འབྲས་བློ་གླིང་རྩེད་ཐང་ཁང་ཚན་གྱི་བར་རྒྱུགས་དང་པོའི་སྔོན་འགྲོའི་དྲི་ཤོག (༢༠༢༠)
རྟགས་རིགས། དྲི་བ་གནང་མཁན། དགེ་བཤེས་བསྟན་འཛིན་དཔལ་མཆོག
༡༽ རྗེས་དཔག་གི་རྟེན་དང་རྗེས་དཔག་གི་གཏན་ཚིགས་གཉིས་ལ་མུ་གསུམ་མུ་བཞི་ཁྱད་པར་གང་ཡོད་གསལ་བར་བྲིས།
༢༽ བདག་མེད་ཡིན་ན་སྤྱིར་རྟགས་སུ་བཀོད་པ་དང་། བྱེ་བྲག་ཏུ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་ཡིན་པས་ཁྱབ་ཀྱང་། ཞེས་གསུངས་ན། པཎ་ཆེན་རང་ལུགས་ལ་རྟགས་རིགས་ཚིག་ཟིན་ལྟར་ཁས་ལེན་ཐུབ་བམ་མི་ཐུབ་ལུང་རིགས་དང་བཅས་གང་རྒྱས་བྲིས།
༣༽ ཕྱོགས་ཆོས་ཀྱི་ལྟོས་གཞི་དང་། རྗེས་ཁྱབ་ཀྱི་ལྟོས་གཞི། ལྡོག་ཁྱབ་ཀྱི་ལྟོས་གཞི་གསུམ་གྱི་གོ་དོན་རེ་བྲིས།
༤༽ སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་མཚན་ཉིད་དང་། མཚན་ཉིད་ནང་སྒྲུབ་ཚུལ་ལྟར་ཞེས་གསུངས་པ་ལ་དམིགས་བསལ་གོ་བ་གང་ཡོད་བཅས་གསལ་བར་བྲིས།
༥༽ སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་དང་མི་མཐུན་དཔེའི་མཚན་ཉིད་ཀྱི་ནང་དུ་མཐུན་དཔེ་ཡང་དག་གི་མཚན་ཉིད་དང་ལྡན། མི་མཐུན་དཔེ་ཡང་དག་གི་མཚན་ཉིད་དང་ལྡན། ཞེས་གསུངས་པའི་མཚན་ཉིད་དེ་གང་ཡིན་ངོས་ཟུངས་ཤིག
༦༽ རྟགས་ཡང་དག་གི་མཚན་ཉིད་བསྟན་པའི་རྣམ་འགྲེལ་རྩ་བའི་གཞུང་ཚིག་ངོས་བཟུང་ནས། དེའི་གཞུང་སྦྱོར་འགོད་རྒྱུ།
༧༽ གཞི་ལ་སྦྱར་ནས་ཕྱོགས་ཆོས་ཀྱི་མཚན་ཉིད་དང་། དེའི་གཅད་བྱ་ཇི་ཡོད་བྲིས་ནས། བུམ་པ་མཚོན་བྱ་སྒྲུབ་པ་ལ་བཏགས་ཡོད་ཆོས་གསུམ་ཚང་བ་རྟགས་སུ་བཀོད་པའི་ཚེ། ཡོད་པ་ཉིད་ཅེས་པ་ཚང་ངམ་མ་ཚང་གསལ་བར་བྲིས།
༨༽ རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་མཚན་ཉིད་དང་། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པ་ལ་ཚད་མ་ག་ཚོད་ཡོད་རེ་རེ་ནས་བྲིས།
༩༽ གཉིས་པ་རྟགསཡང་དག་གི་དབྱེ་བ་ལ་དྲུག ཅེས་་པའི་དྲུག་ངོས་བཟུང་ནས། མིང་དེ་ལྟར་བཏགས་པའི་རྒྱུ་མཚན་གསལ་བར་བྲིས།
༡༠༽ འབྲས་རྟགས་ཡང་དག་བསྟན་པའི་མདོ་དང་བསྟན་བཅོས། རྩ་ཚིག་དེའི་གཞུང་སྦྱོར་དགོད་རྒྱུ་དང་། དཔེའི་འབྲས་རྟགས་དང་དོན་གྱི་འབྲས་རྟགསརྣམས་རེ་རེ་ནས་བྲིས།
༡༡༽ འབྲས་རྟགས་ཡང་དག་ལྔ་པོ་སོ་སོའི་དོན་དང་། མཚན་གཞི་ངོས་བཟུང་ནས། འབྲས་རྟགས་ལ་དེ་ལྔ་པོ་གང་རུང་ཡིན་པས་ཁྱབ་བམ་མ་ཁྱབ་བཅས་གསལ་བར་བྲིས།
༡༢༽ རང་བཞིན་གྱི་རྟགས་ཡང་དག་བསྟན་པའི་མདོ་དང་བསྟན་བཅོས་ངོས་བཟུང་ནས། དེའི་གཞུང་སྦྱོར་འགོད་དང་།
༡༣༽ ཁྱད་པར་ལྟོས་པ་བ་དང་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ཀྱི་་མཚན་ཉིད་ངོས་བཟུང་ནས། བྱེད་པ་པོ་འཕེན་ཞེས་པ་དེ་གང་ཡིན་གསལ་བར་བྲིས།
༡༤༽ མ་དམིགས་པའི་རྟགས་ཡང་དག་བསྟན་པའི་མདོ་དང་བསྟན་བཅོས་ངོས་བཟུང་ནས། དེ་གཉིས་རེ་རེས་མི་སྣང་བ་དང་སྣང་རུང་མ་དམིགས་པ་གཉིས་ཀ་བསྟན་ཚུལ་གསལ་བར་བྲིས།
༡༥༽ གཞི་ལ་བཀར་ནས་མི་སྣང་བ་དང་སྣང་རུང་མ་དམིགས་པའི་རྟགས་ཡང་དག་མཚན་གཞག་རྒྱུ་དང་། མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་དགག་བྱའི་ཆོས་གཉིས་ལ་ཁྱད་པར་གང་ཡོད། སྣང་རུང་མ་དམིགས་པའི་རྟགས་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་དགག་བྱའི་ཆོས་གཉིས་ལ་ཁྱད་པར་གང་ཡོད་བཅས་བྲིས།
གྲུབ་བོ།།
No comments:
Post a Comment