༄༅། །དཔལ་མགོན་ཞལ་བཞི་པ་ལ་མཆོད་གཏོར་འབུལ་ཚུལ་ནག་འགྲོས་སུ་བཀོད་པ་བཞུགས་སོ།།
༄༅། །འདིར་དཔལ་མགོན་ཞལ་བཞི་པ་ལ་མཆོད་གཏོར་འབུལ་བར་འདོད་པས། མཆོད་རྫས་རྣམས་བྱིན་གྱིས་བརླབས་ལ།) ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པའི་སྟོང་པས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་ཀྱི་ཁྲག་ཞག་གི་རྒྱ་མཚོ་ཆེན་པོས་གང་བའི་དབུས་སུ། སྣ་ཚོགས་པདྨ་དང༌། ཉི་མ་དང༌། རོའི་གདན་ལྔ་ལྔའི་དབུས་ཀྱི་གདན་ལ། ཧཱུཾ་ལས་གྲི་གུག་ཧཱུཾ་གི་མཚན་པ། ཕྱོགས་བཞིར་ཧཱུཾ་ལྕགས་ཀྱུ་དང་བཅས་པ་བཞིར་གྱུར། དེ་རྣམས་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས། ཡོངས་སུ་གྱུར་པ་ལས། ཡབ་ཡུམ་ལྔ་དུས་གཅིག་ཏུ་གྲུབ་པར་གྱུར་པ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོ། དགྲ་བོའི་སྟོབས་འཕྲོག་པའི་གཟུགས་ཅན། ཞལ་བཞི། ཕྱག་བཞི་པ། གཡས་དང་པོས་གྲི་གུག་དང་། གཡོན་དང་པོས་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཁྱུད་ནས་འཛིན་པ། གཡས་འོག་མས་རལ་གྲི་དང༌། གཡོན་འོག་མས་མདུང་རྣོན་དང་། མཆན་འགག་ན་རུས་ཕྲེང་དང་། མཆན་ཁུང་ན་ཆང་གི་བུམ་པ་བསྣམས་པ། རྩ་ཞལ་ནག་པོ་རོ་ཟ་བ། གཡས་ཞལ་དཀར་པོ་ཁྲོ་ཞིང་འཛུམ་པ། གཡོན་ཞལ་དམར་པོ་རྒྱ་ཆེར་བཞད་པ། སྟེང་ཞལ་དུད་ཁ་ཁྲོ་གཉེར་ཤིན་ཏུ་བསྡུས་པ། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་འབར་བ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རྒྱུ་རློན་དང་དུག་སྦྲུལ་གྱི་ཚངས་སྐུད་ཅན། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ་གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ། ས་འོག་ནས་ཀྵིཾ་ཀྵིཾ་གི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། སྲིད་པ་གསུམ་གྱི་དགྲ་དང་བགེགས་ཐམས་ཅད་སྐྲག་ཅིང་གཟིར་བར་བྱེད་པ། སྐུ་མདོག་ཆར་སྤྲིན་ལྟར་ནག་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་དམ་ཉམས་དགྲ་བགེགས་ཀྱི་སྟེང་དུ་བྲོ་བརྡུང་བར་མཛད་པ། དེའི་གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་ཁུ། མདུན་དུ་སྲིན་མོ་དམར་ནག རྒྱབ་ཏུ་སིངྒ་ལི་སེར་མོ། བཞི་གའང་མིག་ཁྲག་ལྟར་དམར་བ། ལྕེ་གློག་ལྟར་འཁྱུག་པ། མཆེ་བ་གངས་རི་ལྟར་གཙིགས་པ། གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། གཅེར་མོ་བ་སྤུའི་བུ་ག་ཐམས་ཅད་ནས་མེ་འབར་ཞིང༌། དམ་ཉམས་ཀྱི་དགྲ་ལ་ནད་ཡམས་འགྱེད་པ། ཡབ་ཡུམ་དེ་ལྔའི་འཁོར་དུ་ཞིང་སྐྱོང་གི་ཚོགས་དཔག་ཏུ་མེད་པ་དང་། སྡེ་བརྒྱད་ཀྱིཚོགས་དཔག་ཏུ་མེད་པ་དང༌། གྲི་ཐོགས་ཀྱི་བཤན་པ་ཉེར་གཅིག་པོ་རེ་རེ་ལའང་གྲི་ཐོགས་ཀྱི་བཤན་པ་འབུམ་འབུམ་གྱི་འཁོར་གྱིས་བསྐོར་བ། གཞན་ཡང་སྤྲུལ་པའི་བཀའ་ཉན་གནམ་ས་བར་སྣང་གི་ཁྱོན་ཐམས་ཅད་གང་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་གངས་ཏི་སི། པོ་ཊ་ལ། བསིལ་བའི་ཚལ། སིངྒ་ལི། ཧ་ཧ་རྒོད་པའི་དུར་ཁྲོད། དར་ལུང་གཉེན་གྱི་ཕོ་བྲང་། ཁ་འུ་བྲག་རྫོང་སོགས་ནས། དཔལ་ནག་པོ་ཆེན་པོ་ཞལ་བཞི་པ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་གནས་འདིར་སྤྱན་དྲངས།
ཧཱུཾ༑ སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །ཞི་རྒྱས་དབང་དྲག་ལས་ལ་སྤྱན་འདྲེན་ན། །འཕྲིན་ལས་བསྒྲུབ་ཕྱིར་གནས་འདིར་གཤེགས་སུ་གསོལ།། ཧཱུཾ༑ལྷ་མཆོག་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །འཕྲིན་ལས་དྲག་པོས་གདུག་པ་ཚར་གཅོད་ཕྱིར། །ཧ་ཧ་རྒོད་པའི་དུར་ཁྲོད་ཆེན་པོ་ནས། །ཞིང་སྐྱོང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །མྱུར་མགྱོགས་སྡེ་བརྒྱད་དམག་དཔོན་མཛད་པའི་ཚེ། །ཏི་སེའི་གངས་རི་དག་ནས་གཤེགས་སུ་གསོལ། །གདོང་བཞིའི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཚེ། །པོ་ཏ་ལ་ཡི་གནས་ནས་གཤེགས་སུ་གསོལ། །མཁའ་འགྲོ་མང་པོའི་གཙོ་བོ་མཛད་པའི་ཚེ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་གཤེགས། །སངས་རྒྱས་བསྟན་པ་གཉེན་པོ་སྲུང་བའི་ཚེ། །དར་ལུང་གཉན་གྱི་ཕོ་བྲང་དག་ནས་གཤེགས། །རྣལ་འབྱོར་དམ་ལྡན་དགྲ་ལྷ་མཛད་པའི་ཚེ། །ཁའུ་བྲག་རྫོང་དག་ནས་གཤེགས་སུ་གསོལ། །དམ་ཉམས་དགྲ་བགེགས་ཐལ་བར་རློག་པའི་ཚེ། །ཁྲོ་ཞིང་འཁྲུག་པའི་དུར་ཁྲོད་དག་ནས་གཤེགས། །འཕྲིན་ལས་ཐོགས་མེད་མྱུར་དུ་སྒྲུབ་པའི་ཚེ། །སིངྒ་ལ་ཡི་གླིང་ནས་གཤེགས་སུ་གསོལ།། ཧཱུཾ༑ ལྷ་མཆོག་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ལྷ་ཆེན་དྲག་པོ་ཞལ་བཞི་སྤྱན་འདྲེན་ནོ། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་སྤྱན་འདྲེན་ནོ། །བྲམ་ཟེའི་གཟུགས་ཅན་དཔའ་བོ་སྤྱན་འདྲེན་ནོ། །ཡུམ་ཆེན་གཡུང་མོ་ནག་མོ་གཤེགས་སུ་གསོལ། །ལས་མཛད་གཏུམ་མོ་ལྗང་ཁུ་གཤེགས་སུ་གསོལ། །དམར་ནག་སྲིན་མོ་ཆེན་མོ་གཤེགས་སུ་གསོལ། །སེར་ནག་སིངྒ་ལི་མ་གཤེགས་སུ་གསོལ། །འཁོར་གྱི་ཞིང་སྐྱོང་ཚོགས་རྣམས་གཤེགས་སུ་གསོལ། །དྲེགས་པ་སྡེ་བརྒྱད་ཚོགསརྣམས་གཤེགས་སུ་གསོལ། །གྲི་ཐོགས་བཤན་པའི་ཚོགས་རྣམསགཤེགས་སུ་གསོལ། །མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོཾ་བི་ནི། ཙནྜཱ་ལི། རཱཀྵ་སི། སིངྒ་ལི། དེ་ཝི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛ་ཛ་ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟཾ། བདེ་ཆེན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། ཁམས་གསུམ་ཟ་བྱེད་དྲག་པོའི་སྐུར་བསྟན་ནས། །འཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དྲག་པོ་གཟི་ལྡན་དབང་ཕྱུག་ལ་ཕྱག་འཚལ།།
(མཆོད་ཕྲེང་རྒྱས་པར་སྤྲོ་ན།) ཧཱུཾ༑ མ་ལུས་ཞིང་གི་དགྲ་བགེགས་ཇི་སྙེད་པའི། །དམར་ཆེན་སྙིང་ཁྲག་རྒྱ་མཚོར་འཁྱིལ་བ་དང་། །ཡན་ལག་བརྒྱད་ལྡན་སྨན་ཆབ་བདུད་རྩིའི་མཚོ། །མཆོད་ཡོན་ཚོགས་རྣམས་དད་པས་ཁྱེད་ལ་འབུལ། །ཨོཾ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། མ་ལུས་ཞིང་གི་དགྲ་བགེགས་ཇི་སྙེད་པའི། །དབང་པོ་ལྔ་ཡི་མེ་ཏོག་ཚོགས་རྣམས་དང་། །པདྨ་ཨུཏྤལ་མི་ཟད་དྲི་ལྡན་པའི། །མེ་ཏོག་སྔོན་པོའི་ཚོགས་རྣམས་ཁྱེད་ལ་འབུལ། །ཨོཾ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། མ་ལུས་ཞིང་གི་དགྲ་བགེགས་ཇི་སྙེད་པའི། །ཤ་ཆེན་ཚིལ་ཆེན་དུད་པའི་སྤྲིན་ཕུང་དང༌། །གུ་གུལ་ཙནྡན་ཨ་ཀ་རུ་ལ་སོགས། །དྲི་ཞིམ་སྤོས་ཀྱི་ཚོགས་རྣམས་ཁྱད་ལ་འབུལ།། ཨོཾ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། མ་ལུས་ཞིང་གི་དགྲ་བགེགས་ཇི་སྙེད་པའི། །ཞུན་ཆེན་སྒྲོན་མེ་མཚར་ཚར་དུ་དངར་བ་དང་། །ཉི་ཟླ་ནོར་བུའི་འོད་དང་རྩི་མར་གྱི། །སྣང་གསལ་ཚོགས་རྣམས་དད་པས་ཁྱེད་ལ་འབུལ། ། ཨོཾ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་ཨ་ལོ་ཀེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། མ་ལུས་ཞིང་གི་དགྲ་བགེགས་ཇི་སྙེད་པའི། །ག་བུར་གྱིས་བྲན་ཁྲག་ཞག་རྒྱ་མཚོ་དང་། །ཙནྡན་གུར་ཀུམ་ལ་སོགས་སྤོས་ཆབ་མཚོ། །དྲི་ཆབ་ཚོགས་རྣམས་དད་པས་ཁྱེད་ལ་འབུལ། ། ཨོཾ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། མ་ལུས་ཞིང་གི་དགྲ་བགེགས་ཇི་སྙེད་པའི། །ཁྲག་ཞག་ཤ་རུས་རི་ལྟར་སྤུངས་པ་དང་། །ལྷ་དང་མི་ཡི་བཟའ་དང་བཅའ་བའི་ཚོགས། །རོ་བརྒྱ་ལྡན་པའི་ཞལ་ཟས་ཁྱེད་ལ་འབུལ། །ཨོཾ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་ནཻ་ཝིདྱ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། མ་ལུས་ཞིང་གི་དགྲ་བགེགས་ཇི་སྙེད་པའི། །རྐང་གླིང་ཐོད་རྔ་གསང་བའི་རྔ་ཆུང་སོགས། །བརྗིད་པའི་སྒྲ་ལྡན་སྣ་ཚོགས་རོལ་མོ་ཡིས། །སྟོང་གསུམ་ཞིང་གི་ཁྱོན་བཀང་ཁྱོད་ལ་འབུལ། །ཨོཾ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། (བསྡུ་ན་ཚིགས་བཅད་དོར་ལ་སྔགས་ཙམ་གྱིས་འབུལ།)
(ནང་མཆོད་ནི།) ཨོཾ་མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བ་ལིཾ་ཏ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སངས་རྒྱས་ཡེ་ཤེས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། མར་མེ་མཛད་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། དཔལ་དེ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བི་མ་ལ་གུཔྟའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རཏྣ་བཛྲའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རིན་ཆེན་གྲགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རི་སུལ་རྣལ་འབྱོར་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བླ་མ་གཉན་ལོ་ཙ་བའི་ཞལ་ཞལ་དུ་ཨོཾ་ཨཱཿཧཱུཾ། གནམ་ཁའུ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ས་ཆེན་ཀུན་དགའ་སྙིང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སློབ་དཔོན་བསོད་ནམས་རྩེ་མོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེབཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆོས་རྗེ་ས་སྐྱ་པ་ཎྜི་ཏའི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞང་དཀོན་མཆོག་དཔལ་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ན་བཟའ་བྲག་ཕུག་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཁས་གྲུབ་གཟུངས་ཀྱི་དཔལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཁས་བཙུན་སེངྒེ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གྲུབ་ཆེན་གུ་ཎ་ཤྲཱིའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ༀ་ཨཱཿཧཱུཾ། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོཾ་བི་ནི། ཙནྜཱ་ལི། རཱཀྵ་སི། སིངྒ་ལི། དེ་ཝི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ།
(དེ་ནས།) རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། (གྲིབ་སེལ་གྱི་དམིགས་པ་དང་བཅས་ཡིག་བརྒྱ་ཉེར་གཅིག་སོགས་བཟླ། བཤགས་པར་བྱ་བ་ནི།) ཧཱུཾ༑ ིཁྱབ་བདག་རྡོ་རྗེ་འཆང་དབང་ཀླུ་སྒྲུབ་དང་། །བཱ་ལཾ་ཏ་པ་སངས་རྒྱས་ཡེ་ཤེས་ཞབས། །མརམེ་མཛད་སོགས་རྒྱལ་བ་མ་ལུས་པའི། །དངོས་གྱུར་རྩ་བརྒྱུད་བླ་མ་བདག་ལ་དགོངས། །དྲིན་ཅན་བླ་མ་ཆོས་སྐུའི་བདག་ཉིད་དུ། །མཐོང་བ་ཁོ་ན་དངོས་གྲུབ་རྩ་བར་ནི། །མ་ཤེས་རང་སྣང་མ་དག་སྐྱོན་རྟོག་སོགས། །འཁྲུལ་ཞིང་ནོངས་པའི་ཚོགས་རྣམས་མཐོལ་ལོ་བཤགས། །ལྷན་ཅིག་སྐྱེས་དངོས་ཉམས་རྒྱུའི་གར་གྱི་ནི། །རྣམ་རོལ་ཡིད་དམ་ལྷ་ཚོགས་དགོངས་སུ་གསོལ། །དངོས་གྲུབ་འབྱུང་གནས་རྡོ་རྗེའི་དམ་ཚིགས་ལས། །བག་མེད་དབང་གིས་འགལ་བགྱིས་མཐོལ་ལོ་བཤགས། །བདེ་ཆེན་ཡེ་ཤེས་ཆོས་སྐུའི་ངང་ཉིད་ལས། །གཡོ་བ་མེད་ཀྱང་སྣ་ཚོགས་རྣམ་རོལ་གྱིས། །མ་ལུས་རྒྱལ་བའི་བསྟན་བསྲུང་མཐུ་རྩལ་ཅན། །སྟོབས་འཕྲོག་ནག་པོ་ཡབ་ཡུམ་བདག་ལ་དགོངས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །དམ་ཚིག་ལས་འགལ་བསྙེན་སྒྲུབ་གཡེལ་བ་དང་། །སྒྲུབ་རྫས་དམན་དང་མཆོད་གཏོར་ཆགས་པ་དང་། །གཏང་རག་དུས་སུ་མ་བགྱིས་མཐོལ་ལོ་བཤགས། །མདོར་ན་རང་བཞིན་དག་པའི་སེམས་ཀྱི་དབྱིངས། །གློ་བུར་ཉེས་པའི་ཚོགས་ཀྱིས་སྒྲིབ་པ་ལས། །རྨི་ལམ་བཞིན་དུ་ནོངས་གྱུར་སྒྱུ་མ་དང་། །གདོད་ནས་སྤྲོས་བྲལ་ངང་དུ་བཤགས་པར་བགྱི།།
(བསྐང་བ་ནི།) ཧཱུཾ༑ ལྷ་མཆོག་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཁྱེད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །རཀྟ་དམར་ཆེན་ཁྲག་གི་ཨརྒྷཾ་དང༌། །དྲི་ལྡན་གསར་རྙིང་མེ་ཏོག་ནག་པོ་དང༌། །ཚིལ་ཆེན་མ་ས་སྤོས་ཀྱི་དུད་སྤྲིན་དང་། །ཞུན་ཆེན་སྒྲོན་མེ་སྦར་བའི་སྣང་གསལ་དང༌། ཁྲག་ཞག་རྒྱ་མཚོར་འཁྱིལ་བའི་དྲི་ཆབ་དང༌། །ཞལ་ཟས་བཤོས་བུ་དམར་ནག་རི་རབ་ཙམ། །ཤ་ཁྲག་རྐང་རུས་གཏམས་པའི་ཚོམ་བུར་བཀོད། །རྐང་གླིང་སྙན་པའི་རོལ་མོའི་སྒྲ་སྒྲོག་ཅིང་། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་བརྒྱན་པ་འདིས། །ལྷ་མཆོག་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ལྷ་ཆེན་དྲག་པོ་ཞལ་བཞིའི་ཐུགས་དམ་བསྐང་། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ཐུགས་དམ་བསྐང་། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང་། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང༌། །ལས་མཛད་གཏུམ་མོ་ལྗང་ཁུའི་ཐུགས་དམ་བསྐང་། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང་། །སེར་ནག་སིངྒ་ལི་མའི་ཐུགས་དམ་བསྐང་། །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་། །དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་ཐུགས་དམ་བསྐང༌། །གྲི་ཐོགས་བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །མ་ལུས་འཁོར་བཅས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆག་སོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གཞན་ཡང་ཁྱོད་ལ་མཆོད་པ་འབུལ་བ་ནི། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་གཏིབས་པ་དང་། །རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ་བ་དང་། །ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ་དང་། །ཁྱུང་ལྟར་ལྡིང་བའི་བྱ་ནག་ཚོགས་རྣམས་དང་། ཁྱི་ནག་སྙིང་དཀར་དོམ་ལྟར་འཁྱོ་བ་ལ། །མཐིང་ནག་ཅོད་པན་དུ་མས་བརྒྱན་པ་འདིས། །ལྷ་མཆོག་མཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ལྷ་ཆེན་དྲག་པོ་ཞལ་བཞིའི་ཐུགས་དམ་བསྐང་། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ཐུགས་དམ་བསྐང༌། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང་། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང་། །ལས་མཛད་གཏུམ་མོ་ལྗང་ཁུའི་ཐུགས་དམ་བསྐང། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང་། །སེར་ནག་སིངྒ་ལི་མོའི་ཐུགས་དམ་བསྐང་། །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་། །དྲེགས་པ་སྡེ་བརྒྱདཚོགས་ཀྱི་ཐུགས་དམ་བསྐང༌། །གྲི་ཐོགས་བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །མ་ལུས་འཁོར་བཅས་ཐུགས་དམ་བསྐང་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་སོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གཞན་ཡང་ཁྱེད་ལ་མཆོད་པ་བུལ་བ་ནི། །དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་དང་། །འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ་དང་། །ཛ་གད་ཕུད་ཀྱི་བཏུང་བ་སྣ་ཚོགས་དང་། །བཟའ་དང་བཅའ་བ་རི་དང་རྒྱ་མཚོ་ཙམ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །རོ་བརྒྱ་ལྡན་པོའི་མཆོད་པ་དམ་པ་འདི། །ལྷ་མཆོག་མཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ལྷ་ཆེན་དྲག་པོ་ཞལ་བཞིའི་ཐུགས་དམ་བསྐང་། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ཐུགས་དམ་བསྐང་། །བྲམ་ཟེ་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང་། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང་། །ལས་མཛད་གཏུམ་མོ་ལྗང་ཁུའི་ཐུགས་དམ་བསྐང་། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང་། །སེར་ནག་སིངྒ་ལི་མའི་ཐུགས་དམ་བསྐང༌། །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་། །དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་ཐུགས་དམ་བསྐང་། །གྲི་ཐོགས་བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །མ་ལུས་འཁོར་བཅས་ཐུགས་དམ་བསྐང་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆག་སོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ།།
(ཆས་འབུལ་ནི།) ཧཱུཾ༑ དེ་ལྟར་ཕྱི་ནང་གསང་བའི་དམ་རྫས་ཀྱིས། །ཡབ་ཡུམ་འཁོར་བཅས་ཐུགས་དམ་སྐོང་གྱུར་ནས། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ་བའི་ཕྱིར། །གཞན་ཡང་དགྱེས་པའི་དམ་རྫས་འབུལ་བ་ནི། །གྲི་ལྕགས་སོལ་ཆེན་མེ་ཡིས་བཞུས་ལས་བྱུང་། །དུག་ཁྲག་ངར་བླུད་ལོགས་ལ་སྔགས་བཀོད་པའི། །སྲོག་གཅོད་རྡོ་རྗེ་གྲི་གུག་རབ་འབར་བ། །ཁོག་པའི་འགྱེད་པའི་ལས་ལ་རྔམས་པ་འདི། །རྡོ་རྗེ་ནག་པོ་ཞལ་བཞིའི་ཕྱག་ཏུ་འབུལ། །བཞེས་ནས་བསྟན་པ་གཤིགས་པའི་དགྲ་བོ་དང༌། །བདག་ལ་སྡང་བའི་དགྲ་དང་བགེགས་ཀྱི་བྲང་། །གཤགས་ནས་སྲོག་རྩ་གཅོད་པའི་འཕྲིན་ལས་མཛོད། །གྲི་ལྕགས་སོལ་ཆེན་མེ་ཡིས་བཞུས་ལས་འབྱུང་། །དུག་ཁྲག་ངར་བླུད་ལོགས་ལ་སྔགས་བཀོད་པའི། །བདུད་འཇོམས་རལ་གྲི་རྣོ་དང་ངར་ལྡན་པ། །མགོ་བོ་བཅད་ནས་གསོད་ལ་རྔམས་པ་འདི། །ལྷ་མཆོག་མ་ཧཱ་ཀཱ་ལའི་ཕྱག་ཏུ་འབུལ། །བཞེས་ནས་བསྟན་པ་གཤིག་པའི་དགྲ་བོ་དང་། །བདག་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀྱི། །མགོ་བོ་དྲེགས་ནས་སྒྲོལ་བའི་འཕྲིན་ལས་མཛོད། །གྲི་ལྕགས་སུལ་ཆེན་མེ་ཡིས་བཞུས་ལས་བྱུང་། །དུག་ཁྲག་ངར་བླུད་ལོགས་ལ་སྔགས་བཀོད་པའི། །འཇིགས་རུང་རྩེ་གསུམ་རབ་འབར་སྟོབས་དང་ལྡན། །གནས་གསུམ་བསྣུན་ནས་གསོད་ལ་རྔམས་པ་འདི། །ལེགས་ལྡན་ནག་པོ་གདོང་བཞིའི་ཕྱག་ཏུ་འབུལ། །བཞེས་ནསབསྟན་པ་གཤིགས་པའི་དགྲ་བོ་དང༌། །བདག་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀྱི། །གནས་གསུམ་བསྣུན་ནས་སྒྲོལ་བའི་འཕྲིན་ལས་མཛོད། །གྲི་ལྕགས་སོལ་ཆེན་མེ་ཡིས་བཞུསལས་བྱུང་། །དུག་ཁྲག་ངར་བླུད་ལོགས་ལ་སྔགས་བཀོད་པའི། །རྡོ་རྗེའི་མདུང་ཐུང་ཤུགས་དྲག་ངར་དང་ལྡན། །སྙིང་ལ་གཟིར་ནས་གསོད་ལ་རྔམས་པ་འདི། །དྲག་པོ་གཟི་ལྡན་དབང་ཕྱུག་ཕྱག་ཏུ་འབུལ། །བཞེས་ནས་བསྟན་པ་གཤིག་པའིདགྲ་བོ་དང་། །བདག་ལ་གནོད་པའི་དགྲ་དང་བགེགས་ཀྱི་སྙིང་། །དཀར་ནག་མཚམས་སུ་གཟིར་བའི་འཕྲིན་ལས་མཛོད། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཐོད་ནང་དུ། །དགྲ་བགེགས་སྙིང་དང་སྙིང་ཁྲག་དྲོན་མོ་དང་། །གློ་མཆིན་ལ་སོགས་ཤ་ཁྲག་གིས་བཀང་ནས། །ལྷ་མཆོག་མ་ཧཱ་ཀཱ་ལའི་ཕྱག་ཏུ་འབུལ། །དགྱེས་ཤིང་བཞེས་ནས་བསྟན་པའི་དགྲ་བོ་དང་། །བདག་ལ་སྡང་བའི་དམ་ཉམས་དགྲ་བགེགས་རྣམས། །དྲག་པོའི་ཆད་པས་མྱུར་དུ་ཚར་གཅོད་ལ། །ཤ་ཁྲག་ཞལ་དུ་གསོལ་བའི་འཕྲིན་ལས་མཛོད། །མྱོས་བྱེད་མ་ཉམས་སྟོང་གི་བཅུད་བསྡུས་པའི། །རྨད་བྱུང་དགྱེས་པ་བསྐྱེད་པའི་བཏུང་བ་ཡིས། །ལེགས་པར་བཀང་བའི་རིན་ཆེན་བུམ་པ་འདི། །ལེགས་ལྡན་ནག་པོ་གདོང་བཞིའི་ཕྱག་ཏུ་འབུལ། །བཞེས་ནས་བདག་གིས་དབུལ་ཕོངས་འགྲོ་རྣམས་ལ། །ཡིད་ལ་ལོངས་སྤྱོད་ཅི་འདོད་སྦྱིན་པ་ཡིས། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་བྱའི་ཕྱིར། །ཕུན་ཚོགས་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད། །དམ་ཉམས་དགྲ་བགེགས་བསྒྲལ་བའི་རུས་པ་ལས། །བྱུང་བའི་དུང་ཆེན་ཕྲེང་བ་རབ་མཛེས་པ། །ཁྲག་ཞག་ལྷ་བའི་རྒྱུན་ལྡན་གསར་བ་འདི། །དྲག་པོ་གཟི་ལྡན་དབང་ཕྱུག་ཕྱག་ཏུ་འབུལ། །བཞེས་ནས་བདག་གི་དཔལ་འབྱོར་ཕུན་ཚོགས་ལ། །བསམ་སྦྱོར་ངན་པའི་དགྲ་བགེགས་གང་ཡིན་རྣམས། །རྩིས་ལ་བཏབ་ནས་དེ་དག་མ་ལུས་པ། །མངོན་སྤྱོད་ལས་ཀྱིས་ཞི་བའི་འཕྲིན་ལས་མཛོད། །དགྲ་བགེགས་བསྒྲལ་བའི་རྐང་ལས་བྱུང་བ་ཡི། །གླིང་བུ་སྒྲ་སྙན་ཕྱོགས་བཅུར་སྒྲོག་བྱེད་པ། །གནས་གསུམ་མཁའ་འགྲོའི་ཚོགས་རྣམས་འབོད་པ་འདི། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཕྱག་ཏུ་འབུལ། །བཞེས་ནས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང་། །སྲིད་ཞིའི་འགྲོ་བ་ཀུན་དང་དེ་དག་གི །ཕུན་ཚོགས་དཔལ་འབྱོར་ལེགས་ཚོགས་མ་ལུས་པ། །ཐམས་ཅད་དབང་དུ་བསྡུ་བའི་འཕྲིན་ལས་མཛོད།། ཧཱུཾ༑ མ་ཧཱ་ཀཱ་ལ་འཁོར་དང་བཅས། །འཕྲིན་ལས་དྲག་པོ་མི་བཟད་པས། །གསོད་ཅིག་སྐྲོད་ཅིག་དགྲ་དང་བགེགས། །གཏད་དོ་གཉེར་རོ་ཐུགས་དམ་ཅན། །རྟགས་དང་མཚན་མ་མྱུར་དུ་སྟོན། །ལེ་ལོ་གཡེལ་བ་མ་མཛད་པར། །བདག་གི་དཔལ་དང་གྲོགས་མཛོད་ཅིག །བདག་གི་འཁོར་དང་ལོངས་སྤྱོད་རྣམས། །བསྲུང་ཞིང་རྒྱས་པའི་གཉེན་མཛོད་ཅིག །མགོན་པོ་ཁྱེད་ལ་བརྙས་པ་དང་། །རྣལ་འབྱོར་བདག་ལ་མཐོ་མཚམས་པ། །མ་གཡེལ་གཏོར་མའི་ལས་ཙམ་གྱིས། །མྱུར་དུ་ཚར་ཆོད་འཕྲིན་ལས་མཛོད།། ཧཱུཾ༑ རྡོ་རྗེ་ནག་པོ་དཔལ་ལྡན་ཞལ་བཞི་པ། །ཡབ་ཡུམ་འཁོར་དང་བཅས་པ་ཁྱེད་རྣམས་ལ། །རྡོ་རྗེ་འཆངདབང་འཕགས་མཆོག་ཀླུ་སྒྲུབ་དང༌། །བ་ལིཾ་ཏ་པ་སངས་རྒྱས་ཡེ་ཤེས་ཞབས། །མར་མེ་མཛད་དཔལ་བཟང་པོ་དཔལ་དེ་བ། །བི་མལ་གུཔྟ་རིན་ཆེན་རྡོ་རྗེ་གྲགས། །རིན་ཆེན་གྲགས་དང་རི་སུལ་རྣལ་འབྱོར་མ། །གཉན་ལོ་དར་མ་གྲགས་ད་ཁ་འུ་པ། །ས་ཆེན་ཀུན་སྙིང་སློབ་དཔོན་བསོད་རྩེ་དང་། །རྗེ་བཙུན་གྲགས་རྒྱལ་ཆོས་རྗེ་ས་པཎ་དང༌། །ཆོས་རྒྱལ་འཕགས་པ་གྲུབ་ཆེན་དཀོན་མཆོག་དཔལ། །ན་བཟའ་བྲག་ཕུག་པ་དང་ཆོས་ཀྱི་རྗེ། །བསོད་ནམས་རྒྱལ་མཚན་མཁས་གྲུབ་གཟུངས་ཀྱི་དཔལ། །སེངྒེ་རྒྱལ་མཚན་གུ་ཎ་ཤྲཱི་དང་། །གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་སོགས། །བརྒྱུད་པའི་བླ་མ་རྡོ་རྗེ་འཆང་དབང་དང༌། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིད་བཞིན་ནོར། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ཡིས། །དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་ནས་ཀྱང༌། །རྡོ་རྗེ་གསང་བའི་ཐ་ཚིག་རྣ་བར་བསྒྲགས། །རྡོ་རྗེ་མནའ་ཆུ་ལྕེ་ལ་བཞག་ནས་ནི། །སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་བར། །སངས་རྒྱས་བསྟན་པ་གཉན་པོ་ཁྱོད་ཀྱིས་སྲུང་། །དཀོན་མཆོག་དབུ་འཕངས་གཉན་པོ་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་དམ་ཚིག་ལྡན་པའི་གྲོགས་གྱིས་ལ། །ཇི་ལྟར་འདོད་པའི་དོན་རྣམས་སྒྲུབས་ཤིག་ཅེས། །བཀའ་ལ་བཏགས་པ་ཡིན་ནོ་བཀའ་བཞིན་སྒྲུབས། །དམ་ལ་བཏགས་པ་ཡིན་ནོ་དམ་ཚིག་སྲུངས། །ལྷ་ཁྱོད་བསྟེན་པའི་ཚེ་ན་སྙིང་མ་རིང་། །བདག་གིས་བོས་པའི་ཚེ་ན་སྙན་མ་སྲ། །ནག་པོ་གཡབ་པའི་ཚེ་ན་སྤྱན་མ་བརྟུལ། །དགྲ་ལ་བསྐུལ་བའི་ཚེ་ན་བངམ་བུལ། །སྟོབས་ལྡན་མངག་པའི་ཚེ་ན་མཐུ་མ་ཆུང་། །གསང་སྔགས་སྒྲུབ་པའི་ཚེ་ན་སྙིང་མ་རིང་། །བླ་མ་ལྟར་དུ་བསྟེན་ནོ་བྱིན་གྱིས་རློབས། །ཡི་དམ་ལྟར་དུ་བསྟེན་ནོ་དངོས་གྲུབ་སྩོལ། །མཁའ་འགྲོ་ལྟར་དུ་བསྟེན་ནོ་དམ་ཚིག་སྲུངས། །ཆོས་སྐྱོང་ལྟར་དུ་བསྟེན་ནོ་འཕྲིན་ལས་སྒྲུབས། །ཡབ་གཅིག་ཕ་ལྟར་བསྟེན་ནོ་རིགས་མ་ངན། །དྲིན་ཅན་མ་ལྟར་བསྟེན་ནོ་སྙིང་མ་རིང་། །སྲས་གཅིག་བུ་ལྟར་བསྟེན་ནོ་བརྒྱུད་མ་ཞན། །བརྩེ་བའི་སྲིང་ལྟར་བསྟེན་ནོ་གདུང་མ་ཆུང་། །འཕྲོད་པའི་སྤུན་ལྟར་བསྟོན་ནོ་ཁྲེལ་མ་བོར། །འགྲོགས་པའི་གྲོགས་ལྟར་བསྟེན་ནོ་གཞུང་མ་ངན། །རྗེ་དཔོན་ལྟར་དུ་བསྟེན་ནོ་སྐྱབས་མ་ཞན། །བྲན་གཡོག་ལྟར་དུ་བསྟེན་ནོ་ལས་མ་ཞན། །གཙང་ཞིང་ཚང་ལ་མ་ཉམས་མཐུན་པའི་རྫས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཉམས་ཆགས་ཅི་མཆིས་མ་ལུས་བཤགས་པར་བགྱི། །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོ་གཏོང་། །ད་བཅོལ་ལེགས་པའི་གསོལ་འདེབས་གཉེན་པོ་བཞེས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །རྡོ་རྗེ་ནག་པོ་ཞལ་བཞི་ཡབ་ཡུམ་ལ། །བཅོལ་ལོ་བལྟོས་སོ་རེ་བ་འབྲས་ལྡན་མཛོད། །ཚེ་རབས་ཀུན་ཏུ་བྱང་ཆུབ་སྒྲུབ་པ་ཡི། །ཕྱི་ནང་འགལ་རྐྱེན་མཐའ་དག་སེལ་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་སྟོང་གྲོགས་མཛོད།།
(བཟློག་པ་ནི།) ཧཱུཾ༑ ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ལྷ་ཆེན་མགོན་པོ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ།། (རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ།།) གཞན་གྱི་བསམ་སྦྱོར་ངན་པ་དང་། །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་བསྟན་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཞང་ཞུང་བཙོ་དམར་འཕེན་པ་བཟློག །སུམ་པ་གླང་ཟོར་འཕེན་པ་བཟློག །བནྡེ་སྔགས་ཟོར་འཕེན་པ་བཟློག །བོན་པོ་རྟ་ཟོར་འཕེན་པ་བཟློག །སྔགས་པ་སྒོང་ཟོར་འཕེན་པ་བཟློག །སྐྱེས་པ་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟེར་འཕེན་པ་བཟློག །མུ་སྟེགས་བར་ཆད་བྱེད་པ་བཟློག །ངན་སྔགས་གདུག་པའི་རྦོད་གཏོང་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བཟློག །ཐེའུ་རང་སྲིད་ལ་བརྐུ་བ་བཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག །དྲང་སྲོང་གཟའ་ཡི་ཀི་ཀཾ་བཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐག་ཟླ་སྐེག་ཞག་སྐེག་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ (ཞེས་པས་བཟློག་པ་བྱ། ཆོས་སྐུ་མ་དེ་གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྲིགས།) ཧཱུཾ༑ མཐུན་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ་བསྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས།། (མཐུན་གྲུབ་མ་འདི་སྣེ་གདོང་སྤྱན་སྔ་ཀུན་བཟང་རྩེ་པས་མཛད།)
(དེ་ནས་བཟླས་པ་བྱས་བ་ནི།) རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་སྔགས་འཕྲེང་མདོག་ནག་པོ་མེ་འོད་འཕྲོ་བ་བྱུང་། ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུཾ་ལ་ཐིམ་པས། ་ཐུགས་རྒྱུད་བསྐུལ་ཞིང་འདོད་པའི་ལས་སྒྲུབ་པར་(བསམས་ལ།) ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོཾ་བི་ནི། ཙཎྜ་ལི། རཱཀྵ་སི། སིངྒ་ལི། དེ་ཝཱི་ས་པ་རི་ཝཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། (ཅེས་བཟླས་པ་ཅི་འགྲུབ་བྱ། ཡིག་བརྒྱས་ལྷག་ཆད་བསྐང་།)
(དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་འབུལ་བ་ནི།) མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་བས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་(བསམ་ལ།) ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོཾ་བི་ནི། ཙཎྜཱ་ལི། རཱཀྵ་སི། སིངྒ་ལི། དེ་ཝཱི་ས་པ་རི་ཝཱ་ར་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྣ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། (ཞེས་པ་བདུན་ནམ་གསུམ་གྱིས་གཏོར་མ་འབུལ།) ༀ་ཤྲཱི་ཙ་ཏུ་ར་མུ་ཁ་ས་པ་རི་ཝཱ་ར་ཨརྒྷཾ། (སོགས་ཀྱིས་མཆོད།) ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོཾ་བི་ནི། ཙཎྜ་ལི། རཱཀྵ་སི། སིངྒ་ལི། དེ་ཝཱི་ས་པ་རི་ཝཱ་ར་ༀ་ཨཱཿཧཱུཾ། (ཞེས་ནང་མཆོད་ཕུལ། དེ་ནས།) ནག་པོ་ཆེན་པོ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། །དགྲ་བགེགས་ཨ་མུ་ཀ་མཱ་ར་ཡ་ཕཊ། (ཅེས་ཐལ་མོ་བརྡབ་བོ།།)
(མཁའ་འགྲོ་སྤྱི་གཏོར་ནི།) ཧ་ཧོ་ཧྲིཿ (ལན་གསུམ།) ཕཻཾ༑ རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས། བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ། པྲེ་ཏ། པེ་ཤཱ་ཙ། ཨུནྨ་ད། ཨ་པ་སྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བཱ་ལི་གྲིཧྣཾ་ཏུ། ས་མ་ཡ་རཀྵནྟུ། མཱ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་པཾ། ཡ་ཐཻཥྚཾ། བྷུ་ཛ་ཐ། བི་པ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མཱ་མ་སརྦ་ཀརྟཡ། སད་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡེ་ཀ་བྷ་བནྟུ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། (ཞེས་ལན་གཉིས་ཀྱིས་གཏོར་མ་ཕུལ།) ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། བཛྲ་པུཥྤེ། བཛྲ་དྷུ་པེ། བཛྲ་དི་པཾ། བཛྲ་གནྡྷེ། བཛྲ་ནཻ་ཝིདྱ། བཛྲ་ཤཔྟ་ཨཱཿཧཱུཾ་སྭཱཧཱ། (ཞེས་ཕྱི་མཆོད་དང་།) དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། (ཞེས་ནང་མཆོད་ཕུལ།) ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །རྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགསརྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང་། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།
(གཞི་བདག་གཏོར་མ་ནི།) ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭམབྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། (ལན་གསུམ་བརྗོད།) ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། (ལན་གསུམ།) བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི་ཉིད་ས་བདག་སའི་ལྷ་མོ། འཛམ་གླིང་སྐྱོང་བ་སྤྱི་དང་། ཁྱད་པར་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། ཡུལ་ལྷ་གཞི་བདག་སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག །བར་དབུས་གཙང་རུ་བཞི། ས་ཕྱོགས་ཡུལ་རིགས་༼དགོན་གནས་༽འདི་ཉིད་ལ་གནས་པའི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ལ་འབུལ་ལོ། །བཞེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། བསམ་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་དང་སྡོངས་གྲོགས་རྒྱ་ཆེན་པོ་གནང་བར་མཛད་དུ་གསོལ་ལོ།། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག།
(དེ་ནས་བསྟོད་པ་བྱ་བ་ནི།) ན་མ་ཤྲཱི་བཛྲ་ཧེ་རུ་ཀཿཡ། བརྐྱང་བསྐུམས་གར་གྱིས་རོལ་པས་དྲག་པོའི་ཆུང་མ་དང་བཅས་རྣམ་གནོན་ངན་སོང་སྲིད་པ་གནས་ནས་སྐྲོད། །ཤེས་རབ་ཕག་མོར་རྗེས་ཆགས་རོལ་པས་སྲིད་མཐའ་སྐྱོར་ཞིང་མི་འགྱུར་ལྷན་སྐྱེས་བདེ་ཆེན་བདུད་རྩིས་མྱོས། །ཁྲོ་ཆགས་བརྗིད་ལྡན་གཟི་འབར་གཟུགས་སྐུའི་མཁའ་དབྱིངས་རབ་དཀར་རུས་པའི་རྒྱན་ཕྲེང་རྒྱུ་སྐར་ཚོམ་བུས་མཛེས། །ཧེ་རུ་ཀ་དཔལ་དཔའ་བོའི་དབང་ཕྱུག་དེ་ལ་བསྟོད་ནས་དཔལ་མགོན་ཞལ་བཞི་པ་ལ་བསྟོད་པར་བགྱི། །དམར་ཆེན་དྲི་སྣོམ་གཅན་གཟན་ང་རོ་བརྒྱུད་མར་སྒྲོགས་ཤིངརོ་ལངས་ཀྱིས་གང་རབ་འཇིགས་དུར་ཁྲོད་ན། །རྦ་རླབས་ནམ་མཁའི་མཐར་འཁྱུད་བམ་ཆེན་མགོ་འཕྲེང་ཅུ་བ་རབ་གསལ་ཁྲག་ཞག་རྒྱ་མཚོ་འཁྲུགས་པའི་ཀློང་།།འུར་འུར་ནག་པོའི་དུད་སྤྲིན་དང་འདྲེས་སྲིད་པའི་ཕ་མཐའ་ཟ་བྱེད་ཡེ་ཤེས་མེ་དཔུང་འབར་བའི་དབུས། །པད་ཉི་དགྲ་བོ་བསྣོལ་མའི་གདན་ལ་བརྐྱངས་བསྐུམས་གར་མཛད་ལྷ་མཆོག་མ་ཧཱ་ཀ་ལ་ཁྱེད་ལ་བསྟོད། །ཡན་ལག་རགས་ཤིང་ལྟོ་བ་རབ་འཕྱང་མི་སྡུག་སྲིན་པོའི་གཟུགས་ཅན་མདོག་ནག་མུན་པའི་དཀྱིལ་འཁོར་རྫོགས། །དམར་སེར་མེ་ཡི་རལ་པ་གསིག་ཅིང་བཅུ་གཉིས་ཉི་མ་འབར་འདྲའི་སྡང་མིག་ཡོན་པོའི་ཚ་ཟེར་འཕྲོ། །ལྗགས་འདྲིལ་ཁྲག་གིས་རབ་སྨྱོས་མཆེ་བ་རྣོན་པོ་བཞི་བཞི་གརྩིགས་ཤིང་གཏུམ་དྲག་ཧ་ཧའི་གད་རྒྱངས་མཐར། །ཀྵིཾ་ཀྵིཾ་ཕཻཾ་ཞེས་མཁའ་འགྲོ་དབང་དུ་སྡུད་ཅིང་ས་གསུམ་དཀྱིལ་འཁོར་ཡངས་པའི་ཁྱོན་ཀུན་འདར་བར་བྱེད། །གྲི་གུག་གིས་གཏུབ་དགྲ་སྙིང་ཁྲག་དྲོན་གྱིས་གང་ཐོད་པ་ཞལ་དུ་སྟོབས་ཅིང་དགྱེས་པའི་རྐན་སྒྲ་སྒྲོགས། །གནམ་ལྕགསརལ་གྲིས་བདུད་རིགས་མགོ་བོ་བྲེགས་ཏེ་བརྒྱ་ཕྲེང་ཕྲེང་བ་ཁྲག་གི་རྒྱུན་ལྡན་མགུལ་བར་འཛིན། །མདུང་ཐུང་བགེགས་ཀྱི་ལྟོ་བར་བསྣུན་པའི་རྒྱུ་རློན་ག་ཤལ་ལ་འཁྲིལ་སྦྲུལ་ནག་ཆུན་པོ་སྟོང་གིས་སྤྲས། །གཡེར་ཁའི་སྒྲ་ལྡན་འོག་པགས་ཀྱིས་བཅིངས་སྟག་ཤམ་གཡོ་བའི་གར་མཁན་རྡོ་རྗེ་ནག་པོ་གདོང་བཞི་པ། །གང་གི་ཕྱོགས་བཞིར་མིག་སྨན་མར་གད་རོ་ཧི་ཏ་ཀ་གསེར་གྱི་བྲག་རི་རབ་མཐོའི་རྩེ་མོ་ཅན། །མུན་ནག་དང་འདྲེས་མེ་ལྕེའི་གོས་གྱོན་གད་མོ་རྒོད་ཅིང་ས་ཆེན་གཡོ་བའི་གོམ་སྟབས་བསྒྱུར་བ་བཞིན། །གཡུང་མོ་གཏུམ་མོ་སྲིན་མོ་སིངྒ་ལི་ཞེས་རབ་གཏུམ་ཁྲོ་ཞིང་རྔམས་པའི་ཡུམ་ཆེན་སྲིན་མོ་བཞི། །བདུད་ཀྱི་དཀྱིལ་འཁོར་སྲེག་བྱེད་གཟི་བྱིན་མེ་དཔུང་འབར་བའི་འཁོར་ཚོགས་དམ་ཅན་རྒྱ་མཚོ་བཅས་ལ་བསྟོད། །མདོར་ན་མཐའ་ཡས་འགྲོ་བའི་དོན་སླད་བརྟན་གཡོའི་དངོས་ཀུན་མི་འགྱུར་ལྷན་སྐྱེས་བདེ་བའི་འཁོར་ལོ་ཆེར། །སྡོམ་མཛད་དཔའ་བོ་རྣལ་འབྱོར་མ་རྣམས་ཡོངས་ཀྱི་དབངཕྱུག་མཆོག་གི་གནས་དེར་བགྲོད་པ་མ་རྫོགས་པ།།དེ་སྲིད་ཧེ་རུ་ཀ་ཡི་བཀའ་རྟགས་རྡོ་རྗེའི་རི་མོའི་གཙུག་མཛེས་ལེགས་ལྡན་ནག་པོ་འཁོར་བཅས་ཀྱིས། །སངས་རྒྱས་བསྟན་ལ་གནོད་པའི་བགེགས་ཀྱི་དཔུང་ཚོགས་སྡེ་དང་བཅས་པ་ཐལ་བར་རློག་པའི་འཕྲིན་ལས་མཛོད།།
ཧཱུཾ༑ ཀ་པ་ལ་དང་འབར་བའི་གྲི་གུག་འཛིན། །ཁ་དོག་མི་བཟད་མུན་ནག་བྱུགས་འདྲའི་ལུས། །ག་ཤ་ལ་སོགས་ཁྲོ་བོའི་རྒྱན་གྱིས་སྤྲས། །ང་རོ་དྲག་པོས་ས་གསུམ་སྐྲག་ལ་བསྟོད། །ཅ་ཅོ་ཀུན་ཏུ་སྒྲོགས་པའི་རོ་ལངས་དང༌། །ཆ་ལུགས་འཇིགས་རུང་སྲིན་པོ་རྒྱུ་བ་བཞིན། །ཇ་དང་དགྲ་བོའི་སྲོག་ལ་རྣམ་རོལ་བ། །ཉ་བའི་ཟླ་ལྟར་ནག་ཕྱོགས་འཇོམས་ལ་བསྟོད། །ཏ་ཐཱ་ག་ཏའི་སྤྱན་སྔར་མངོན་སུམ་དུ། །ཐ་ཆད་དགྲ་བགེགས་སྒྲོལ་བར་ཁས་བླངས་བཞིན། །ད་ནི་བདག་ལ་འཚེ་བའི་དགྲ་བགེགས་དང་། །ན་རྒའི་སྡུག་བསྔལ་ཀུན་ཏུ་སེལ་ལ་བསྟོད། །པ་ཝ་སངས་སོགས་དཔལ་མགོན་བདུན་ཅུས་བསྐོར། །ཕ་རོལ་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་བའི། །བ་དན་གནམ་དུ་བསྒྲེང་བའི་མཐུ་བོ་ཆེ། །མ་ལུས་བསྟན་པའི་དམག་དཔོན་ཁྱེད་ལ་བསྟོད། །ཙ་ཏུར་མུ་ཁ་འབར་བའི་མཆེ་བ་གཙིགས། །ཚྭ་ཚྭ་འཕྲོ་བའི་དུས་མཐའི་མེ་དཔུང་འོད། །ཛ་ལང་རྒྱས་པའི་སེངྒེ་ཁྲོས་པ་ཡིས། །ཝ་ལྟར་ནག་པོའི་རྩ་ལག་འཇོམས་ལ་བསྟོད། །ཞ་བ་མེད་པའི་རྫུ་འཕྲུལ་རྐང་པ་ཡིས། །ཟ་ཧོར་ལ་སོགས་ཡུལ་ཁམས་ཀུན་བགྲོད་ནས། །འ་འུར་དར་དིརའབྲུག་གི་སྒྲ་ཆེན་གྱིས། །ཡ་མཚན་ཆོ་འཕྲུལ་སྣ་ཚོགས་་སྟོན་ལ་བསྟོད། །རྭ་རྩེ་ཤིན་ཏུ་རྣོ་བའི་གཡག་རོག་སོགས། །ལ་ལར་ཆོ་འཕྲུལ་དུ་མས་དགྲ་བགེགས་ཀྱི། །ཤ་དང་ཁྲག་ལ་ཤིན་ཏུ་རྔམས་པའི་ཕྱིར། །ས་སྟེང་ཀུན་དུ་མྱུལ་བ་ཁྱེད་ལ་བསྟོད། །ཧ་ཧ་དྲག་ཏུ་རྒོད་པའི་དུར་ཁྲོད་ནས། །ཨ་ལ་ལ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སོགས། །འཇིགས་རུང་གསུང་གི་ང་རོ་གཅིག་པུས་ཀྱང་། །བདུད་ཀྱི་སྟོབས་རྣམས་ངེས་པར་འཕྲོག་ལ་བསྟོད། །གཡུང་མོ་གཏུམ་མོ་སྲིན་མོ་སིངྒ་ལི། །གཅེར་མོའི་གཟུགས་ཅན་གཡས་པ་གྲི་གུག་གཡོན། །ཁྲག་ལྡན་ཐོད་པ་གཙོ་བོའི་ཞལ་དུ་བསྟོབས། །རྒྱལ་བའི་བསྟན་སྲུང་ཡུམ་ཆེན་བཞི་ལ་བསྟོད། །ཁྱོད་ལ་ཅུང་ཟད་བསྟོད་པའི་དགེ་བ་འདིས། །ཚེ་རབས་ཀུན་ཏུ་ལུས་དང་གྲིབ་མ་བཞིན། །ཁྱོད་དང་སྐད་ཅིག་ཙམ་ཡང་མི་འབྲལ་ཞིང་། །གཡེལ་བ་མེད་པར་བསྲུང་སྐྱོབ་བྱེད་པར་ཤོག །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །བདག་ཅག་གསུང་རབ་ཀུན་ལ་བཤད་པ་དང་། །སྒྲུབ་པ་སྙིང་པོར་བྱེད་པའི་མི་མཐུན་ཕྱོགས། །ཅུང་ཟད་ཙམ་ཡང་འབྱུང་བར་མ་གྱུར་ཅིག །ཚེ་རིང་ནད་མེད་དབང་ཕྱུག་ཕུན་སུམ་ཚོགས། །འཁོར་དང་ལོངས་སྤྱོད་སྙན་པའི་གྲགས་པ་དང་། །བླ་མེད་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་ཀུན། །འབད་རྩོལ་མེད་པར་ལྷུན་གྱིསགྲུབ་པར་མཛོད།།
(བསྐུལ་ནི།) ཧཱུཾ༑ ཐུན་གསུམ་བསྟན་ཅིང་མཆོད་པའི་སྲུང་མ་ཁྱོད། །ཁམས་གསུམ་སེམས་ཅན་བདེ་བ་སྐྱེད་པའི་ཕྱིར། །དུས་གསུམ་རྒྱལ་བས་བཀའ་བསྒོས་དམ་བཅས་བཞིན། །ཐུགས་དམ་རྣམ་གསུམ་ལྡན་པ་དགོངས་སུ་གསོལ། །ཐེག་གསུམ་བསྟན་པའི་དགྲ་བོ་ཆོམ་རྐུན་འདིས། །བཀའ་དྲིན་གསུམ་ལྡན་བླ་མའི་སྐུ་དགྲ་བྱས། །རྒྱུད་སྡེ་གསུམ་གྱི་སྲུང་མ་ཁྱོད་ལ་བརྙས། །དུག་གསུམ་དྲེག་པའི་དགྲ་བོ་འདི་སྒྲོལ་ཅིག །སྐུ་གསུམ་རྟེན་རྣམས་བཤིག་ཅིང་རྣམ་པར་བཅོམ། །རིགས་གསུམ་ཆོས་ཀྱི་འཁོར་ལོ་ཉམས་པར་བྱས། །བསླབ་གསུམ་ལྡན་པའི་དགེ་འདུན་བསད་ཅིང་ཕྱེ། །དཀོན་མཆོག་གསུམ་གྱི་དགྲ་བོ་འདི་སྒྲོལ་ཅིག།
(ཚོགས་མཆོད་འབུལ་བར་འདོད་ན། བྱིན་གྱིས་བརླབས་ལ།) ཧཱུཾ༑ ཟག་མེད་ཡེ་ཤེས་བདུད་རྩི་བྱིན་བརླབས་པའི། །དངོས་གྲུབ་ཀུན་འབྱུང་ཚོགས་མཆོད་རྒྱ་མཚོ་འདི། །དཔལ་ལྡན་བླ་མ་འདུས་པ་འཁོར་ལོ་སྡོམ། །བཅོམ་ལྡན་གཤིན་རྗེ་གཤེད་སོགས་ཡི་དམ་ལྷ། །མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ། །དགྱེས་བཞིན་བཞེས་ནས་ལས་བཞི་གྲུབ་ཆེན་བརྒྱད། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྣམས། །ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ།། ཧཱུཾ༑ ཟག་མེད་ཡེ་ཤེས་བདུད་རྩི་བྱིན་བརླབས་པའི། །དངོས་གྲུབ་ཀུན་འབྱུང་ཚོགས་མཆོད་རྒྱ་མཚོ་འདི། །བདུད་ཀྱི་སྟོབས་འཕྲོག་ལྷ་ཆེན་གདོང་བཞི་པ། །མི་བཟད་མཐུ་སྟོབས་གནམ་ལྕགས་འབར་བའི་ལྷ། །མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ།། ཧཱུཾ༑ ཟག་མེད་ཡེ་ཤེས་བདུད་རྩི་བྱིན་བརླབས་པའི། །དངོས་གྲུབ་ཀུན་འབྱུང་ཚོགས་མཆོད་རྒྱ་མཚོ་འདི། །མངོན་སྤྱོད་ལས་མཛད་དཀའ་ཐུབ་བཟློག་མོ་ཆེ། །དཔལ་ལྡན་གཡུང་མོ་གྲི་ཐོད་རབ་འཛིན་མ། །མ་ལུས་འཁོར་དང་བཅས་ལ་མཆོད་པ་འབུལ། ། ཧཱུཾ༑ ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་པའི། །དངོས་གྲུབ་ཀུན་འབྱུང་ཚོགས་མཆོད་རྒྱ་མཚོ་འདི། །རབ་འབྱམས་ལས་མཛད་བསྟན་དགྲའི་རྗེས་གཅོད་མ། །གཏུམ་མོ་མཐུ་སྟོབས་ཡོངས་ཀྱི་མངའ་བདག་མ། །མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ།། ཧཱུཾ༑ ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་པའི། །དངོས་གྲུབ་ཀུན་འབྱུང་ཚོགས་མཆོད་རྒྱ་མཚོ་འདི། །དབང་གི་ལས་མཛད་ཤ་ཟ་མཁའ་འགྲོའི་རྗེ། །རཀྵ་སི་མ་མཁའ་དབྱིངས་གར་གྱིས་འགེངས། །མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ།། ཧཱུཾ༑ ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླས་པའི། །དངོས་གྲུབ་ཀུན་འབྱུང་ཚོགས་མཆོད་རྒྱ་མཚོ་འདི། །སིངྒ་ལ་གནས་དགྱེས་པའི་ལས་མཛད་མ། །མཆོག་སྩོལ་ལྷ་མོ་དྲག་མོའི་རང་བཞིན་ཆེ། །མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ།། ཧཱུཾ༑ བཀའ་ཉན་ལས་མཛད་ཁྲོ་ཆེན་ཤུ་ཀྲ་ནག །དམ་ཉམས་སྙིང་ལེན་བེཀྱེ་ལྕམ་དྲལ་ཆེ། །དྲེགས་པ་སྡེ་བརྒྱད་གྲི་ཐོགས་བཤན་པའི་ཚོགས། །སྲོག་གི་དགུ་བདུད་འཁོར་དང་བཅས་པ་ཡང་། །ཚོགས་ཀྱི་མཆོད་པ་བདུད་རྩིའི་ཕུང་པོ་ཡིས། །མཆོད་ཀྱིས་བདག་ལ་གནོད་པའི་དགྲ་དང་བགེགས། །མཐའ་དག་ཐལ་བའི་རྡུལ་ཕྲན་བཞིན་བརླགས་ནས། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད།། (ཅེས་ཕུལ་ཏེ། དམིགས་བྱའི་མགྲོན་ཐམས་ཅད་ཟག་མེད་ཀྱི་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་ཁ་དོག་དྲི་རོ་ཡོན་ཏན་མཐའ་ཡས་པ་དང་ལྡན་པས་ཚིམ་ནས་མི་དགྱེས་པ་དང་དམ་ཚིག་ཉམ་ཆགས་ཐམས་ཅད་བྱང་། གཏང་རག་གིས་ལེགས་པར་དགྱེས་ཏེ་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་བར་བསམས། དེ་ནས་ལས་ཀྱི་རྡོ་རྗེས་སྣོད་སོ་སོར་ཚོགས་ཕུད་བླངས་ཏེ།) ཧོཿ དཔའ་བོའི་བདག་ཉིད་རྣལ་འབྱོར་རྣམས། །རྣམ་པར་རྟོག་པའི་སེམས་བོར་ལ། །འཆི་མེད་བདུད་རྩིའི་བཟའ་དང་བཅས། །བཟང་པོར་རོལ་ཏེ་བདེ་སྟོང་སྤེལ།། (ཞེས་སོ་སོར་བྲེས་ནས་སྒྲུབ་པ་པོ་རྣམས་ཀྱི་རང་གི་རྒྱུད་ཚོད་དང་མཐུན་པར་དག་དང་ལྡན་པས་ལོངས་སྤྱོད། ལས་ཀྱི་རྡོ་རྗེས་ཚོགས་ལྷག་བསྡུས་ལ།) ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ (ལན་བདུན་གྱིས་བྱིན་གྱིས་བརླབས།) ཧཱུཾ༑ ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་པའི། །ཚོགས་ལྷག་རྒྱ་མཚོ་ནམ་མཁའི་ཁྱོན་གང་བས། །ཕྱི་རོལ་དུར་ཁྲོད་ལ་གནས་ཕྱོགས་སྐྱོང་དང་། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་ལ་མཆོད། །མི་མཐུན་བདུད་དང་ནད་ཚོགས་དགྲ་དང་བགེགས། །ཕ་རོལ་བྱད་སྟེམས་ལ་སོགས་ཉེར་འཚེའི་ཚོགས། །བསྲུང་ཞིང་སྐྱོང་མཛད་རྣལ་འབྱོར་ཚེ་དཔལ་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་བར་མཛད་དུ་གསོལ།། (ཞེས་ཕྱིར་དོར།) འཕྲིན་ལས་དབྱར་གྱི་མཚོ་ལྟར་རྒྱས། །ཆོས་འབྱོར་ནམ་མཁའི་ཁམས་ལྟར་ཡངས། །སྲིད་ཞི་མཁའ་དབྱིངས་སྤྲིན་བཞིན་འདུ། །ལས་བཞིའི་སྦྲང་ཆར་བསྙིལ་གྱུར་ཅིག །དམ་ཚིག་ཞིང་ས་གྲུང་པོ་ལ། །དངོས་གྲུབ་སྙེ་མ་དཔག་མེད་བཞད། །རལ་གྲི་མིག་སྨན་རྐང་མགྱོགས་སོགས། །གྲུབ་ཆེན་བརྒྱད་ཀྱི་འབྲས་བུ་རྒྱས། །བསྐྱེད་རིམ་ཐེམ་སྐས་ལ་བརྟེན་ནས། །རྫོགས་རིམ་ལྷུན་པོའི་སྤོར་འཛིགས་ནས། །སྐུ་གསུམ་ལྷ་དབང་མཆོག་གི་སར། །འགྲོ་ཀུན་དེང་འདིར་རེག་གྱུར་ཅིག། (ཅེས་བརྗོད་ནས་བསྔོ་བ་སྨོན་ལམ་ཇི་ལྟར་རིགས་པར་བྱའོ།། ཞེས་མཐུ་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་ནག་པོ་གདོང་བཞིའི་ཚོགས་མཆོད་ཇི་ལྟར་བྱ་བ་འབར་བའི་རོལ་པ་ཞེས་བྱ་བ་འདི་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤ་ཀྱའི་དགེ་སློང་དཔལ་ལྡན་ཡེ་ཤེས་ཀྱིས་གུས་པ་ཆེན་པས་སྦྱར་བའོ།།
(གསེར་སྐྱེམས་ནི།) ཧཱུཾ༑ རྡོ་རྗེའི་གཞལ་ཡས་འབར་བའི་དཀྱིལ་འཁོར་ནས། །རྒྱལ་ཀུན་གཅིག་བསྡུས་ཁྲོ་བོ་ཆེན་པོའི་སྐུར། །རབ་བཞེངས་རྡོ་རྗེ་འཇིགས་མཛད་བཅུ་གསུམ་ལྷ། །གསེར་སྐྱེམས་མཆོད་གཏོར་ཀུན་བཟང་མཆོད་སྤྲིན་བཞེས། །ཁམས་གསུམ་ཟ་བྱེད་ལྷ་ཆེན་དབང་ལྡན་ཆེ། །གཏུམ་དྲག་དུས་མཐའི་ཞུགས་ཀྱི་ཁེངས་པ་འཕྲོག །དྲག་པོའི་གདོང་བཞིས་མཐར་ལྟའི་ཚལ་བསྲེད་པ། །མ་ཧཱ་ཀཱ་ལ་ནོར་འཛིན་ཟླ་བར་རོལ། །ཉེར་བཞིའི་ཡུལ་མྱུལ་རབ་འཇིགས་ཕོ་ཉ་མོ། །ཌོཾ་བི་ནི་དང་གཏུམ་མོ་རཱཀྵ་སི། །སིངྒ་ལི་མ་ཀླད་ཁྲག་གསེར་གཡུའི་བཅུད། །རྔུབས་ཤིག་སྡང་བའི་དགྲ་བོའི་བདུད་བརྒྱུད་ཆོད། །སྟོང་གསུམ་འདར་བྱེད་ནག་དམར་དཔུང་གི་རྗེ། །གདུག་པའི་སྲོག་གི་དགུ་བདུད་དམག་གི་དཔོན། །འཁོར་བཅས་གསེར་སྐྱེམས་བཏུང་བ་འདིར་རོལ་ལོ། །བསྟན་དགྲ་མ་ལུས་ཐལ་བའི་རྡུལ་དུ་རློག །དཔལ་མགོན་བདུན་ཅུ་དྲེགས་པ་སྡེ་བརྒྱད་རྣམས། །གསེར་གྱི་ཞལ་སྐྱེམས་ལ་རོལ་བར་གཅོད་རྣམས། །ཆེམས་ཆེམས་ཆོམས་ཤིག་ཉིན་མཚན་དུས་དྲུག་ཏུ། །རྣལ་འབྱོར་སྡོང་གྲོགས་གཉན་པོ་ཚུལ་བཞིན་སྒྲུབས། །དེ་ལྟར་རིན་ཆེན་གཏུང་བས་ཚིམ་མཛད་ནས། །བདག་ཅག་འཁོར་བཅས་ཚེ་རིང་ནད་མེད་ཅིང་། །ཇི་ལྟར་བསམ་པའི་དོན་ཀུན་འབད་མེད་འགྲུབ། །ཐུབ་བསྟན་སྙིང་པོ་ཕྱོགས་བཅུར་རྒྱས་གྱུར་ཅིག། (ཅེས་མཆོད་པར་བྱའོ།།)
(གཤེགས་གཏོར་འཕུལ་ཚུལ་བཞུགས་སོ།།) ལྷ་ཡི་ལྷ་མཆོག་དཔལ་ལྡན་སྲིད་གསུམ་དབང་། །ཆར་སྤྲིན་ལྟར་གནག་མིའུ་ཐུང་པོའི་གཟུགས། །མི་བཟད་མཆེ་གཙིགས་ཞལ་སྒོར་གདུགས་པ་འདྲེན། །གཏུམ་ཆེན་གདོང་བཞི་མངའ་བ་དེར་ཕྱག་འཚལ།། (འདིར་རྡོ་རྗེ་ནག་པོ་ཞལ་བཞི་པ་སྟོབས་འཕྲོག་པའི་གཟུགས་ཅན་གྱི་གཤེགས་གཏོར་འཕུལ་ཚུལ་གྱི་རིམ་པ་ནི་མགོན་པོའི་སྤྱན་འདྲེན་བསྐང་བ་བསྟོད་པ་རྣམས་སྔོན་དུ་སོང་ནས་མཆོད་གཏོར་རྣམས་བྱིན་གྱིས་བརླབས། སྔགས་དྲུག་ཕྱག་དྲུག་ཐོན་ནས། བདག་གི་བསམ་པའི་སོགས་བརྗོད། སླར་ཡང་སྤྱན་དྲངས་པ་ནི།) བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་བས་གངས་ཏི་སི། (ཞེས་པ་ནས།) སྤྱན་དྲངས། (ཞེས་པའི་བར་བརྗོད། དེ་ནས་རོལ་མོ་དང་བཅས་ཏེ་འདི་སྐད་དོ།།) ཧཱུཾ༑ སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ།། (ཞེས་སོགས་ཤོ་ལོ་ཀ་གཅིག་གིས་སྤྱན་དྲངས།) ཨོཾ་མཧཱ་ཀཱ་ལ། (ཞེས་པ་ནས། ནང་མཆོད་བར་ཡང་དག་པར་བརྗོད། དེ་ནས།) ཧོ༑ དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོང་། དཀོན་མཆོག་གི་དབུ་འཕངས་བསྟོད། ཁྱད་པར་དུ་བསྟན་པ་དང་བསྟན་པ་འཛིན་པ་རྣམས་དང་། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང་། བདག་གིས་ལམ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདོར་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདོར་དུ་མ་འཚལ་ན། གང་ལ་གང་ཚམསཔའི་ཆད་པ་བཅད་པ་དང་། བསྐྲད་ཅིང་གཟེར་བ་དང་། དབྱེ་བ་དང་བསྡིགས་ཤིང་སྤ་བཀོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང༌། བསྟན་པ་དང་བསྟན་པ་འཛིན་པ་རྣམས་དང་། འཇིག་རྟེན་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། དེ་ནས་ཐོད་པའི་ཕྱག་རྒྱ་དང་བཅས་ཏེ། སྟོབས་འཕྲོག་དབང་པོ་འཁོར་དང་བཅས་པས་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་མཧཱ་ཀཱ་ལ་ཀཱ་ལ། (ཞེས་སོགས་ལན་བདུན་ནམ་གསུམ་བརྗོད་ནས་གཏོར་མ་འབུལ་ལ།) ཨརྒྷཾ། (ནས།) ཤཔྟ(འི་བར་བརྗོད། ནང་མཆོད་འབུལ།) ལྷ་མཆོག་མ་ཧཱ་ཀཱ་ལ། ལྷ་ཆེན་དྲག་པོ་ཞལ་བཞི། ཞིང་སྐྱོང་གཟི་ལྡན་དབང་ཕྱུག །བྲམ་ཟེའི་གཟུགས་ཅན་དཔའ་བོ། ཡུམ་ཆེན་གཡུང་མོ་ནག་མོ། ལས་མཛད་གཏུམ་མོ་ལྗང་གུ། དམར་ནག་སྲིན་མོ་ཆེན་མོ། སེར་ནག་སིངྒ་ལི་མ། འཁོར་གྱི་ཞང་སྐྱོང་འབུམ་སྡེ། དྲེགས་པ་ཕོ་བདུན་མོ་བདུན། སྲོག་གི་དགུ་བདུད་ནག་པོ། ལས་ཀྱི་བཤན་པ་ཉེར་གཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་འཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། (སྐབས་འདིར་གཞི་བདག་གི་གཏོར་མ་ཕུལ་ནས།) བདག་གི་བསམ་པའི་སྟོབས་དང་ནི།། (ཞེས་སོགས་བརྗོད། ཡང་རོལ་མོ་དབྱངས་དང་བཅས་ཏེ་འདི་སྐད་དོ།།) ཧཱུཾ༑ སྐུ་གསུམ་མངོན་གྱུར་རྡོ་རྗེ་འཆང་དབང་གི །རྣམ་གསུམ་བསྟན་པ་སྤེལ་ཞིང་བསྲུང་བྱའི་ཕྱིར། །དུས་གསུམ་བདུད་དཔུང་མ་ལུས་འཇོམས་མཛད་པའི། །ཆོ་འཕྲུལ་གསུམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཁམས་གསུམ་མེ་ལྟར་དམར་ནག་འབར་བའི་དབུས། །སྟོང་གསུམ་ཟིལ་གནོན་ཞིང་སྐྱོང་རྒྱལ་པོའི་སྐུ། །ས་གསུམ་འདར་བྱེད་ཁྲོ་གཏུམ་རྔམས་བརྗིད་ཅན། །སྲིད་གསུམ་དབང་བསྒྱུར་ཁྱེད་ལ་ཕྱག་འཚལ་ལོ། །ཕྲེང་བ་གསུམ་ལྡན་དྲག་པོའི་བཞད་སྒྲ་ཅན། །རྩེ་གསུམ་མདུང་སོགས་དྲག་པོའི་མཚོན་ཆ་བསྣམས། །སྤྱན་གསུམ་སྡང་མིག་དྲག་པོའི་ཕྱོགས་བཅུར་གཟིགས། །གནས་གསུམ་དགྲ་བགེགས་དྲག་པོ་འཇོམས་ལ་བསྟོད། །རིགས་བཞི་མཁའ་འགྲོ་བྱེ་བའི་དབང་ཕྱུག་གཙོ། །ལས་བཞི་དམ་ཚིག་ལ་གནས་རྣལ་འབྱོར་པའི། །ལས་བཞི་བསྒྲུབ་ལ་ཐུགས་དམ་བརྟན་པ་ཅན། །ཕྱོགས་བཞིར་བཞུགས་པའི་ཡུམ་ཆེན་རྣམས་ལ་བསྟོད། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོ་བཅས། །གསང་བ་གསུམ་ལྡན་བདུད་རྩིར་བྱིན་རླབས་ཏེ། །རོ་བཅུད་ནུས་པ་ཕུན་སུམ་ཚོགས་ལྡན་པའི། །ཁམས་གསུམ་ཡིད་འཕྲོག་མཆོད་གཏོར་འདི་བཞེས་ཤིག །དུས་གསུམ་རྒྱལ་བའི་ངོ་བོ་བླ་མ་དང་། །སྒོ་གསུམ་རྡོ་རྗེས་བསྲུང་བ་བདག་ཅག་ལ། །ལུས་ངག་ཡིད་གསུམ་སྡང་བས་བ་འཁྲུགས་པའི། །དགྲ་བགེགས་ལོག་འདྲེན་རྣམ་གསུམ་ཚར་གཅོད་མཛོད།། (ཅེས་པའི་འཕྲིན་ལས་དྲག་པོ་བཅོལ།) ཧཱུཾ༑ རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ། །འཇིགས་གཟུགས་མཁའ་འགྲོ་ཡུམ་ཆེན་སྲིན་མོ་བཞི། །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་བརྒྱད་མོ་བརྒྱད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ཅེ་སྦྱང་འཁོར་དང་བཅས། །ཆོས་སྐྱོང་བེག་རྩེ་ལྕམ་སྲིང་འཁོར་དང་བཅས། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་བཞུགས་གཞི་བདག་གཉན་པོ་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་གཏོང་། །ད་འཆོལ་ལེགས་པའི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླགས་པ་དང་། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།།
(མངའ་གསོལ་ནི།) ཧཱུཾ༑ དཔལ་ལྡན་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཁྱོད་ནི་དངོས་གྲུབ་ཀུན་གྱི་རྩ་བ་དང་། །འགྲོ་འདིར་ཕན་བདེ་ཀུན་གྱི་འབྱུང་གནས་ཕྱིར། །རྩ་བརྒྱུད་བླ་མའི་ངོ་བོར་མངའ་གསོལ་ལོ། །ལྷན་ཅིག་སྐྱེས་དངོས་སྒྲིབ་བྲལ་ཆོས་ཀྱི་སྐུ། །ཉེར་བཞི་ཡུམ་གྱི་དཔའ་བོ་མཁའ་འགྲོའི་གཙོ། །བགྲངས་ཡས་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ཅན། །ཁྱབ་བདག་འཁོར་ལོ་སྡོམ་པར་མངའ་གསོལ་ལོ། །སྐུ་བཞིའི་བདག་ཉིད་སངས་རྒྱས་ཁྱོད་ཉིད་དེ། །ལུང་རྟོགས་དམ་ཆོས་མ་ལུས་འབྱུང་བའི་གཞི། །རབ་འབྱམས་འཕགས་ཚོགས་ཀུན་གྱི་གཙོ་བོ་ཁྱོད། །སྐྱཔས་གསུམ་ཀུན་འདུས་ཉིད་དུ་མངའ་གསོལ་ལོ། །ཟབ་ཞི་ཆོས་སྐུའི་ངང་ལས་མ་ཡོས་ཀྱང་། །བསྟན་པ་བསྲུང་ཕྱིར་མཐུ་སྟོབས་མི་བཟད་པས། །དགྲ་བགེགས་ཐལ་བར་བརླགས་མཛད་མཐུ་ལྡན་གྱི། །སྲུང་མ་ཀུན་གྱི་གཙོ་བོར་མངའ་གསོལ་ལོ། །ཁྱོད་ནི་ཁོམས་གསུམ་ཡོངས་ལ་དབང་མཛད་ཅིང༌། །སྲིད་གསུམ་དྲེགས་པ་ཅན་རྣམས་ཁྱོད་ཀྱི་བྲན། །འཇིག་རྟེན་གསུམ་ན་འགྲན་ཟླ་མ་མཆིས་པའི། །རྣལ་འབྱོར་དགྲ་ལྷ་ཆེན་པོར་མངའ་གསོལ་ལོ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་བཀའ་བསྒོས་པས། །རྒྱུད་སྡེ་སྙིང་པོའི་རིམ་གཉིས་ཟབ་མོའི་དོན། །མཐའ་བྲལ་ལྟ་བ་ཟུང་འབྲེལ་ཉམས་ལེན་པའི། །ཐུབ་བསྟན་སྙིང་པོ་བསྲུང་བར་མངའ་གསོལ་ལོ། །དེང་ནས་གཟུང་སྟེ་རྣལ་འབྱོར་དཔོན་སློབ་ཀྱི། །སྐྱབས་མགོན་སྲུང་མའི་གཙོ་བོར་མངའ་གསོལ་ལོ། །དགྲ་བགེགས་ཐལ་བར་བརླག་དང་འཕྲིན་ལས་བཞིའི། །དངོས་གྲུབ་ཆར་ཆེན་འབེབས་ལ་མ་གཡེལ་ཞིག།
(ཤིས་བརྗོད་ནི།) ཧེ་རུ་ཀ་དཔལ་ལྷན་ཅིག་སྐྱེས་པའི་དངོས། །སྲིད་གསུམ་སྐྲག་མཛད་ཁྲག་འཐུང་ནག་པོ་ཆེ། །འཕྲིན་ལས་རྣམ་བཞིས་བསྟན་པ་སྐྱོང་མཛད་པའི། །ལྷ་ཆེན་དྲག་པོ་ཞལ་བཞིའི་བཀྲ་ཤིས་ཤོག། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་བ་ཡིས། །རྣལ་འབྱོར་བུ་བཞིན་སྐྱོང་མཛད་ཡུམ་ཆེན་བཞི། །བསྟན་དགྲ་རླག་མཛད་དྲག་ཤུལ་མཐུ་རྩལ་ཅན། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག། །།