༄༅། །ནམོཤཱཀྱམུཎིཡེ། འདིར་བརྗོད་བྱ་གཞི་ལྔ་རྗོད་བྱེད་གནས་བརྒྱད་ཀྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པ་ཆོས་མངོན་པའི་མཛོད་ཀྱི་དོན་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་ནོ།། དང་པོ་མཚན་གྱི་དོན་ནི། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། གཉིས་པ་གྱུར་གྱི་ཕྱག་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གསུམ་པ་གཞུང་གི་དོན་ལ་གཉིས། བསྟན་བཅོས་རྩོམ་པ་ལ་ཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་པའི་བསྟན་བཅོས་ཀྱི་ལུས་དངོས་སོ། །དང་པོ་བསྟན་བཅོས་རྩོམ་པ་ལ་ཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ལ་གསུམ། མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པར་དམ་བཅའ་བ་དང་། སྤྲོ་བ་སྔོནདུ་འགྲོ་བའི་མཚན་གྱི་དོན་བཤད་པ་དང་། དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་པར་བསྒྲུབ་པའོ།། དང་པོ་མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པར་དམ་བཅའ་བ་ལ་གཉིས། མཆོད་བརྗོད་དང་། རྩོམ་པར་དམ་བཅའ་བའོ།། དང་པོ་མཆོད་བརྗོད་ནི། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌།། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ།། དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས།། གཉིས་པ་རྩོམ་པར་དམ་བཅའ་བ ་ནི། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ༎ གཉིས་པ་སྤྲོ་བ་སྔོནདུ་འགྲོ་བའི་མཚན་གྱི་དོན་བཤད་པ་ལ་གཉིས། ཆོས་མངོན་པ་བཤད་པ་དང་། མཛོད་བཤད་པའོ། །དང་པོ་ཆོས་མངོན་པ་བཤད་པ་ནི། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས༎ དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌༎ གཉིས་པ་མཛོད་བཤད་པ་ནི། འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ༎ འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད༎ གསུམ་པ་དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་པར་བསྒྲུབ་པ་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས༎ གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ༎ ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ༎ དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ༎ གཉིས་པ་བརྩམ་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ་གཉིས། བརྗོད་བྱ་ངོས་གཟུང་བ་དང་། དེ་རྒྱས་པར་གཏན་ལ་ཕབ་པའོ༎ དང་པོ་བརྗོད་བྱ་ངོས་གཟུང་བ་ནི།ཟག་བཅས་ཟག་པ་མེད་ཆོས་རྣམས༎ ལམ་མ་གཏོགས་པའི་འདུས་བྱས་རྣམས༎ ཟག་བཅས་གང་ཕྱིར་དེ་དག་ལ༎ ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར༎ ཟག་མེད་ལམ་གྱི་བདེན་པ་དང༌༎ འདུས་མ་བྱས་རྣམ་གསུམ་ཡང་སྟེ༎ ནམ་མཁའ་དང་ནི་འགོག་པ་གཉིས༎ གཉིས་པ་དེ་རྒྱས་པར་གཏན་ལ་ཕབ་པ་ལ་གཉིས། འདུས་མ་བྱས་རྒྱས་པར་བཤད་པ་དང་། འདུས་བྱས་རྒྱས་པར་བཤད་པའོ༎ དང་པོ་འདུས་མ་བྱས་རྒྱས་པར་བཤད་པ་ནི། དེ་ལ་ནམ་མཁའ་མི་སྒྲིབ་པའོ༎ སོ་སོར་བརྟགས་པས་འགོག་པ་གང༌༎ བྲལ་བའོ་སོ་སོ་སོ་སོ་ཡིན༎ སྐྱེ་ལ་གཏན་དུ་གེགས་བྱེད་པ༎ འགོག་གཞན་སོ་སོར་བརྟགས་མིན་པས༎ གཉིས་པ་འདུས་བྱས་རྒྱས་པར་བཤད་པ་ལ་བརྒྱད། ཁམས་བསྟན་པའི་གནས། དབང་པོ་བསྟན་པའི་གནས། འཇིག་རྟེན་བསྟན་པའི་གནས་བསྟན་པའི་གནས། ཕྲ་རྒྱས་བསྟན་པའི་གནས། ལམ་དང་གང་ཟག་བསྟན་པའི་གནས། ཡེ་ཤེས་བསྟན་པའི་གནས། སྙོམས་འཇུག་བསྟན་པའི་གནས་འཆད་པའོ།།
གནས་དང་པོ་ཁམས་བསྟན་པ།
དང་པོ་ཁམས་བསྟན་པའི་གནས་ལ་གསུམ། འདུས་བྱས་ཀྱི་ཕྱོགས། མིང་གི་རྣམ་གྲངས། ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པའོ། །དང་པོ་འདུས་བྱས་ཀྱི་ཕྱོགས་ནི། འདུས་བྱས་ཆོས་རྣམས་དེ་དག་ཀྱང༌༎ གཟུགས་ལ་སོགས་པའི་ཕུང་པོ་ལྔ༎ གཉིས་པ་མིང་གི་རྣམ་གྲངས་ལ་གཉིས། སྤྱིར་འདུས་བྱས་ཀྱི་མིང་གི་རྣམ་གྲངས་དང་། བྱེ་བྲག་ཏུ་ཟག་བཅས་ཀྱི་མིང་གི་རྣམ་གྲངས་སོ། །དང་པོ་སྤྱིར་འདུས་བྱས་ཀྱི་མིང་གི་རྣམ་གྲངས་ནི། དེ་དག་ཉིད་དུས་གཏམ་གཞི་དང༌༎ ངེས་པར་འབྱུང་བཅས་གཞི་དང་བཅས༎ གཉིས་པ་བྱེ་བྲག་ཏུ་ཟག་བཅས་ཀྱི་མིང་གི་རྣམ་གྲངས་ནི། གང་དག་ཟག་བཅས་ཉེར་ལེན་པའི༎ ཕུང་པོའང་དེ་དག་འཐབ་བཅས་ཀྱང༌༎ སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌༎ ལྟ་གནས་སྲིད་པའང་དེ་དག་ཡིན༎ གསུམ་པ་ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པ་ལ་གསུམ། ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན། ཆོས་གཞན་བསྡུ་བའི་ཚུལ། ཁམས་དང་རྣམ་པའི་རབ་དབྱེའོ།༎ དང་པོ་ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་ལ་ལྔ། དངོས་དང་། གསུམ་པོ་སོ་སོའི་སྒྲ་དོན་དགོས་པ་དང་བཅས་པ། ཚོར་འདུ་གཉིས་ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན། ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་ངེས་ཚུལ། སྐྱེ་མཆེད་གཉིས་ཀྱི་ངེས་པའོ༎ དང་པོ་དངོས་ལ་བཞི། གཟུགས་ཕུང་གི་རྣམ་གཞག །ཕུང་པོ་བར་པ་གསུམ་གྱི་རྣམ་གཞག །རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག །རྫས་ཆོས་ལ་དོགས་པ་གཅད་པའོ༎ དང་པོ་གཟུགས་ཕུང་གི་རྣམ་གཞག་ལ་གཉིས། དངོས་དང༌། དེ་ཁམས་དང་སྐྱེ་མཆེད་དུ་བྱ་བའོ༎ དང་པོ་དངོས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ༎ དང་པོ་མདོར་བསྟན་པ་ནི། གཟུགས་ནི་དབང་པོ་ལྔ་དང་དོན༎ ལྔ་དང་རྣམ་རིག་བྱེད་མིན་ཉིད༎ གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན་པ། དོན་ལྔ་མཚན་གཞིའི་སྒོ་ནས་བསྟན་པ། རིག་བྱེད་མ་ཡིན་པའི་གཟུགས་བཤད་པའོ༎ དང་པོ་དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན་པ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན༎ མིག་ལ་སོགས་གཟུགས་དང་བ་རྣམས༎ གཉིས་པ་དོན་ལྔ་མཚན་གཞིའི་སྒོ་ནས་བསྟན་པ་ནི། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ༎ སྒྲ་ནི་རྣམ་པ་བརྒྱད་ཡོད་དེ༎ རོ་ནི་རྣམ་དྲུག་དྲི་རྣམ་བཞི༎ རེག་བྱ་བཅུ་གཅིག་བདག་ཉིད་དོ༎ གསུམ་པ་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་ནི། གཡེངས་དང་སེམས་མེད་པ་ཡི་ཡང༌༎ དགེ་དང་མི་དགེ་རྗེས་འབྲེལ་གང༌༎ འབྱུང་བ་ཆེ་རྣམས་རྒྱུར་བྱས་པ༎ དེ་ནི་རྣམ་རིག་བྱེད་མིན་བརྗོད༎ འབྱུང་བ་དག་ནི་ས་ ཁམས་དང༌༎ ཆུ་དང་མེ་དང་རླུང་ཁམས་རྣམས༎ འཛིན་པ་ལ་སོགས་ལས་སུ་གྲུབ༎ སྲ་གཤེར་དྲོ་ཉིད་གཡོ་བ་རྣམས༎ འཇིག་རྟེན་གྱི་ནི་ཐ་སྙད་དུ༎ ཁ་དོག་དབྱིབས་ལ་ས་ཞེས་བརྗོད༎ ཆུ་མེ་ཡང་ངོ་རླུང་ཚོགས་ཁམས༎ ཉིད་ཡིན་དེ་དང་འདྲ་བའང་ཡིན༎ གཉིས་པ་དེ་དག་ཁམས་དང་སྐྱེ་མཆེད་དུ་བྱ་བ་ནི། དབང་དོན་དེ་དག་ཁོ་ན་ལ༎ སྐྱེ་མཆེད་དང་ནི་ཁམས་བཅུར་འདོད༎ གཉིས་པ་ཕུང་པོ་བར་པ་གསུམ་གྱི་རྣམ་གཞག་ནི། ཚོར་བ་མྱོང་བའོ་འདུ་ཤེས་ནི༎ མཚན་མར་འཛིན་པའི་བདག་ཉིད་དོ༎ འདུ་བྱེད་ཕུང་པོ་བཞི་ལས་གཞན༎ དེ་གསུམ་རྣམ་རིག་བྱེད་མིན་དང༌༎ འདུས་མ་བྱས་རྣམས་བཅས་པ་ནི༎ ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ༎ གསུལ་པ་རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག་ནི། རྣམ་ཤེས་སོ་སོར་རྣམ་རིག་པ༎ ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན༎ ཁམས་བདུན་དག་ཏུའང་འདོད་པ་སྟེ༎ རྣམ་པར་ཤེས་པ་དྲུག་དང་ཡིད༎ དྲུག་པོ་འདས་མ་ཐག་པ་ཡི༎ རྣམ་ཤེས་གང་ཡིན་དེ་ཡིད་དོ༎ བཞི་པ་རྫས་ཆོས་ལ་དོགས་པ་གཅད་པ་ནི། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར༎ ཁམས་ནི་བཅོ་བརྒྱད་དག་ཏུ་འདོད༎ ཕུང་པོ་དང་ནི་སྐྱེ་མཆེད་དང༌༎ ཁམས་གཅིག་གིས་ནི་ཐམས་ཅད་བསྡུས༎ རང་གི་ངོ་བོ་ཉིད་ཀྱིས་ཏེ༎ གཞན་གྱི་དངོས་དང་མི་ལྡན་ཕྱིར༎ མིག་ལ་སོགས་པ་གཉིས་མོད་ཀྱི༎ རིགས་དང་སྤྱོད་ཡུལ་རྣམ་པར་ཤེས༎ འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད༎ མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ༌༎ གཉིས་པ་གསུམ་པོ་སོ་སོའི་སྒྲ་དོན་དགོས་པ་དང་བཅས་པ་ནི། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན༎ ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན༎ རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར༎ ཕུང་པོ་ལ་སོགས་གསུམ་བསྟན་ཏོ༎ གསུམ་པ་ཚོར་འདུ་གཉིས་ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན་ནི། རྩོད་པའི་རྩ་བར་འགྱུར་པ་དང༌༎ འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར༎ སེམས་བྱུང་རྣམས་ལས་ཚོར་བ་དང༌༎ འདུ་ཤེས་ལོགས་ཤིག་ཕུང་པོར་གཞག །ཕུང་པོ་དག་ཏུ་འདུས་མ་བྱས༎ དོན་དུ་མི་རུང་ཕྱིར་མ་བཤད༎ བཞི་པ་ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་ངེས་ཚུལ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས༎ སྣོད་སོགས་དོན་ཁམས་ཇི་བཞིན་ནོ༎ ད་ལྟའི་དོན་ཕྱིར་དང་པོ་ལྔ༎ འབྱུང་བ་ལས་གྱུར་དོན་ཕྱིར་བཞི༎ གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར༎ ཡང་ན་ཇི་ལྟར་གནས་བཞིན་རིམ༎ ལྔ་པ་སྐྱེ་མཆེད་གཉིས་ཀྱི་ངེས་པ་ནི། བྱེ་བྲག་དོན་དང་གཙོ་བོའི་ཕྱིར༎ ཆོས་མང་བ་དང་མཆོག་བསྡུས་ཕྱིར༎ གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་༎ གཅིག་ནི་ཆོས་ཞེས་བྱ་བར་བརྗོད༎ གཉིས་པ་ཆོས་གཞན་བསྡུ་བའི་ཚུལ་ལ་གཉིས། ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ་དང་། དེ་གཞན་ལའང་སྦྱར་བའོ། །དང་པོ་ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི༎ གཟུགས་དང་འདུ་བྱེད་དག་ཏུ་འདུས༎ ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར༎ ཕུང་པོ་ལ་སོགས་གཏམ་རེ་ཡིན༎ སྤྱོད་པ་རྣམས་ཀྱི་གཉེན་པོར་ནི༎ ཆོས་ཀྱི་ཕུང་པོ་མཐུན་པར་གསུངས༎ གཉིས་པ་དེ་གཞན་ལའང་སྦྱར་བ་ནི། དེ་བཞིན་གཞན་ཡང་ཅི་རིགས་པར༎ ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི༎ རང་གི་མཚན་ཉིད་ལེགས་དཔྱད་དེ༎ ཇི་སྐད་བཤད་པར་བསྡུ་བར་བྱ༎ བུ་ག་ནམ་མཁའི་ཁམས་ཤེས་བྱ༎ སྣང་དང་མུན་པ་དག་ཡིན་ལོ༎ ཟག་དང་བཅས་པའི་རྣམ་ཤེས་ནི༎ རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན༎ གསུམ་པ་ཁམས་དང་རྣམ་པའི་རབ་དབྱེ་ལ་བརྒྱད། བསྟན་ཡོད་ལ་སོགས་པ་ལྔ་དང་། རྟོག་བཅས་དཔྱོད་བཅས་ལ་སོགས་པའི་རབ་དབྱེ་དང་། དམིགས་བཅས་ལ་སོགས་པ་ལྔ་དང་། བྱུང་བ་གསུམ་གྱི་རབ་དབྱེ་དང་། རྫས་དང་ལྡན་པ་ལ་སོགས་པ་ལྔ་དང་། མཐོང་སྤང་ལ་སོགས་པའི་རབ་དབྱེ་དང༌། ལྟ་བ་དང་ལྟ་མིན་གྱི་རབ་དབྱེ་དང་། གཉིས་ཀྱི་ཤེས་པར་བྱ་བ་ལ་སོགས་པ་གསུམ་བཤད་པའོ། །དང་པོ་བསྟན་ཡོད་ལ་སོགས་པ་ལྔ་ནི། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ༎ ཐོགས་དང་བཅས་པ་གཟུགས་ཅན་བཅུ༎ ལུང་མ་བསྟན་བརྒྱད་དེ་དག་ཉིད༎ གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ༎ འདོད་ཁམས་གཏོགས་པ་ཐམས་ཅད་དོ༎ གཟུགས་ཀྱི་ཁམས་ན་བཅུ་བཞི་འོ༎ དྲི་དང་རོ་དང་སྣ་དང་ནི༎ ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས༎ གཟུགས་མེད་གཏོགས་པ་ཡིད་དང་ནི༎ ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས༎ དེ་གསུམ་ཟག་བཅས་ཟག་པ་མེད༎ ལྷག་མ་རྣམས་ནི་ཟག་བཅས་སོ༎ གཉིས་པ་རྟོག་བཅས་དཔྱོད་བཅས་ལ་སོགས་པའི་རབ་དབྱེ་ནི། རྟོག་དང་དཔྱོད་དང་བཅས་པ་ནི༎ རྣམ་པར་ཤེས་པའི་ཁམས་ལྔ་ཡིན༎ ཐ་མ་གསུམ་ནི་རྣམ་གསུམ་མོ༎ ལྷག་མ་རྣམས་ནི་གཉིས་ཀ་སྤངས༎ ངེས་པར་རྟོག་དང་རྗེས་དྲན་པའི༎ རྣམ་པར་རྟོག་པས་རྣམ་མི་རྟོག །དེ་དག་ཡིད་ཀྱི་ཤེས་རབ་གཡེང༌༎ ཡིད་ཀྱི་དྲན་པ་ཐམས་ཅད་ཉིད༎ གསུམ་པ་དམིགས་བཅས་ལ་སོགས་པ་ལྔ་ནི། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ༎ ཆོས་ཀྱི་ཕྱེད་ཀྱང་མ་ཟིན་དགུ༎ བརྒྱད་པོ་དེ་དག་རྣམས་དང་སྒྲ༎ དགུ་པོ་གཞན་ནི་རྣམ་པ་གཉིས༎ རེག་བྱ་རྣམ་པ་གཉིས་ཡིན་ཏེ༎ ལྷག་མ་གཟུགས་ཅན་དགུ་པོ་ནི༎ འབྱུང་གྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང༌༎ གཟུགས་ཅན་བཅུ་ནི་བསགས་པ་འོ༎ གཅོད་བྱེད་གཅད་པར་བྱ་བ་ཉིད༎ ཕྱི་རོལ་གྱི་ནི་ཁམས་བཞི་ཡིན༎ དེ་བཞིན་བསྲེག་བྱ་འཇལ་ བྱེད་པའོ༎ སྲེག་དང་གཞལ་ལ་མི་མཐུན་སྨྲ༎ བཞི་པ་བྱུང་བ་གསུམ་གྱི་རབ་དབྱེ་ནི། རྣམ་པར་སྨིན་ལས་བྱུང་བ་དང༌༎ རྒྱས་ལས་བྱུང་བ་ནང་གི་ལྔ༎ སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན༎ རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས༎ ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ༎ ལྔ་པ་རྫས་དང་ལྡན་པ་ལ་སོགས་པ་ལྔ་ནི། རྫས་དང་ལྡན་གཅིག་ཐ་མ་གསུམ༎ སྐད་ཅིག་མ་སྟེ་མིག་དང་ནི༎ རྣམ་ཤེས་ཁམས་དག་སོ་སོ་དང༌༎ ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད༎ ནང་གི་བཅུ་གཉིས་གཟུགས་ལ་སོགས༎ མ་གཏོགས་ཆོས་ཞེས་བྱ་བ་ནི༎ སྟེན་པ་དང་བཅས་ལྷག་མ་ནི༎ དེ་དང་མཚུངས་པ་དག་ཀྱང་ཡིན༎ གང་ཞིག་རང་གི་ལས་མི་བྱེད༎ དྲུག་པ་མཐོང་སྤང་ལ་སོགས་པའི་རབ་དབྱེ་ནི། བཅུ་ནི་བསྒོམ་པས་སྤང་བྱ་ཡིན༎ ལྔ་ཡང་ཐ་མ་གསུམ་རྣམ་གསུམ༎ ཉོན་མོངས་ཅན་མིན་མཐོང་སྤང་མིན༎ གཟུགས་མིན་དྲུག་པ་མིན་སྐྱེས་མིན༎ བདུན་པ་ལྟ་བ་དང་ལྟ་མིན་གྱི་རབ་དབྱེ་ནི། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི༎ ལྟ་བ་ཡིན་ཏེ་རྣམ་པ་བརྒྱད༎ རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ༎ ངེས་རྟོག་མེད་ཕྱིར་ལྟ་མ་ཡིན༎ མིག་གིས་གཟུགས་རྣམས་མཐོང་སྟེན་བཅས༎ དེ་ལ་བརྟེན་པའི་རྣམ་ཤེས་མིན༎ གང་ཕྱིར་བར་དུ་ཆོད་པ་ཡི༎ གཟུགས་ནི་མཐོང་བ་མིན་ཕྱིར་ལོ༎ མིག་ནི་གཉིས་ཀ་དག་གིས་ཀྱང༌༎ མཐོང་སྟེ་གསལ་བར་མཐོང་ཕྱིར་རོ༎ མིག་དང་ཡིད་དང་རྣ་བ་ནི༎ ཡུལ་དང་མ་ཕྲད་གསུམ་གཞན་དུ༎ སྣ་ལ་སོགས་པ་གསུམ་གྱིས་ནི༎ ཡུལ་ནི་མཉམ་པ་འཛིན་པར་འདོད༎ ཐ་མའི་རྟེན་འདས་ལྔ་རྣམས་ཀྱི༎ དེ་དག་ལྷན་ཅིག་སྐྱེས་པའང་ཡིན༎ དེ་དག་གྱུར་པས་འགྱུར་ཉིད་ཕྱིར༎ རྟེན་ནི་མིག་ལ་སོགས་པ་ཡིན༎ དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར༎ དེ་དག་གིས་ནི་རྣམ་ཤེས་བསྟན༎ ལུས་ལ་འོག་མའི་མིག་མ་ཡིན༎ མིག་གི་གོང་མའི་གཟུགས་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་གཟུགས། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ༎ རྣ་བའང་དེ་བཞིན་གསུམ་དག་ནི༎ ཐམས་ཅད་རང་གི་ས་པ་ཉིད༎ ལུས་ཀྱི་རྣམ་ཤེས་འོག་དང་ནི༎ རང་གི་ས་ཡིད་མ་ངེས་ཏེ༎ བརྒྱད་པ་གཉིས་ཀྱི་ཤེས་པར་བྱ་བ་ལ་སོགས་པ་གསུམ་བཤད་པ་ནི། གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་ལྔ༎ འདུས་མ་བྱས་ཆོས་རྟག་པའོ༎ ཆོས་ཀྱི་ཕྱེད་དང་གང་དག་ནི༎ བཅུ་གཉིས་ནང་གིར་བཤད་དབང་པོ༎ ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ༎ ༎
No comments:
Post a Comment