
བསྟན་འཛིན་དཔལ་མཆོག་གིས་ཧིན་ཡིག་ལས་སྒྱུར་སྒྲིག་བྱས།
༄༅། །རྒྱ་གར་གྲོས་ཚོགས་ནི་རྒྱ་གར་མང་གཙོའི་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་འགན་དབང་ལྡན་པའི་་ལྷན་ཚོགས་ཉག་གཅིག་པུ་དེ་ཡིན། འདིའི་ཁོངས་སུ་སྲིད་འཛིན་མཆོག་དང་། དེ་བཞིན་མི་མང་ཚོགས་འདུ་ {ལཱོཀ སབྷཱ།} དང་། རྒྱལ་སྲིད་ཚོགས་འདུ་ {རཱཇྱ སབྷཱ།} བཅས་ཡོད། སྲིད་འཛིན་མཆོག་ཀྱང་གྲོས་ཚོགས་ཀྱི་ཁ་བྲལ་དུ་མེད་པའི་ཆ་ཤས་སུ་འཇོག་པ་ནི་ཁྲིམས་བཟོ་དང་འཛིན་སྐྱོང་གི་འབྲེལ་བ་ལེགས་པོར་ཡུན་གནས་སླད་དུ་ཡིན།
མི་མང་ཚོགས་འདུ།
མི་མང་ཚོགས་འདུ་ནི་མི་མང་དང་ཐད་ཀར་འབྲེལ་བའི་ལྷན་ཚོགས་ཤིག་རེད། དེ་ནི་མི་མང་འཐུས་ཚོགས་དངོས་གནས་དེ་ཡིན་ལ། སྲིད་དོན་ཚོགས་པ་གང་གིས་གཞུང་གཟུང་མིན་ཡང་འདིའི་གྲངས་འབོར་གྱིས་ཐག་ཆོད་པས་དེ་ཉིད་གལ་ཆེ་བར་འདོད། ལྷག་པར་དཔལ་འབྱོར་གྱི་ཁྲིམས་གཞིའི་ཐད་ཚོགས་འདུ་འདི་གཙོ་ཆེ་ཤོས་ཡིན། འདིའི་ཚོགས་མིའི་གྲངས་ཚད་མཐོ་ཤོས་ ༥༥༢ བར་འཕར་སྲིད་ལ། ད་ལྟ་ནི་ཚོགས་མི་གྲངས་ ༥༤༣ ཙམ་ཡོད། རང་ལོ་ ༡༨ ཡན་གྱི་རྒྱ་གར་གྱི་ཡུལ་མི་སུ་ཞིག་ཡིན་རུང་མི་མང་ཚོགས་འདུའི་འོས་འཕེན་གྱི་ཐོབ་ཐང་ཡོད། མི མང་ཚོགས་འདུའི་ཚོགས་མིའི་འོས་ཆོས་ནི།
༡ རྒྱ་གར་གྱི་ཡུལ་མི་ཡིན་པ།
༢ རང་ལོ་༢༥ ཧྲིལ་པོ་ལོན་པ།
༣ གཞུང་ཁོངས་ཁེ་ཡོད་ལས་གནས་འཛིན་བཞིན་པ་མིན་པ།
༤ ཁྲིམས་ཁང་ནས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་
བྱས་པ་མིན་པ་བཅས་དགོས།
སྤྱིར་སྟངས་མི་མང་ཚོགས་འདུའི་ལས་ཡུན་ལོ་ ༥ ཡིན། འོན་ཀྱང་སྲིད་བློན་གྱི་བཀའ་གྲོས་ཀྱི་གཞི་ལ་བརྟེན་ནས་སྲིད་འཛིན་མཆོག་གིས་དུས་ལས་སྔ་བར་ཕྱིར་བསྡུ་བྱ་ཆོག མི་མང་ཚོགས་འདུ་དང་རྒྱལ་སྲིད་ཚོགས་འདུ་གཉིས་ཀར་སྲིད་འཛིན་མཆོག་གིས་ཛ་དྲག་གི་འདུ་སྐོང་དང་ཕྱིར་འགྱངས་གཉིས་ཀ་བྱེད། མི་མང་ཚོགས་འདུ་ཉིད་ཀྱི་ནང་ནས་འདི་གའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་འདེམས་ཀྱི་ཡོད། དེ་གཉིས་ཀའི་དུས་ཡུན་ཚོགས་མི་གཞན་གྱི་ལས་ཡུན་དང་མཚུངས་པ་ཡིན། འོན་ཀྱང་ཚོགས་གཙོ་འགྲེས་གཞོན་སུ་ཐད་ནས་རང་མོས་ཀྱིས་ལས་གནས་བསྐྱུར་ཆོག་ལ། མ་ཟད་མི་མང་ཚོགས་འདུའི་འཐུས་མི་སུམ་ཆ་གཉིས་ཡན་མོས་མཐུན་གྱིས་རེ་འདུན་བྱུང་ན་གོ་གནས་ཕབ་ཆོག་པ་ཡིན།
རྒྱལ་སྲིད་ཚོགས་འདུ།
རྒྱལ་སྲིད་ཚོགས་འདུ་ནི་གྲོས་ཚོགས་ཀྱི་ལྷན་ཚོགས་མཐོ་བ་དེ་ཡིན་ཞིང་། འདིའི་ཚོགས་མིའི་གྲངས་འབོར་ ༢༥༠ བར་འཕར་སྲིད་ཀྱང་། ད་ལྟ་ནི་ཚོགས་མི་གྲངས་ ༢༤༥ ཙམ་ཡོད། དེའི་ནང་གི་ཚོགས་མི་ ༡༢ སྲིད་འཛིན་མཆོག་གིས་ཐད་བསྐོས་བྱེད། དེ་དག་ཀྱང་སྒྱུ་རྩལ་དང་། གཞུང་ལུགས། ཚན་རིག སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་ཁྱད་ཡོན་ལྡན་པའི་ཆད་ལས་མཁས་པའམ་ཉམས་མྱོང་གྱི་མཚན་སྙན་ཡོད་པ་དག་བསྐོ་སྲོལ་ཡོད། ཚོགས་མི་ལྷག་མ་དག་མི་མང་བརྒྱུད་ནས་མངོན་སུམ་མ་ཡིན་པའི་ངོ་བོས་འདེམ་པར་བྱེད། ( མཆན: མི་མང་གིས་ཐད་ཀར་མ་བདམས་པར་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་འདེམ་པའི་དོན། ) རྒྱལ་སྲིད་ཚོགས་འདུའི་ཚོགས་མིའི་འོས་ཆོས་ནི།
༡ རྒྱ་གར་གྱི་ཡུལ་མི་ཡིན་པ།
༢ རང་ལོ་ ༣༠ མ་སོན་པ་མིན་པ།
༣ ཁེ་ཡོད་ལས་གནས་འཛིན་བཞིན་པ་མིན་པ།
༤ རིག་འཚོ་མ་ཟིན་པ་མིན་པ་བཅས་དགོས།
རྒྱལ་སྲིད་ཚོགས་འདུ་ནི་ལྷན་ཚོགས་བརྟན་པོ་ཞིག་སྟེ། དེ་ནི་བར་མ་དོར་ནམ་ཡང་ཕྱིར་བསྡུ་བྱ་མི་སྲིད། ལོ་གཉིས་རེའི་མཚམས་འདིའི་ཚོགས་མི་སུམ་ཆ་གཅིག་གིས་ངེས་པར་དུ་ལས་འཁྱུར་དང་ལེན་ཞུ་དགོས་ཤིང་། ཁོང་ཚོའི་ས་མིག་ཏུ་འཐུས་མི་གསར་པ་འོས་འདེམ་བྱེད། དེར་བརྟེན་ཚོགས་མི་རེ་རེ་བའི་ལས་ཡུན་ལོ་ངོ་ ༦ ཡིན། རྒྱལ་སྲིད་ཚོགས་འདུར་རྩ་ཁྲིམས་སྐྱར་བཅོས་བྱ་རྒྱུའི་དབང་ཚད་ལྡན་ཡོད་ལ། ད་དུང་འདིའི་ཁོངས་ནས་སྲིད་འཛིན་གྱི་འོས་མིར་ཞུགས་རྒྱུའི་གོ་སྐབས་ཀྱང་ཡོད་པ་ཡིན་ནོ།།
No comments:
Post a Comment