Monday, June 8, 2020

དབུ་མ་བདེན་གཉིས་འཛིན་གྲྭའི་དྲི་བ།



འབྲས་བློ་གླིང་རྩེད་ཐང་ཁང་ཚན་གྱི་བར་རྒྱུགས་དང་པོའི་སྔོན་འགྲོའི་དྲི་ཤོག  (༢༠༢༠)
དབུ་མ་བདེན་གཉིས། དྲི་བ་གནང་མཁན། དགེ་བཤེས་བསྟན་འཛིན་སྙན་གྲགས།

༡༽ རྣམ་བཤད། ༢༡༤ མྱུ་གུ་ལྟ་བུ་གཅིག་གི་ངོ་བོ་ལ་ཡང་ཕྱེ་ན། ཀུན་རྫོབ་ཡིན་པ་དང་དོན་དོམ་ཡིན་པའི་ངོ་བོ་གཉིས་ཡོད་པར་སྟོན།  ཞེས་གསུངས་པས། ཆོས་ཐམས་ཅད་ཀྱི་སྟེང་དུ་བདེན་པ་གཉིས་ཀའི་ངོ་བོ་ཡོད་ན།  བདེན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་དངོས་འགལ་ཡིན་པ་མི་འགལ་ཚུལ་དང་། གཞི་གཅིག་གི་སྟེང་དུ་བདེན་གཉིས་ཀྱི་ངོ་བོ་ཡོད་ཚུལ་གང་ཡིན།  

༢༽ རྣམ་བཤད། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས།། ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བདེན་གཉིས་ཀྱི་མཚན་ཉིད་བསྟན་ན། བུམ་པ་དེ་དོན་དམ་བདེན་པ་དང་། ཆོས་ཉིད་དེ་ཀུན་རྫོབ་བདེན་པ་མི་འགྱུར་བའི་ལན་ཇི་ལྟར་སྐྱོན་དགོས།

༣༽ རྣམ་བཤད། ༢༡༨ དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། ཞེས་མདོ་ཚིག་དེ་གསུམ་གྱིས་དོན་དམ་བདེན་པའི་ངོ་བོ་བསྟན་ཚུལ་དང་། དེ་གསུམ་ལ་ཁྱད་པར་གང་ཡོད། ཁྱད་པར་མེད་ན་ཟློས་སྐྱོན་དུ་མི་འགྲོ་ཚུལ་བྲིས།

༤༽ རྣམ་བཤད། མཐོང་བ་བརྫུན་པ་རྣམ་པ་གཉིས་འདོད་དེ།། ཞེས་ཤོ་ལོ་གཉིས་ཀྱིས་བརྫུན་པ་མཐོང་བའི་ཡུལ་དང་ཡུལ་ཅན་གཉིས་ལ་ཡང་ལོག་གཉིས་སུ་བཞག །ཐལ་འགྱུར་བས་ཡུལ་ཅན་ལ་ཡང་ལོག་གཉིས་སུ་བཞག་ལ་རང་རྒྱུད་པས་དེ་ལྟར་འཇོག་མི་ནུས་པའི་རྒྱུ་མཚན་གང་ཡིན།  

༥༽ རྣམ་བཤད། ༢༢༡ དབང་པོ་གསལ་བ་སྟེ་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་དབང་པོ་དང་། ཞེས་སོགས་དང་། མཐའ་དཔྱོད་ལས། འཕྲལ་གྱི་འཁྲུལ་རྒྱུས་སླད་པའི་ཤེས་པ་ཡུལ་དང་བཅས་པ་དེ་ལ་ལྟོས་ནས་ལོག་པར་ཁས་བླང་བར་བྱའོ།། ཞེས་སོགས་གསུང་ཚིག་དེ་གཉིས་ལ་བསམ་ན།  འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ཡང་ལོག་ཅེས་པ་འཕྲལ་གྱི་འཁྲུལ་རྒྱུས་བསླད་མ་བསླད་ཀྱིས་འཇོག་པ་འདྲ་ཡང་། སྔ་ཕྱི་གཅིག་འཛིན་གྱི་རྟག་འཛིན་ལྷན་སྐྱེས་དང་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་འཛིན་ལྷན་སྐྱེས་སོགས་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་རྒྱུད་ཀྱི་ཐ་སྙད་པའི་ཚད་མས་ལོག་པར་འཇོག་ཐུབ་པས། འཇིག་རྟེན་པའི་ཤེས་ངོ་ན་ལྟོས་ནས་ལོག་པ་བཞག་དགོས་ལ། དེ་ལྟར་ན་དེ་རྣམས་ཀྱི་འཕྲལ་གྱི་འཁྲུལ་རྒྱུ་གང་ཡིན་སོགས་དོགས་དཔྱོད་དང་། རྗེ་བླ་མའི་དགོངས་པ་གང་ཡིན་སྒྲུབ་བྱེད་བཅས་བྲིས།

༦༽ རྣམ་བཤད། ༢༣༤ གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་པ་ལ་ཡང་ཡོད་མོད་ཀྱང་། ཞེས་གསུངས་ཀྱང་། ལེགས་སྙིང་ནང་། རང་རྒྱུད་པས་བཤད་པའི་བདག་འཛིན་གཉིས་པོ་ཀུན་བཏགས་ཁོ་ན་ཡིན་ཚུལ་གསུངས་པས།  རང་རྒྱུད་པས་བཤད་པའི་བདག་འཛིན་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་གཉིས་ལ་ཁྱད་པར་གང་ཡོད།

༧༽ རྣམ་བཤད། ༢༣༤ དེ་ལྟར་ན་མཐར་འཛིན་པར་ལྟ་བ་ཡང་གཉིས་སོ།། ཞེས་མཐར་འཛིན་པའི་ལྟ་བ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད་ན།  ཡོད་མཐར་འཛིན་པ་དང་མེད་མཐར་འཛིན་པའི་ལྷན་སྐྱེས་གང་ཡིན།

༨༽ རྣམ་བཤད། ༢༣༥ ཆགས་སོགས་རྣམས་གཏི་མུག་ལས་ཐ་མི་དད་པར་འཇུག་པ་ནི། གཏི་མུག་དང་མཚུངས་ལྡན་དུ་འཇུག་གི །དེ་དང་བྲལ་བར་མི་འཇུག་པའོ།། ཞེས་ཆགས་སོགས་རྣམས་གཏི་མུག་བདེན་འཛིན་དང་མཚུངས་ལྡན་དུ་འཇུག་པ་ཡོད་ན། འདོད་ཆགས་ལ་དངོས་པོ་ཡིད་དུ་འོང་བ་ལ་དམིགས་ནས་སྲེད་པའི་རྣམ་པ་ཅན་དང་བདེན་པར་གྲུབ་པའི་རྣམ་པ་ཅན་དུ་གཉིས་ཀ་དུས་མཉམ་དུ་སྐྱེས་ན།  བློ་གཅིག་ལ་འཛིན་སྟངས་ཀྱི་རྣམ་པ་མི་མཐུན་པ་གཉིས་འོང་ཆོག་གམ།

༩༽ རྣམ་བཤད། ཐལ་འགྱུར་བའི་ལུགས་ལ་ཤེས་སྒྲིབ་ངོས་འཛིན་པ་ན། བག་ཆགས་ཤེས་སྒྲིབ་ཏུ་ངོས་འཛིན་པ་ལས་ཤེས་པར་འགྱུར་པའི་ཤེས་སྒྲིབ་གང་ལས་ཀྱང་ངོས་མི་འཛིན།   དེའི་གནད་ཀྱིས་ཤེས་པར་འགྱུར་པའི་ཤེས་སྒྲིབ་མེད་པར་འདོད་ན།  དཔེར་ན་ཉན་ཐོས་ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་མེད་པར་འཛིན་པའི་ལོག་ཤེས་མ་སྐྱེས་སམ། དེར་མ་ཟད།  ཉན་ཐོས་དགྲ་བཅོམ་པས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པ་མི་ཤེས་པའི་རྨོངས་པ་རྣམས་ཤེས་སྒྲིབ་མིན་པའི་རྒྱུ་མཚན་ཅི་ཡོད། གཞན་ཡང་དགྲ་བཅོམ་རྟོག་པ་སྔོན་སོང་རྣམས་ཐེག་ཆེན་ལམ་དུ་ཞུགས་ནས་མཐོང་ལམ་གྱི་ཐོག་མ་བར་མེད་ལམ་སོགས་མེད་པར་ཐལ་བ་སོགས་མི་འཇུག་གམ། དོགས་ལན་སྒྲུབ་བྱེད་བཅས་གང་རྒྱས་བྲིས།

༡༠༽ རྣམ་བཤད། ༢༣༩ དེའི་འབྲས་བུ་གཉིས་དགོངས་པ་སྣང་འཁྲུལ་པའི་ཆ་ཐམས་ཅད་ཀྱང་དེར་བསྡུའོ།། ཞེས་པའི་གཉིས་སྣང་འཁྲུལ་པའི་ཆ་དེ་གང་ཡིན། རྟོག་པ་ཙམ་ལ་འཇོག་ན། བདེན་མེད་རྟོགས་པའི་ལམ་གྱི་རྟོག་པ་སོགས་ཤེས་སྒྲིབ་ནང་དུ་བསྡུ་ཟེར་དགོས་སམ། ཡང་ན། དེ་ལས་གཞན་པའི་ལོག་ཤེས་ཅིག་འཇོག་ན། དེ་ཤེས་སྒྲིབ་མིན་པའི་རྒྱུ་མཚན་ཅི་ཡོད། དེས་ན་རྗེའི་དགོངས་པ་གང་ཡིན་སྒྲུབ་བྱེད་བཅས་གང་རྒྱས་བྲིས།

༡༡༽ རྣམ་བཤད། ༢༤༥ སངས་རྒྱས་ཀྱིས་ཇི་སྙེད་པ་མཁྱེན་ཚུལ་གསུངས་སྐབས། སངས་རྒྱས་ཀྱིས་ཇི་སྙེད་པ་མཁྱེན་པ་དེ་མ་རིག་པའི་བག་ཅགས་ཀྱིས་བསླད་ནས་ཕུང་སོགས་སྣང་བ་མིན་ཀྱང་། གང་ཟག་གཞན་གྱི་ཤེས་པ་ལ་མ་རིག་པས་བསླད་པ་ལ་སྣང་བ་སངས་རྒྱས་ལ་སྣང་དགོས། ཞེས་གསུངས་པ་ལྟར་ན། ཇི་སྙེད་པའི་ཆོས་རྣམས་སངས་རྒྱས་ལ་སྣང་བ་ན་གང་ཟག་གཞན་བརྒྱུད་ནས་མ་གཏོགས་སྣང་ཚུལ་མེད་པ་ཡིན་ནམ།  ཡུལ་མ་རིག་པའི་བག་ཆགས་ལས་བྱུང་བ་ཡིན་ན། ཡུལ་ཅན་མ་རིག་པའི་བསླད་པ་ཞིག་གིས་སྣང་བ་དེ་ལ་ལྟོས་ནས་མ་གཏོགས་སྣང་ཚུལ་མེད་པ་ཡིན་ནམ། གཞན་ཡང་སངས་རྒྱས་ཀྱི་མཚན་དཔེ་སོགས་དང་རྣམ་མཁྱེན་སོགས་སངས་རྒྱས་སྣང་བ་ན་ཡང་སེམས་ཅན་གྱི་ཤེས་པས་སྣང་བ་ལ་ལྟོས་དགོས་སམ། དོགས་ལན་སྒྲུབ་བྱེད་བཅས་གང་རྒྱས་བྲིས།

༡༢ ༽ རྣམ་བཤད། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས།། ཞེས་སོགས་ཀྱིས་འཇིག་རྟེན་པའི་བློ་ལྷན་སྐྱེས་ཀྱིས་གཞན་སྐྱེས་མི་འཛིན་པ་དེ་བདག་དང་ཕུང་པོ་ལྟ་བུ་དཔེར་བྱས་ནས་གསུངས་པ་དང་། རྒྱུ་འབྲས་དོན་གཞན་ཤིང་དང་ས་བོན་ལྟ་བུ་དཔེར་བྱས་ནས་གསུངས་ཚུལ་ལ་བསམ་ན།  འཇིག་རྟེན་པའི་བློ་ལྷན་སྐྱེས་ཀྱིས་རྒྱུ་འབྲས་གཉིས་དོན་གཞན་དུ་མི་འཛིན་པ་ལྟ་བུ་དང་། གཞན་སྐྱེ་འཛིན་ན་རྒྱུ་འབྲས་གཉིས་འབྲེལ་མེད་དོན་གཞན་དུ་འཛིན་དགོས་སམ། དེ་མིན་ན་ཤིང་དང་ས་བོན་གྱི་དཔེས་་གསུངས་ཚུལ་གང་ཡིན། དེ་འཛིན་དགོས་ན། སློབ་དཔོན་ལེགས་ལྡན་སོགས་རྒྱུ་འབྲས་ལྟ་བུ་འབྲེལ་མེད་དོན་གཞན་དུ་འཛིན་ནམ།  དོགས་ལན་སྒྲུབ་བྱེད་བཅས་གང་རྒྱས་བྲིས།

༡༣༽ རྣམ་བཤད། གཞན་སྐྱེས་འཛིན་ཚུལ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ས་བོན་ལས་རང་གི་མཚན་ཉིད་ཀྱི་མྱུ་གུ་སྐྱེ་བར་འཛིན་ཚུལ་ཡིན་ན།  ཁྱད་གཞི་མྱུ་གུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྣམ་པའི་ཡུལ་དུ་མ་སོང་བར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་མྱུ་གུ་སྐྱེ་བར་འཛིན་ཚུལ་ཞིག་གང་ཡོད།  མྱུ་གུ་དོན་དམ་པར་སྐྱེ་བར་འཛིན་ཚུལ་དང་དོན་དམ་པར་མྱུ་གུ་སྐྱེ་བ་འཛིན་ཚུལ་གཉིས་ལ་ཁྱད་པར་ཡོད་དམ་མེད།

༡༤༽ རྩ་ཤེས་ཊེཀ་ཆེན་ནང་། གཞན་སྐྱེ་ཞེས་པ་དཔེར་ན་མྱུ་གུ་ས་བོན་ལས་དོན་དམ་པར་གཞན་དང་། མྱུ་གུ་ས་བོན་ལས་དོན་དམ་པར་སྐྱེ་བའི་ཚོགས་པ་ཞིག་ལ་ཡིན་པ་དང་།  ཡ་གྱལ་རེ་རེ་ཁེགས་པའི་སྟེང་ནས་ཚོགས་པ་གཞན་སྐྱེ་འགོག་པ་གསུངས་འདུག་པས། དེའི་ལྟར་ན་གཞན་སྐྱེ་འགོག་པ་ལ་སྟོང་ཉིད་རྟོགས་པ་སྔོན་དུ་སོང་བར་འགྱུར་བས་དེ་ལ་ལན་ཅི་ཡོད།

༡༥༽ རྣམ་བཤད། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད་དང་། ཞེས་པ་འདིས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་ཚུལ་གསལ་བར་བྲིས།

༡༦༽ རྣམ་བཤད། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་ཚུལ་དང་།  ཐལ་རང་གཉིས་ཀྱི་ལུགས་ལ་རིགས་པས་དཔྱད་བཟོད་དུ་གྲུབ་པར་འཛིན་པ་བདེན་འཛིན་དུ་འདོད་པ་ཡིན་མིན་དང་། དེ་ཁོ་ཉིད་ལ་དཔྱད་འཚམས་གང་ནས་བཞག་དགོས། དཔེར་ན་མྱུ་གུ་བདག་ལས་སྐྱེས་མ་སྐྱེས་དཔྱད་པ་དོན་དམ་ལ་དཔྱད་པ་འགྲོ་མི་འགྲོ་གང་ཡིན།

༡༧༽ རྣམ་བཤད། ཞིབ་མོའི་བློས་གཟུགས་སོགས་ཀྱི་སྟེང་ནས་འདི་འགོག་འདི་མི་འགོག་ཅེས་རྣམ་པ་གཉིས་གཟུགས་བརྙན་གྱི་དཔེ་སྟེང་ནས་ཕྱེད་པ་ནི། དབུ་མའི་ལྟ་བ་རྙེད་པ་ལ་མེད་མི་རུང་དུ་དགོས་པས་ཚིམ་སླ་མི་ཉན་ནོ།། ཞེས་པའི་གསུངས་ཟིན་ལ་གཞིག་ན། སྟོང་ཉིད་མ་རྟོགས་སྔོན་ནས་དཔེའི་སྟེང་དུ་འདི་འགོག་མི་འགོག་ཕྱེད་ཤེས་དགོས་ན།  ལེགས་སྙིང་ལས། སྔ་རྒོལ་གྱིས་ཕྱེད་ཀྱང་དེའི་རིང་ལ་སྟོན་མི་ནུས་སོ།། གསུངས་པ་དང་གསུང་ཟིན་མི་འགལ་ཚུལ་གང་ཡིན་ནམ།

༡༨༽ རྣམ་བཤད། ༢༧༣ དེ་ཀུན་རྫོབ་ཏུ་ཡོད་པ་ཁེགས་ན་དོན་དམ་ལ་ལྟོས་པའི་རྟག་ཆད་ཀྱི་ལྟ་བར་མི་ལྟུང་བར་མ་ཟད། ཀུན་རྫོབ་ལ་ལྟོས་པའི་རྟག་ཆད་ཀྱི་ལྟ་བའི་དྲི་མས་མི་གོས་པ་ན། ཞེས་ཀུན་རྫོབ་དང་དོན་དམ་ལ་ལྟོས་པའི་རྟག་ཆད་གཉིས་གསུངས་ན། དེ་དག་གི་དོན་དང་མཚན་གཞི་རེ་གནང་རྒྱུ།

༡༩༽ རྣམ་བཤད། ཐལ་འགྱུར་བས་རང་རིག་ཁས་མི་ལེན་པ་རང་བཞིན་གྱིས་གྲུབ་པ་མི་འདོད་པ་ལ་ཐུག་ཚུལ་དང་།  མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་རང་རིག་མི་འདོད་པ་གང་ལ་ཐུག་པ་ཡིན་བཅས་བྲིས།

༢༠༽ རྣམ་བཤད། དབུ་མ་ཐལ་འགྱུར་བས་ཞིག་པ་དངོས་པ་འདོད་པ་འདིས་ལས་འབྲས་ཀྱི་འབྲེལ་བ་ཆེས་འཐད་ཚུལ་གང་ཡིན་ནམ། དངོས་པོ་དེ་དང་དེའི་ཞིག་པའི་དོན། བུམ་པ་ཞིག་པའི་མཚན་གཞི་གང་ཡིན་ནམ། མི་ཤི་བ་མིའི་ཞིག་པ་ཡིན་མིན་དང་། ཞིག་པ་ཡིན་ན་མི་ཡིན་དགག་ཡིན་དགོས་མིན་བཅས་ལ་ལན་འདེབས་གནང་རོགས།

སྤྱི་དོན་དྲི་བ་ལྔ།
༡༽ སྤྱི་དོན། ༡༢༥ མདོ་ལས་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན།  སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། མདོ་འདིས་བདེན་གཉིས་ངོ་བོ་གཅིག་དང་ལྡོག་པ་ཐ་དད་དུ་བསྟན་ཚུལ་བྲིས།

༢༽ སྤྱི་དོན། སྟོང་ཐུན་ཆེན་མོར། འཇིག་རྟེན་ཤེས་ངོ་ན་ཡང་ལོག་གཉིས་ཀྱི་དབྱེ་བ་དེ། འཇིག་རྟེན་པའི་བློ་ལྷན་སྐྱེས་རང་དགའ་བས་ཡང་ལོག་གཉིས་ཀྱི་དབྱེ་བ་བྱེད་དོན་ཡིན་གསུངས་པ་རང་ལུགས་སུ་ཁས་བླང་མམ།

༣༽ སྤྱི་དོན། འདི་ལ་བརྟེན་ནས་གང་ཟག་རྟག་འཛིན་རྟོག་པ་ལྷན་སྐྱེས་ཀྱང་མེད་པར་ཤེས་པར་བྱ་སྟེ། གྲུབ་མཐའ་འོག་མའི་ཤན་བསྲེ་བར་མི་བྱའོ།། ཞེས་པ་དང་། ལེགས་བཤད་སྙིང་པོ་ནང་། སྔ་ཕྱི་གཅིག་འཛིན་གྱི་རྟག་འཛིན་ལྷན་སྐྱེས་ཡོད་པར་གསུངས་པས་མི་འགལ་ཚུལ་ཇི་ལྟར་ཡིན།              

༤༽ སྤྱི་དོན། ༡༣༤ བུམ་པ་ཐོ་བས་བཅོམ་པའི་འོག་ཏུ་བུམ་པ་ཞིག་པ་བུམ་པའི་རྒྱུན་དང་། སྣང་བས་མུན་པ་སེལ་བ་ན་མུན་པ་དགགས་པ་དེ་མུན་པའི་རྒྱུན་གྱི་ཞིག་པ་ཡིན་ནམ་མིན། ཡིན་ན། བར་ཆད་མེད་ལམ་གྱིས་མཐོང་སྤངས་ཀྱི་ས་བོན་གཉེན་པོའི་སྟོབས་ཀྱིས་སེལ་བ་ན། ས་བོན་དགགས་པ་དེ་ས་བོན་དེའི་ཞིག་པ་ཡིན་ནམ་མིན།  ཡིན་ན་བར་ཆད་མེད་ལམ་པའི་རྒྱུད་ལ་མཐོང་སྤངས་ས་བོན་གྱི་རྒྱུན་ཡོད་པར་ཐལ་ལོ།  དེ་མིན་ན་སྔར་དང་མི་མཚུངས་པའི་རྒྱུ་མཚན་ཅི་ལགས།

༥༽ སྤྱི་དོན། ༡༥༢ མདོ་དེ་རྣམས་དང་། དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ།   ཁུར་ཁུར་བ་པོ་ནི་གང་ཟག་གོ།   ཞེས་པའི་མདོ་ཚིག་འདིས་གང་ཟག་ཁུར་བ་པོ་དང་ཕུང་པོ་ཁུར་ལྟ་བུའི་མཚན་ཉིད་མི་མཐུན་པ་བསྟན་ན།  བདག་ཕུང་ངོ་བོ་ཐ་དད་དུ་བསྟན་པར་ཐལ་ལོ།  དེ་བསྟན་ན་བདག་ཕུང་ངོ་བོ་ཐ་དད་དུ་འདོད་མཁན་རང་སྡེ་ཡོད་པར་ཐལ་ལོ།།  དེ་ལས་གཞན་དུ་བདག་ཕུང་ཁུར་དང་ཁུར་པོ་བཞིན་དུ་བསྟན་པས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་བསྟན་ཚུལ་ཇི་ལྟར་ཡིན།

མཐའ་དཔྱོད་དྲི་བ་ལྔ།
༡༽ མཐའ་དཔྱོད། ༣༠༤   ཁོ་ན་རེ། གཞན་སྐྱེ་འཕགས་པའི་མཉམ་བཞག་གི་གཟིགས་ངོ་ལ་ལྟོས་ནས་བཀག་ཡིན་གྱི།  ཟེར་བ་མི་འཐད་གསུངས་པ་དང་།  རྣམ་བཤད་དུ། གཞན་སྐྱེས་འཕགས་པའི་དོན་དམ་གྱི་གཟིགས་ངོར་བཀག་པ་ལ་འཇིག་རྟེན་གྱི་གནོད་པ་མ་ཡིན་ནོ།། གཞུང་ཚིག་སྔ་ཕྱི་མི་འགལ་ཚུལ་ཅི་ཡིན་ནམ།

༢༽ མཐའ་དཔྱོད། ༣༠༦  རང་ལུགས་ལ་འཁོར་བའི་རྩ་བ་འཛིན་སྟངས་མི་མཐུན་པ་གཉིས་མེད་པར་འདོད་དགོས་ན།  ཡུལ་གྱི་གནས་ལུགས་ལ་ལོག་པར་རྟོག་པའི་མ་རིག་པ་ཞིག་དང་ཡུལ་གྱི་གནས་ལུགས་ལ་ལོག་པར་མི་རྟོག་ཀྱང་ཡུལ་གྱི་གནས་ལུགས་མི་ཤེས་པའི་རྨོངས་ཙམ་གྱི་མ་རིག་པ་གཉིས་ཡོད་དགོས་པས།  དེ་གཉིས་འཛིན་སྟངས་མི་མཐུན་ཡང་། ་གཉིས་ཀ་འཁོར་བའི་རྩ་བ་འཇོག་དགོས་སམ་སྙམ་སྟེ།  དེ་དག་ལ་དོགས་བཅད་ནས་འཁོར་བའི་རྩ་བར་འགྱུར་བའི་མ་རིག་པའི་དོན་དང་། དེ་ལ་འཛིན་སྟངས་མི་མཐུན་པ་གཉིས་མི་འོང་བའི་རྒྱུ་མཚན་བཅས་གསལ་བར་བྲིས།

༣༽ མཐའ་དཔྱོད། རྣམ་མཁྱེན་ལ་རྣམ་མཁྱེན་སྣང་མི་སྣང་དང་རྣམ་པ་ཤར་མ་ཤར་འདོད་ཚུལ་ལ་རྗེ་ཡབ་སྲས་གསུམ་གྱི་བཞེད་པ་མི་འདྲ་བ་ཡོད་མེད་གསལ་བར་བྲིས།

 ༤༽ མཐའ་དཔྱོད། ཐལ་འགྱུར་བའི་ལུགས་ལ་བག་ཆགས་བགོ་གཞི་ལ་གཏན་དུ་བའི་བག་ཆགས་ཀྱི་གཞི་དང་རེས་འགའ་བའི་བག་ཆགས་ཀྱི་གཞི་བཞག་དགོས་ན། སེམས་ཀྱི་རྒྱུན་བག་ཆགས་ཀྱི་གཞིར་གསུངས་པའི་སེམས་ཀྱི་རྒྱུན་དགེ་མི་དགེ་སོགས་བག་ཆགས་ཀྱི་གཞིར་རུང་དང་མི་རུང་རྒྱུ་མཚན་བཅས་གསལ་བར་བྲིས།

༥༽ མཐའ་དཔྱོད། བུམ་པ་སྔར་ཡོད་ཕྱིས་མེད་པ་དེ་རྒྱུས་བསྐྱེད་པ་ཡིན་ན་བུམ་པ་སྔར་མེད་ཕྱིས་ཡོད་པ་ཡང་རྒྱུས་བསྐྱེད་པ་ཡིན་ནམ། ཡིན་ན། ཁང་པ་འདི་ནང་བུམ་པ་ཡོད་པ་ཡང་རྒྱུས་བསྐྱེད་པ་ཡིན་ན། བུམ་པ་ཡོད་པ་རྒྱུས་བསྐྱེད་པ་བཞག་དགོས་པས། དེ་རྟག་པ་མ་ཡིན་པར་ཐལ་ལོ། དེ་ལ་ལན་གནང་རོགས།

གྲུབ་བོ།།

No comments:

Post a Comment