འབྲས་བློ་གླིང་རྩེད་ཐང་ཁང་ཚན་གྱི་བར་རྒྱུགས་དང་པོའི་སྔོན་འགྲོའི་དྲི་ཤོག (༢༠༢༠)
བསམ་གཟུགས། དྲི་བ་གནང་མཁན། དགེ་བཤེས་ཕུན་ཚོགས་བསྟན་འཕེལ།
སྤྱི་དོན་དྲི་བ་བཅུ།
༡༽ སྤྱི་དོན། ༢༣༡ བདུན་པོ་དེ་དག་ཀྱང་གང་ཞེ་ན། ཞེས་གསུང་པའི་ཡིད་བྱེད་མདུན་གྱི་གོ་དོན་རེ་ངོས་འཛིན་དང་། ཡིད་བྱེད་དང་ཉེར་བསྡོགས་ལ་ཁྱད་པར་ཡོད་མེད་ཁ་གསལ་བྲིས།
༢༽ སྤྱི་དོན། ༢༣༢ འགྲེལ་པ་རྒྱལ་སྲས་མ་ལས། མཉམ་པར་གཞག་པའི་ས་པ་ཞེས་སོགས་ཀྱི་གཞུང་དོན་དང་། མཉམ་པར་གཞག་མ་གཞག་གི་གོ་དོན། ལེགས་བཤད་གསེར་ཕྲེང་ལྟར་བྱས་ན་གཞུང་འདིའི་གཞུང་དོན་ཇི་ལྟར་འགྲེལ་ལམ།
༣༽ སྤྱི་དོན། ༢༣༢ བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་སོ་སོར་རིགས་པ་ཡིད་བྱེད་དང་མཚུངས་ལྡན་གྱི་ཞི་གནས་ཡོད་པའི་ཕྱིར་དང་། ཞེས་གསུང་པ་དེ། ཡིད་བྱེད་དང་པོ་དེ་མཉམ་པར་གཞག་པ་ཡིན་པའི་རྒྱུ་མཚན་དུ་འགྲོ་ཚུལ་དང་། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར། ཞེས་གསུང་པ་དེ། བསྒྲུབ་བྱ་སྒྲུབ་བྱེད་དུ་མ་སོང་བའི་རྒྱུ་མཚན་དང་། སྤྱིར་ཞི་གནས་དང་མཚུངས་ལྡན་ཡིན་ན་མཉམ་པར་གཞག་པའི་ས་པ་ཡིན་དགོས་སམ་མི་དགོས་རྒྱུ་མཚན་དང་བཅས་ཏེ་བྲིས།
༤༽ སྤྱི་དོན། ༢༣༣ ཞེས་གསུང་པ་རྣམས་དང་འགྲིག་པ་ཡིན་ནོ།། ཞེས་གསུངས་ན། འགྲིག་པ་ཡིན་ཚུལ་དང་། ལུགས་འདི་དང་མཛོད་ལུགས་གཉིས། བསམ་གཏན་དང་པོའི་སྦྱོར་བ་མཐའི་འབྲས་བུ་ཡིད་བྱེད་དེ། དངོས་གཞིར་འཇོག་མི་འཇོག་ཁྱད་པར་ཡོད་མེད་བྲིས།
༥༽ སྤྱི་དོན། ༢༣༣ ཞི་ལྷག་གཉིས་ཀྱི་བསྡུས་པའི་ཉེར་བསྡོགས་སོ་སོར་ངོས་འཛིན་དང་། དེར་བསྡུས་ན་དེ་ཡིན་དགོས་མིན། བསྡུས་པའི་གོ་དོན་བཅས་བྲིས།
༦༽ སྤྱི་དོན། ༢༣༦ འདི་ལ་བརྟེན་ནས་ཉེར་བསྡོོགས་ལྷག་མ་བདུན་ལ། ཞེས་སོགས་གསུངས་ན། འདི་སྒྲ་འཇུག་ཡུལ་ངོས་འཛིན་ནས། ཉེར་བསྡོགས་ལྷག་མ་རྣམས་ལ་ཟག་མེད་མི་འཇོག་པའི་རྒྱུ་མཚན་འགྲོ་ཚུལ་བྲིས།
༧༽ སྤྱི་དོན། ༢༣༩ སྤྱིར་ན་ཞི་ལྷག་གཉིས་པོ་འགལ་བ་ཁོ་ན་ཁས་བླང་དགོས་པས། དེ་ཉིད་ངོ་བོ་གཅིག་ཏུ་འབྱུང་བ་སོགས་མི་འཐད་ཅིང་། ཞེས་སོགས་ཀྱི་གཞུང་དོན་དང་། འཇོག་སྒོམ་དང་དཔྱད་སྒོམ་གཉིས་ཀྱི་གོ་དོན། དེ་གཉིས་འགལ་མི་འགལ། འཇོག་སྒོམ། ཞི་གནས་ཀྱི་སྒོམ། ཏིང་ངེ་འཛིན་གྱི་སྒོམ་ལ་ཁྱད་པར་ཡོད་མེད། ཞི་ལྷག་གཉིས་ཀྱི་སྒོམ་ལ་དེ་དང་དེ་ཡིན་དགོས་མིན་རྒྱུ་མཚན་དང་བཅས་ཏེ་བྲིས།།
༨༽ སྤྱི་དོན། ༢༣༩ བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད་ངོས་བཟུང་ནས། ཡན་ལག་གི་སྒོ་ནས་རང་གི་འོག་ས་ལས་འདས་ཞེས་པའི་གོ་དོན། སྤངས་བྱ་ཅིག་ཅར་བའི་དགྲ་བཅོམ་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་སྐད་ཅིག་དང་པོ་དེ། དངོས་གཞིའི་མཚན་ཉིད་ཚང་མ་ཚང་དང་། གཟུགས་མེད་ཀྱི་དངོས་གཞི་རྣམས་ཡན་ལག་སྒོ་ནས་རང་གི་འོག་ས་ལས་འདས་པ་ཡིན་མིན་རྒྱུ་མཚན་ཁ་གསལ་བྲིས།
༩༽ སྤྱི་དོན། ༢༤༢ དེ་ལྟར་ཡང་མཛོད་ལས། དག་པ་མཉམ་པའི་ཆ་མཐུན་སོགས།། ཞེས་སོགས་ཀྱི་ཚིག་དོན་གྱི་ཐོག་ནས་བསམ་གཏན་དངོས་གཞིའི་སྙོམས་འཇུག་དག་པ་བ་བཞིའི་གོ་དོན་ངོས་འཛིན་དང་། སྙོམས་འཇུག་དག་པ་བ་བཞི་པོ་རང་རང་གིས་འཇུག་ཐོགས་སུ་སྙོམས་འཇུག་དག་པ་བ་ཇི་ཙམ་འདྲེན་པ་ཡོད་མེད་དང་། བཞི་པོ་འགལ་བ་ཡིན་མིན་རྒྱུ་མཚན་དང་བཅས་ཏེ་བྲིས།
༡༠༽ སྤྱི་དོན། ༢༤༣ འོ་ན་སྙོམས་འཇུག་ཉོན་མོངས་ཅན་ཇི་ལྟ་བུ་ཞེ་ན། ཞེས་གསུངས་པ་ལྟར། གང་ཉོན་མོངས་པར་བྱ་བའི་གཞི་སོགས་ངོས་འཛིན་དང་། གང་གི་ཉོན་མོངས་པར་བྱེད་པའི་ཆོས་ལ་སྒྲིབ་ལུང་མ་བསྟན་གྱི་ཐེ་ཚོམ་སོགས་མི་འཇོག་པར་སྲེད་པ་སོགས་བཞིར་གྲངས་ངེས་པ་ཡིན་མིན། སྙོམས་འཇུག་ཉོན་མོངས་ཅན་གྱི་དོན་བཅས་བྲིས།།
༡༡༽ སྤྱི་དོན། ༢༤༥ བསམ་གཏན་གྱི་ཡན་ལག་གང་ཞེ་ན། ཞེས་གསུངས་པ་ལྟར་བསམ་གཏན་བཞི་ཡི་ཡན་ལག་ཇི་ཡོད་སོ་སོར་ངོས་འཛིན་དང་། ལུགས་འདི་དང་མཛོད་པ་གཉིས། ཡན་ལག་སོ་སོའི་མཚན་གཞི་འཇོག་ཚུལ་ལ་མི་འདྲ་བ་གང་དང་གང་ཡོད་མེད་གསལ་པོ་བྲིས།
མཐའ་དཔྱོད་དྲི་བ་བཅུ།
༡༽མཐའ་དཔྱོད། རང་ལུགས་ཀྱི་འཇུག་སྒྲུབ་ཀྱི་མཚན་ཉིད་ངོས་འཛིན་དང་། སྤྱིར་སྒོམ་དང་། སྒོམ་བྱུང་། ཉམས་ལེན་གསུམ་གྱི་གོ་དོན་རེ་ངོས་བཟུང་ནས། ཐེག་ཆེན་གྱི་མཐོང་སྡུག་བསྔལ་ཆོས་བཟོད་ཀྱི་འབྲས་བུ་རྣམ་མཁྱེན་ཉམས་སུ་ལེན་པའམ་སྒོམ་པ་སོགས་ཡིན་མིན་རྒྱུ་མཚན་དང་བཅས་སྟེ་བྲིས།
༢༽ མཐའ་དཔྱོད་ལས། རིགས་པ་འདི་ལ་རྟེན་ནས། ཞེས་པའི་རིགས་པ་ངོས་འཛིན་དང་། བསམ་གཏན་དང་པོའི་སྙོམས་འཇུག་ཡིན་ན། གཉེན་པའི་ཡན་ལག་དང་།ཕན་ཡོན་གྱི་ཡན་ལག་ལྡན་པའི་ཁྱབ་པ་ཡོད་མེད་དང་། བསམ་གཏན་གྱི་དངོས་གཞི་ལ་གཉེན་པོའི་ཡན་ལག་མ་ཚང་ན། མཛོད་ལས། དང་པོ་ལ་ལྔ་ རྟོག་དཔྱོད་དང་།། ཞེས་སོགས་ཡན་ལག་ལྔ་པོ་བསམ་གཏན་དང་པོའི་ཡན་ལག་དུ་གསུང་པ་དང་མི་འགལ་བའི་ཚུལ་བྲིས།
༣༽ མཐའ་དཔྱོད། བསམ་གཏན་དང་པོའི་ཉེར་བསྡོགས་རྣམས་ཀྱིས། འཇིག་རྟེན་པའི་སྒོམ་སྤང་འདོད་ཉོན་ཆེ་འབྲིང་དགུ་རིམ་གྱི་སྤང་པ་ཡིན་ནམ། ཅིག་ཅར་དུ་སྤང་པ་ཡིན། དང་པོ་ལྟ་ན། མཐའ་དཔྱོད་ལས། འཇིག་རྟེན་པའི་སྒོམ་སྤངས་འདོད་ཉོན་ཆེ་འབྲིང་དགུ་ཅིག་ཅར་དུ་སྤངས་པ་འཐད་པ་ཐལ། ཁྱོད་འདོད་པའི་ཕྱིར་ཞེ་ན། འདོད་དམ་སྙམ་སྟེ། ཞེས་གསུང་པའི་གཞུང་དོན་གང་ཡིན། གཉིས་པ་ལྟ་ན། གསེར་ཕྲེང་ལས། དགའ་བ་སྡུས་པ་ནི་ལམ་རྣམས་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ།། ཞེས་གསུང་པ་དང་། སྤྱི་དོན་ལས། དེའི་མཇུག་ཏུ་འདོད་ཉོན་ཆེན་པོ་བསྐོར་གསུམ་མངོན་གྱུར་བ་རིམ་པ་བཞིན་དུ་སྤངས་ནས། ཞེས་གསུང་པ་དང་མི་འགལ་བའི་ཚུལ་བྲིས།
༤༽ མཐའ་དཔྱོད་ལས། གཞན་ཡང་། ལུས་ཤིན་སྦྱངས་ཡིན་ན། རེག་བྱའི་སྐྱེ་མཆེད་ཡིན་དགོས་པར་ཐལ། ལུས་ཡིན་ན་རེག་བྱའི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར། ཞེས་གསུང་པ་དང་། ཡང་གཞུང་གཞན་ལས། ལུས་ལ་ཕྱིའི་ལུས་དང་ནང་གི་ལུས་ཀྱི་དབྱེ་བ་གསུང་པ་དང་། ཡང་སྐབས་བཞི་པའི་མཐའ་དཔྱོད་ལས། ལུས་དང་ལུས་དབང་དོན་གཅིག། ཞེས་གཞུང་ལས་གསུང་ཚུལ་མི་འདྲ་བ་འདུག་པས་འགལ་སྤོང་ཇི་ལྟར་བྱེད།
༥༽ མཐའ་དཔྱོད། ལུས་ཤིན་སྦྱངས་དང་སེམས་ཤིན་སྦྱངས་གཉིས་ཀྱིས་གོ་དོན་རེ་ངོས་བཟུང་ནས། དེ་གཉིས་ཐོབ་སྔ་ཕྱི་ཡོད་མེད། གཞུང་གང་ལས་གསུང་གསལ་པོ་བྲིས།
༦༽ མཐའ་དཔྱོད། ཞི་ལྷག་གཉིས་ཀྱི་མཚན་ཉིད་དང་། ཤིན་སྦྱངས་ཀྱིས་ཟིན་པའི་དོན། མཛོད་ལས། དད་དང་བག་ཡོད་ཤིན་ཏུ་སྦྱངས། །ཞེས་གསུངས་པ་ལྟར། ལུགས་འདིར་དགེ་སེམས་གང་ཡིན་གྱི་འཁོར་ལ་ཤིན་སྦྱངས་ཡོད་པས་ཁྱབ་པ་འདོད་དམ་མི་འདོད། འདོད་ན། ནང་ཉིད་ལ་སེམས་འཇོག་པ་སོགས་ཏིང་ངེསའཛིན་་དགུ་པོ་དེ། ཞི་གནས་མིན་པའི་རྒྱུ་མཚན་ཅི། དོགས་ལན་རྒྱུ་མཚན་བཅས་ཁ་གསལ་ཞིག་བྲིས།
༧༽ མཐའ་དཔྱོད་ལས། བསམ་གཟུགས་ཀྱི་དངོས་གཞིའི་སྙོམས་འཇུག་གཉིས་ཀྱི་མཚན་ཉིད་འཇོག་རྒྱུ་དང་། དམིགས་པ་དང་ཡན་ལག་གཉིས་ལས། ཡན་ལག་གི་སྒོ་ནས་འོག་ས་ལས་འདའ་ཚུལ་དང་། དམིགས་པའི་སྒོ་ནས་འོག་ས་ལས་འདའ་ཚུལ། ཀུན་མཁྱེན་བླ་མས། རྣམ་མཁྱེན་དེ་བསམ་གཟུགས་བརྒྱད་ཀ་ཡིན་པར་གསུངས་པ་བཞིན་རང་ལུགས་ལ་ཁས་བླང་རིགས་སམ་རིགས་སྒྲུབ་བྱེད་དང་བཅས་གསལ་བར་བྲིས།
༨༽ ཡན་ལག་བཞི་པའི་དཔུང་གི་ནང་ཚན་གྱི་རྟ་པའི་ཚོགས་དེ་དམག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་དཔེ་དོན་སྦྱོར་བའི་ཕྱིར། ཞེས་གསུངས་པ་ལྟར། དཔེ་དོན་སྦྱོར་ཚུལ་དང་། དགའ་བདེ་ཕན་ཡོན་གྱི་ཡན་ལག་ལྡན་མི་ལྡན་གྱི་ཚད། བསམ་གཏན་དང་པོའི་ཡན་ལག་ཏུ་གྱུར་རྟོག་པ་དེ། ཚོར་བ་ཡིད་བདེའི་ས་པའི་རིགས་གནས་ཡིན་པས། དགའ་བདེ་མི་ལྡན་པའི་རྒྱུ་མཚན་གསལ་པོ་བྲིས།
༩༽ མཐའ་དཔྱོད། འབྲས་བུ་སྐྱེ་བའི་བསམ་གཏན་གྱི་མཚན་ཉིད་ངོས་འཛིན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་དང་། རྒྱུ་སྙོམས་འཇུག་གི་བསམ་གཏན་གཉིས་ཀྱི་འགལ་མི་འགལ་གྱི་ཁྱད་པར། ཚངས་རིས་རྟེན་ཅན་གྱི་བྱང་འཕགས་དེ། འབྲས་བུ་སྐྱེ་བའི་བསམ་གཏན་ཡིན་མིན་གྱི་རྒྱུ་མཚན་དང་བཅས་བྲིས།།
༡༠༽ མཐའ་དཔྱོད། འོ་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ། ས་ཐོབ་ནས་ཡོད་དམ་མེད་ཅེ་ན། དེ་ནི་ས་ཐོབ་ནས་སྨོན་སེམས་ཁས་ལེན་མི་ལེན་ལ་ཐུག་གོ། ཞེས་པའི་ཐུག་ཚུལ་དང་། དབུ་མའི་སྤྱི་དོན་དུ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ས་བདུན་པའི་བར་འཇོག་པར་གསུངས་པ་དང་མི་འགལ་ཚུལ་བྲིས།
རྣམ་བཤད་དྲི་བ་ལྔ།
༡༽ རྣམ་བཤད་ (༢༩༠) ལས། རྒྱུ་ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་དང་། དེའི་འབྲས་བུ་ལ་འཇུག་པ་གཉིས་སུ་ངེས་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། ཞེས་པའི་གསུམ་པོ་ངོས་འཛིན་དང་། འཇུག་གྲུབ་དགུ་པོ་དེ་གསུམ་ནང་བསྡུ་ཚུལ། རྒྱུ་ལ་འཇུག་པ་དང་། འབྲས་བུ་ལ་འཇུག་པའི་གོ་དོན། ཆེན་པོ་གསུམ་ལ་འཇུག་པ་དེ་འབྲས་བུ་ལ་འཇུག་པ་མིན་པའི་རྒྱུ་མཚན། མི་དམིག་པ་ལ་འཇུག་པ་དང་། འཁོར་གསུམ་དག་པའི་སྒོ་ནས་འཇུག་པ་དེ་རྒྱུ་ལ་འཇུག་པ་ཡིན་ཚུལ་བྲིས།
༢༽ རྣམ་བཤད་ (༢༩༤) ལས། ཡིད་བྱེད་དང་པོ་དེས་འདོད་པ་རྣམས་ལ་རགས་པ་དང་བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་བལྟས་ནས་ཐོས་བསམ་གྱིས་དཔྱོད་པར་བྱེད་པ་ཡིན་ལ། ཞེས་གསུང་པ་ལྟར། ཡིད་བྱེད་ཀྱི་དང་པོ་དེས་ཞི་རགས་སུ་བལྟ་བར་གསུང་པའི་གོ་དོན། ཞི་རགས་རྣམ་ཅན་ཞེས་པ་གཉིས་ཀའི་རྣམ་པ་ཅན་ནམ་དེ་ལས་གཞན་གང་ཡིན། དང་པོ་ལྟར་ན། གཞུང་ལས། བློ་གཅིག་ལ་འཛིན་སྟངས་མི་མཐུན་པ་གཉིས་མེད་པ་གསུངས་པ་དང་། འགྲེལ་པ་རྒྱལ་སྲས་མ་ལས། རགས་པའི་མཚན་ཉིད་དུ་རིག་པར་བྱེད་པ་དེ་མེད་པའི་ཕྱིར། ཞེས་སོགས་གསུང་པ་དང་འགལ་བས། ཡང་ན་དེ་ལས་གཞན་གང་ཡིན་གསལ་པོ་བྲིས།།
༣༽ རྣམ་བཤདལས། བསམ་གཏན་ལ་དང་པོ་ནས་བཞི་པའི་བར་དང༌། གཟུགས་མེད་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་བཞིའོ།། ཞེས་སོགས་ཀྱི་སྐབས་སུ། བསམ་གཟུགས་བརྒྱད་པོ་སོ་སོ་ལ་ཉོན་མོངས་ཅན་དང་། དག་པ་བ་དང་། ཟག་མེད་གསུམ་གང་དང་གང་ཡོད་མེད་རྣམ་བཤད་ལྟར་བྲིས།
༤༽ རྣམ་བཤད་ (༢༩༥) ལས། གཉིས་པ་ངོ་བོ་ལ་གཉིས། དངོས་ཀྱི་དོན་དང་། ཞེས་སོགས་གསུངས་པ་ལྟར། རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེས་བའི་བསམ་གཏན་གྱི་དོན་རྣམས་བཤད་ལྟར་ངོས་བཟུང་ནས། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། བསམ་གཏན་དངོས་གཞི་གཉིས་ཀྱི་ཁྱད་པར་དང་། བྱང་སེམས་འཕགས་པའི་རྒྱུད་ལ་སྤྱིར་ཀུན་འབྱུང་བདེན་པ་འམ། ཀུན་འབྱུང་བདེན་པར་རྒྱུར་པའི་དངོས་གཞི་ཡོད་མེད་རྒྱུ་མཚན་གསལ་པོ་བྲིས།
༥༽ རྣམ་བཤད་ (༣༠༠) ལས། བསམ་གཏན་རྣམས་ནི། བདེ་སྡུག་གི་ཚོར་བ་མངོན་གྱུར་ཕྲ་རགས་ལས་ངེས་པར་འབྱུང་བ་ཚོལ་བར་བྱེད་ཀྱི། ཞེས་སོགས་གསུངས་པ་ལྟར། ཚོར་བ་བཞི་པོའི་གོ་དོན་རེ་ངོས་བཟུང་ནས། ཚོར་བའི་དབང་པོ་དེ་དག་ལས་འདོད་ཆགས་བྲལ་བས་རིམ་པས་བསམ་གཏན་བཞི་གཞག་ཚུལ། ཚོ་བ་བཞི་པོ་ཕན་ཚུན་འགལ་མི་འགལ་གསལ་པོ་བྲིས།
གྲུབ་བོ།།
No comments:
Post a Comment