུང་བ་རྣམས་ཀྱི་དེ་རྣམ་གཅིག།
བཞི་པ་དེ་མ་ཐག་རྐྱེན་རྒྱས་པར་བཤད་པ་ལ་གསུམ། སེམས་བཅུ་གཉིས་སུ་དབྱེ་བ་དང༌། ཉི་ཤུར་དབྱེ་བ་དང་། བཅུ་གཉིས་པོ་གང་ལས་གང་གསར་དུ་རྙེད་དཔྱད་པའ༎ དང་པོ་སེམས་བཅུ་གཉིས་སུ་དབྱེ་བ་ལ་གཉིས། དངོས་དང་། རྐྱེན་དང་རྐྱེན་ཅན་སྦྱར་བའོ༎ དང་པོ་དངོས་ནི། འདོད་ཡིད་དགེ་དང་མི་དགེ་དང༌༎ བསྒྲིབས་པ་དང་ནི་མ་བསྒྲིབས་པ༎ གཟུགས་དང་གཟུགས་མེད་པ་དག་ན༎ མི་དགེ་ལས་གཞན་ཟག་མེད་གཉིས༎ གཉིས་པ་རྐྱེན་དང་རྐྱེན་ཅན་སྦྱར་བ་ནི། འདོད་སེམས་དགེ་བ་ལས་སེམས་དགུ༎ དེ་ནི་བརྒྱད་པོ་ཁོ་ན་ལས༎ མི་དགེ་བ་ནི་བཅུ་དག་ལས༎ དེ་ལས་བཞི་སྟེ་བསྒྲིབས་དེ་བཞིན༎ མ་བསྒྲིབས་པ་ནི་ལྔ་དག་ལས༎ དེ་ལས་མཇུག་ཐོགས་སེམས་བདུན་ནོ༎ གཟུགས་ན་དགེ་ལས་བཅུ་གཅིག་གོ །དེ་ནི་དགུ་ཡི་མཇུག་ཐོགས་སུ༎ བསྒྲིབས་པ་བརྒྱད་ལས་དེ་ལས་དྲུག །མ་བསྒྲིབས་པ་ནི་གསུམ་ལས་སོ༎ དེ་ལས་དྲུག་སྟེ་གཟུགས་མེད་པའང༌༎ དེ་ཡི་ཚུལ་ལོ་དགེ་བ་ལས༎ སེམས་དགུ་དག་གོ་དེ་དྲུག་གི །བསྒྲིབས་པ་ལས་བདུན་དེ་དེ་བཞིན༎ སློབ་པ་བཞི་ལས་དེ་ལས་ལྔ༎ མི་སློབ་པ་ནི་ལྔ་ལས་སོ༎ དེ་ལས་སེམས་ནི་བཞི་དག་གོ། གཉིས་པ་ཉི་ཤུར་དབྱེ་བ་ནི། བཅུ་གཉིས་དེ་དག་ཉི་ཤུར་ཡང༌༎ གསུམ་དུ་སྐྱེས་ནས་ཐོབ་པ་དང༌༎ སྦྱོར་བྱུང་དགེ་རྣམ་གཉིས་ཕྱེ་ནས༎ རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ༎ བཟོ་ཡི་གནས་དང་སྤྲུལ་པ་དང༌༎ འདོད་ན་ལུང་བསྟན་མིན་རྣམ་བཞིར༎ གཟུགས་ན་བཟོ་མ་གཏོགས་པ་འོ༎ གསུམ་པ་བཅུ་གཉིས་པོ་གང་ལས་གང་གསར་དུ་རྙེད་དཔྱད་པ་ནི། ཁམས་གསུམ་པ་ཡི་ཉོན་མོངས་ཅན༎ དྲུག་དང་དྲུག་དང་གཉིས་རྙེད་དོ༎ གཟུགས་སྐྱེས་དགེ་ལ་གསུམ་དག་གོ །སློབ་པ་ལ་བཞི་ལྷག་ལ་དེ༎ ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའོ༎   ༎ 


No comments:

Post a Comment