Wednesday, July 8, 2020

བྱང་ས་བསྡུ་བ་ཐེག་བསྡུས་ཀྱི་རིགས་པ་གསུམ།


༄༅།   །ནམོགུརུ། དྲང་ངེས་ལེགས་བཤད་སྙིང་པོ་ལས།
“དགོངས་འགྲེལ་ལས་གཞན་དབང་ཀུན་བརྟགས་ཀྱིས་སྟོང་བར་སྒྲུབ་པའི་རིགས་པ་མ་གསུངས་པ་རྟོགས་པར་བྱ་བའི་ཕྱིར་བྱང་ས་དང་བསྡུ་བ་ལས་རིགས་པ་གསུམ་གསུམ་གསུངས་ཤིང༌།” ཞེས་སོགས་ཀྱི་སྐབས་སུ། བྱང་ས། བསྡུ་བ། ཐེག་བསྡུས་གསུམ་གྱི་རིགས་པ་གསུམ་གསུམ་གྱི་ངོས་འཛིན་ནི། སྡོམ་ལ།
       ཐེག་བསྡུའི་དང་པོ་བྱང་སའི་གསུམ་པ་འདྲ།།
       ཐེག་བསྡུའི་གཉིས་པ་བྱང་སའི་དང་པོ་འདྲ།།
       ཐེག་གསུམ་བསྡུ་གསུམ་བྱང་སའི་གཉིས་རྣམས་གཞན།།
ཞེས་གཟུང་ངོ་།།

ཐེག་བསྡུས་ཀྱི་རིགས་པ་དང་པོ་ནི།
ལྟོ་ལྡིར་བ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་སྟེ། ཁྱོད་ལ་བུམ་པ་ཞེས་བརྡ་མ་སྦྱར་བའི་སྔ་རོལ་ནས་འདི་ནི་བུམ་པའོ་སྙམ་པའི་བློ་མི་འབྱུང་བའི་ཕྱིར།

ཐེག་བསྡུས་ཀྱི་རིགས་པ་གཉིས་པ་ནི།
ལྷ་དབང་ཆོས་ཅན། ཁྱོད་ལ་རི་འཇོམས། བརྒྱ་བྱིན། གྲོང་འཇོམས་ལ་སོགས་པའི་མིང་དུ་མ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་སྟེ། གང་ཟག་གཅིག་རྒྱུད་ཐ་དད་པ་དུ་མར་མེད་པའི་ཕྱིར།

ཐེག་བསྡུས་ཀྱི་རིགས་པ་གསུམ་པ་ནི།
རྒྱལ་རིགས་ཉེར་སྦས་དང་བྲམ་ཟེ་ཉེར་སྦས་གཉིས་ཆོས་ཅན། ཁྱོད་གཉིས་ལ་ཉེར་སྦས་ཞེས་པའི་མིང་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་སྟེ། གང་ཟག་གཉིས་པོ་རྒྱུད་གཅིག་ཏུ་མེད་པའི་ཕྱིར།

བྱང་སའི་རིགས་པ་གཉིས་པ་ནི།
བུམ་པ་ཆོས་ཅན། ཁྱོད་མིང་བརྡའི་ཡུལ་དུ་རང་མཚན་གྱིས་མ་གྲུབ་སྟེ། མིང་མ་བཏགས་པའི་སྔ་རོལ་དུ་ཁྱོད་ཡོད་པའི་ཕྱིར།

བསྡུ་བའི་རིགས་པ་གསུམ་པ་ནི།
 བུམ་པ་ཆོས་ཅན། ཁྱོད་ཞེས་པའི་མིང་གི་འཇུག་གཞིར་རང་མཚན་གྱིས་མ་གྲུབ་སྟེ། ཁྱོད་ལ་བུམ་པ་ཞེས་པའི་མིང་འཇུག་པ་སྒྲ་རྟོག་ལ་རག་ལས་པའི་ཕྱིར།
 མངྒལཾ།།   །།

No comments:

Post a Comment