Monday, June 8, 2020

སྐབས་བཞི་པ་འཛིན་གྲྭའི་་དྲི་བ།


འབྲས་བློ་གླིང་རྩེད་ཐང་ཁང་ཚན་གྱི་བར་རྒྱུགས་ཀྱི་སྔོན་འགྲོའི་དྲི་ཤོག (༢༠༢༠)
སྐབས་བཞི་པ།   དྲི་བ་གནང་མཁན། དགེ་བཤེས་བསྟན་འཛིན་དཔལ་མཆོག

སྤྱི་དོན་དྲི་བ་བཅུ།
༡༽  སྤྱི་དོན། གཞི་ཤེས་མཚོན་བྱེད་ཆོས་ཇི་ཡོད་ངོས་བཟུང་ནས། དེ་དག་གིས་གཞི་ཤེས་མཚོན་ཚུལ། རྒྱན་འདིར་གཞི་ཤེས་བསྟན་པའི་དགོས་པ་ལ་གསེར་ཕྲེང་དང་རྣམ་བཤད་མཐུན་མིན། མི་མཐུན་ན་རང་ལུགས་གང་གི་རྗེས་སུ་འབྲང་སྒྲུབ་བྱེད་དང་བཅས་གསལ་བར་བྲིས།

༢༽ སྤྱི་དོན། རྣམ་པ་བརྒྱ་དོན་གསུམ་ནང་མི་རྟག་སོགས་བཅུ་དྲུག་དང་སྟོང་ཉིད་ལན་མང་པོ་བྱུང་ཡང་། ཟློས་སྐྱོན་མེད་པར་མ་ཟད། དགོས་པ་ཁྱད་པར་ཅན་ཡོད་ངེས་པས། ཟློས་སྐྱོན་མེད་ཚུལ་དང་། དགོས་པ་ཁྱད་པར་ཅན་གང་ཡོད་རྒྱུ་མཚན་དང་བཅས་གསལ་བར་བྲིས།

༣༽ སྤྱི་དོན། མཁྱེན་གསུམ་བསྡུས་ནས་སྒོམ་ཚུལ་དེ་རྣམ་པ་བརྒྱ་དོན་གསུམ་རིམ་ཅན་དུ་སྒོམ་ཚུལ་ཡིན་ནམ་མིན། ཡིན་ན། ཕར་ཕྱིན་ལམ་བསྒྲིགས་སུ། མཁྱེན་པ་གསུམ་གྱི་རྣམ་པ་རྣམས་བདེན་པའི་སྐྱེ་མེད་དུ་བསྡུས་ནས་སྒོམ་པ་ནི་མཉམ་གཞག་གི་གཙོ་ ིབོ་འབའ་ཞིག་ཏུ་ཟད་པས་དེ་ཙམ་གྱིས་བསྡུས་སྒོམ་གྱི་དོན་མི་རྫོགས་པར་གསུངས་པ་ལ་བརྟག་ན། ་དེ་ཡང་བསྡུས་སྒོམ་ཡིན་པར་ཤུགས་ཀྱིས་གོ་བས་དེའི་ཚུལ་དང་། མིན་ན། རྣམ་བཤད་དུ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་བསྒོམ་པ་བསྡུས་ནས་སྒོམ་པའི་དོན་དུ་གསུངས་པ་ཇི་ལྟར་འགྲེལ། དེ་དག་ལ་དོགས་པ་བཅད་ནས་རྣམ་རྫོགས་སྦྱོར་བའི་འཛིན་སྟངས་ཡུལ་དུ་བསྡུས་ནས་སྒོམ་ཚུལ་གསལ་བར་བྲིས།

༤༽ སྤྱི་དོན། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ངོས་འཛིན་དང་། དེ་དག་ལས་ལམ་བདེན་གྱི་རྣམ་པ་བཅོ་ལྔ་བཞག་ཚུལ་རང་རྒྱུད་པ་གཉིས་མཐུན་ནམ་མི་མཐུན་ལུང་རིགས་དང་བཅས་གསལ་བར་བྲིས།

༥༽ སྤྱི་དོན། ཐུན་མོང་བའི་རྣམ་ཐར་སྒོ་གསུམ་ལ། མཛོད་དང་ཀུན་བཏུས་ཀྱི་མི་རྟག་སོགས་བཅུ་དྲུག་ལ་སྦྱར་ནས་སྒོམ་ཚུལ་དང་། ཆོས་ཀྱི་སྡོམ་བཞི་དང་ཡན་ལག་བཅུ་གཉིས་འཇུག་ལྡོག་ལ་སྦྱར་ནས་སྒོམ་ཚུལ་རེ་རེ་བཞིན་བྲིས་ནས། དེ་དག་ལས་འགྲེལ་ཆུང་འདིར་གང་དང་མཐུན་པར་གསུངས་གསལ་བར་བྲིས།

༦༽ སྤྱི་དོན། རྣམ་ཐར་གསུམ་གྱི་སེམས་རྟེན་ལ་ལ་རབ་མཐའི་བསམ་གཏན་བཞི་པ་དགོས་པར་ཀུན་བཏུས་ལས་གསུངས་ན། རབ་མཐའི་བསམ་གཏན་གྱི་གོ་དོན་ལ་མངོན་པ་གོང་འོག་གཉིས་མཐུན་ནམ་མཐུན། མི་མཐུན་ན། པཎ་ཆེན་ཀུན་བཏུས་དཀའ་འགྲེལ་དུ། མཛོད་ལས་འབྱུང་བ་དང་མི་མཐུན་པ་མེད་པར་གསུངས་པའི་དགོངས་པ་གང་ཡིན་དང་། མཛོད་ལུགས་རབ་མཐའི་བསམ་གཏན་གྱི་གོ་དོན་གང་ཡིན། ཀུན་བཏུས་ལུགས་ལའང་དར་ཊཱིཀ་དང་གསེར་ཕྲེང་གཉིས་རབ་མཐའི་གོ་དོན་ལ་མི་འདྲ་བར་གསུངས་པས། དེ་གཉིས་ངོས་བཟུང་ནས་རང་ལུགས་གང་གི་རྗེས་སུ་འབྲང་ན་ལེགས་རྒྱུ་མཚན་དང་བཅས་བྲིས།

༧༽ སྤྱི་དོན། འགོག་སྙོམས་འདས་ལམ་གྱི་ངོ་བོར་སྐྱེས་མི་ནུས་པར་གསུངས་ན། བྱང་འཕགས་རྒྱུད་ཀྱི་འགོག་པ་མཉམ་པར་གཞག་བཞིན་པའི་སྲིད་རྩེའི་དངོས་གཞི་དེ་འདས་ལམ་ཡིན་ནམ་མིན། མིན་ན། འགོག་པའི་རྣམ་ཐར་འདས་ལམ་གྱི་ངོ་བོར་སྐྱེད་ནུས་ཞེས་པའི་འདས་ལམ་དེ་གང་འཇོག །ཡིན་ན། དེ་ལ་འགོག་སྙོམས་ཀྱི་མཚན་ཉིད་གང་མ་ཚང་ཞེས་པའི་དོགས་ལན་གང་རྒྱས་བྲིས།

༨༽ སྤྱི་དོན། ཀུན་གཞིའི་མཚན་ཉིད་ངོས་བཟུང་ནས། དེའི་ཁྱད་ཆོས་རྣམས་ཀུན་གཞི་རྩ་བ་ལ་སྦྱར་རྒྱུ་དང་། ཀུན་གཞིའི་དམིགས་པ་དང་དེའི་གཟུང་ཆ་དང་དེའི་ཡུལ་གསུམ་ལ་ཁྱད་པར་གང་ཡོད་བཅས་གསལ་བར་བྲིས།

༩༽ སྤྱི་དོན། ཀུན་གཞིའི་ལྡོག་མཚམས་ལ་ཐེག་པ་ཆེ་ཆུང་གི་དབྱེ་བས་དགྲ་བཅོམ་དང་ས་བརྒྱད་པ་ནས་ལྡོག་ཟེར་བ་དང་། ཡང་ལྷག་མེད་དང་སངས་རྒྱས་པ་ནས་ལྡོག་ཟེར་བ་གཉིས་སྣང་བས་རང་ལུགས་གང་ཡིན་རྒྱུ་མཚན་བཅས་བྲིས་རྒྱུ་དང་། རིགས་ཀྱི་ཀུན་གཞི་དང་རྫས་ཀྱི་ཀུན་གཞིའི་གོ་དོན་གང་ཡིན་གསལ་བར་བྲིས།

༡༠༽ སྤྱི་དོན། ཀུན་གཞི་སྒྲུབ་པའི་རིགས་པ་ཇི་ཡོད་ཀྱི་རྟགས་སྦྱོར་འགོད་རྒྱུ་དང་། དེ་དག་ལ་ཀུན་གཞི་དངོས་སྒྲུབ་པའི་རིགས་པ་ཇི་ཡོད། རྩོད་སྤོང་གི་རིགས་པ་ཇི་ཡོད་མ་ནོར་བ་བྲིས།

མཐའ་དཔྱོད་དྲི་བ་བཅུ།
༡༽ མཐའ་དཔྱོད། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དང་པོ་གཉིས་ཀྱི་མཚན་ཉིད་གཞག་རྒྱུ་དང་། ཀུན་རྫོབ་ལ་ལྟོས་ཏེ་སྲིད་མཐའ་དང་ཞི་མཐའ། དོན་དམ་ལ་ལྟོས་ཏེ་སྲིད་མཐའ་དང་ཞི་མཐའ། བྱང་སེམས་ལམ་ལ་ལྟོས་ཏེ་སྲིད་མཐའ་དང་ཞི་མཐའ་བཅས་ཀྱི་གོ་དོན་གང་ཡིན་དང་། ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་འཁོར་བའི་སྐྱོན་རྟོགས་སམ་མ་རྟོགས། རྟོགས་ན། ཀུན་རྫོབ་སྣང་བར་ཐལ་ལོ།། མ་རྟོགས་ན། སྲིད་མཐའ་འགོག་བྱེད་ལ་དེ་རྟོགས་དགོས་པར་རྣམ་བཤད་ལས་གསུངས་པས་སྲིད་མཐའ་འགོག་བྱེད་མིན་པར་ཐལ་ཞིང་། འདོད་མི་ནུས་པ་ནི། སྲིད་ཞི་གཉིས་ཀའི་མཐའ་འགོག་བྱེད་དུ་མཐའ་དཔྱོད་ལསགསུངས་པའི་ཕྱིར། ཞེས་པ་ལ་ལན་ཇི་ལྟར་འདེབསགསལ་བར་བྲིས།

༢༽ མཐའ་དཔྱོད། རྣམ་རྫོགས་སྦྱོར་བའི་ཁ་ཅིག་གི་མཚན་ཉིད་ཇི་ཡོད་དང་དེ་དག་མི་འཐད་ཚུལ། སྤྱིར་ཆོས་དེ་སྒོམ་པའི་དོན། གཞུང་རྣམས་ལས་སྒོམས་ཚུལ་གྱི་དབྱེ་བ་མི་འདྲ་བ་གསུངས་པ་རྣམས་ངོས་འཛིན་དང་། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིསམཁྱེན་གསུམ་གྱི་རྣམ་པ་བསྒོམ་ན་ཡུལ་དུ་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་བྲིས།                                              

༣༽ མཐའ་དཔྱོད། མཁྱེན་པ་གསུམ་སོ་སོའི་སྒོམ་བྱེད་གཉེན་པོའི་རྣམ་པ་གསུམ་གྱི་མཚན་ཉིད་ངོས་བཟུང་ནས། དེ་དག་དོན་གཅིག་ཡིན་ནམ་མིན། སྤྱིར་བསྒོམ་བྱའི་རྣམ་པ་དང་སྒོམ་བྱེད་གཉེན་པོའི་རྣམ་པ་གཉིས་ལ་ཁྱད་པར་གང་ཡོད་བཅས་གསལ་བར་བྲིས།

༤༽ མཐའ་དཔྱོད། སྒྲིབ་པ་གཉིས་ཀྱི་མཚན་ཉིད་ལ་ཁ་ཅིག་དང་རང་ལུགས་ཀྱི་སྒྲིབ་པ་གཉིས་ཀྱི་མཚན་ཉིད་ངོས་འཛིན་དང་། སྤྱི་དོན་ལས་དམན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་དོན་གཅིག་མིན་གང་བདེ་བྱ་བར་གསུངས་ཀྱང་། མཐའ་དཔྱོད་དུ་དེ་དང་ཐར་ལམ་གྱི་གཞི་མཐུན་གསུངས་པས། དགོངས་པ་དངོས་གང་ཡིན། ཆགས་ཐོགས་དམན་པའི་སྒྲིབ་པ་གསུམ་གྱི་དོན་གང་ཡིན་བཅས་བྲིས།

༥༽ མཐའ་དཔྱོད། བྱང་སེམས་འཕགས་པས་གཞན་དོན་སྒྲུབ་པའི་གྲོགས་སུ་གྱུར་པའི་ཉོན་མོངས་དེ་ཉོན་མོངས་དང་ཀུན་འབྱུང་བདེན་པ་ཡིན་མིན་རྒྱུ་མཚན་དང་། དེས་ཉོན་མོངས་པའི་ཉེས་པ་སྐྱེས་པ་ཡོད་མེད། སྤྱིར་ཐར་པ་ཐོབ་པ་ལ་གེགས་བྱེད་ཚུལ་བྲིས།            

༦༽ མཐའ་དཔྱོད། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་ངོས་བཟུང་ནས། རིགས་གནས་ཀྱི་གཅད་བྱ་དང་བསྡུ་བྱ་གང་ཡོད། སྡེ་ཚན་མཚན་ཉིད་པ་དང་རིགས་འདྲ་མཚན་ཉིད་པ་གཉིས་ལ་ཁྱད་པར་ཡོད་མེད་བཅས་གསལ་བར་བྲིས།

༧༽ མཐའ་དཔྱོད། རང་ལུགས་དྲན་ཉེར་གཞག་གི་མཚན་ཉིད་དང་། ས་མཚམས། ལུས་དྲན་པ་ཉེར་བཞག་གི་དམིགས་པ་ལུས་དེ་གཟུགས་དོན་གཅིག་ཡིན་ནམ་མིན། ཡིན་ན། བསམ་གཟུགས་སྐབས་ལུས་ཡིན་ན་རེག་བྱའི་སྐྱེ་མཆེད་ཡིན་དགོས་པར་གསུངས་པ་དང་་མི་འགལ་ཚུལ་གང་ཡིན། དེ་གཉིས་ཚིག་ཟིན་གང་ཁས་བླངས་ཀྱང་། འོག་ཏུ་དབང་པོ་ཉེར་གཉིས་སྐབས་ལུས་དང་ལུས་དབང་དོན་གཅིག་གསུངས་པ་ལ་ལན་ཇི་ལྟར་འདེབས་གསལ་པོ་བྲིས།    

༨༽ མཐའ་དཔྱོད་ལས། སེམས་ཡོངས་སུ་སྦྱོང་བར་བྱས་པ་ལ། ཞེས་པར་གཉིས་ལས། ཞེས་པའི་རང་ལུགས་ཀྱི་མཚན་ཉིད་དང་། དབྱེ་བ་ངོས་བཟུང་ནས། ལམ་ཞུགས་ཀྱི་རྣམ་བྱང་དབང་པོ་ཡིན་ན་སོ་བདུན་ནང་ཚན་གྱི་རྣམ་སྦྱང་དབང་པོ་ཁྱབ་བམ་མ་ཁྱབ། ཁྱབ་ན། འདིར་བཤད་པའི་མཚན་ཉིད་དང་འགལ། མ་ཁྱབ་ན། འོག་ཏུ་དབང་པོ་ཉེར་གཉིས་སྐབས་རྣམ་བྱང་དབང་པོ་ལྔའི་མཚན་ཉིད་ཀྱི་མཐར་མཁྱེན་པ་སྦྱར་ན། སོ་བདུན་གྱི་ནང་ཚན་གྱི་དབང་པོ་ལྔའི་འཇོག་བྱེད་དུ་གསུངས་པ་དང་འགལ་དོགས་པས་འགལ་བ་སྤོངས་ཤིག

༩༽ མཐའ་དཔྱོད། འགོག་སྙོམས་ཀྱི་ཁ་ཅིག་གི་མཚན་ཉིད་ཇི་ཡོད་ངོས་འཛིན་དང་དེ་དག་མི་འཐད་ཚུལ། རང་ལུགས་འགོག་སྙོམས་ཀྱི་མཚན་ཉིད་ངོས་བཟུང་ནས། འགོག་སྙོམས་ཀྱི་འགག་བྱ་དང་། ཚོར་འདུ་ཕྲ་རགས། ཡིད་ཤེས་ཕྲ་རགས་བཅས་ཀྱི་གོ་དོན་རེ་བྲིས།

༡༠༽ མཐའ་དཔྱོད་ལས། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་འགོག་སྙོམས་མཚན་ཉིད་དེ་མ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་ན་སངས་འཕགས་ཀྱི་རྒྱུད་ལ་དེ་ཡོད་པས། སྤྱི་དོན་ལས། འདིར་བསྟན་འགོག་སྙོམས་མངོན་དུ་མི་འགྱུར་བ་གསུང་པའི་གཞུང་དོན་གང་ཡིན་དང།  འགོག་སྙོམས་འདས་ལམ་གྱིས་འཐོབ་དགོས་པའི་རྒྱུ་མཚན་དང་། འདས་ལམ་དེ་ས་གང་གིས་བསྡུས་པ་ཡིན་ཚུལ་བཅས་བྲིས།

རྣམ་བཤད་དྲི་བ་ལྔ།
༡༽ རྣམ་བཤད་ལས། དང་པོ་ལ་གཉིས་ཀྱི་དང་པོ་རྩ་བ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས།། ཞེས་སོགས་ཤོ་ལོ་ཀ་གཅིག་གི་ཚིག་འགྲེལ་དང་། མདོར་བསྟན་དང་རྒྱས་བཤད་གཉིས་སོ་སོས་སྒོམ་བྱེད་གཉེན་པོའི་རྣམ་པ་དང་།དོན་རྣམ། ཤེས་རྣམ་གསུམ་དངོས་སུ་བསྟན་མ་བསྟན་གྱི་ཁྱད་པར་ཡོད་མེད་གསལ་བར་བྲིས།

༢༽ རྣམ་བཤད་ལས། ཀུན་འབྱུང་སྤང་གཉེན་གྱི་སྒོ་ནས་བསྟན་པ་ནི། ཞེས་པའི་ལམ་ཤེས་ཀྱི་ཀུན་འབྱུང་གི་རྣམ་པ་ངོས་འཛིན་དང། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེས།  འདོད་ཆགས་དང་ཞེ་སྡང་ཀྱི་ཞེན་ཡུལ་མེད་པ་རྟོགས་གསུང་པའི་གཞུང་དོན་གང་ཡིན་བྲིས།

༣༽ རྣམ་བཤད་ལས། གཉིས་པ་ལམ་བདེན་དམ་བཅའ་འཐད་པའི་སྒོ་ནས་བསྟན་པ་ནི། ཞེས་པའི་ལམ་བདེན་དམ་བཅའ་འཐད་པའི་སྒོ་ནས་བསྟན་ཚུལདང་། རྣམ་བཤད་ལས། ངེས་འབྱིན་གྱི་རྣམ་པ་ལ་དམ་བཅའ་བཤད་ནས་རྒྱུ་མཚན་མ་གསུང་པ་ནི་། ཞེས་གསུངས་པ་དང་།གསེར་ཕྲེང་ལས། དེ་ཡང་རྣམ་པ་ཉེར་བདུན་དང་སོ་དྲུག་ལ་དམ་བཅའ་དང་འཐད་པའི་མདོ་གྲངས་མཉམ་པ་ཡོད་ལ། ཞེས་པ་གཉིས་མི་འགལ་ཚུལ་བྲིས།

༤༽ རྣམ་བཤད་ལས། འགོག་བདེན་གྱི་རྣམ་པ་བཞི་གཞིར་བཟུང་ནས་སྟོང་པ་ཉིད་ཀྱི་རྣམ་པ་བཅུ་དྲུག་ཏུ་འབྱེད་པ་དང་།  སྟོང་ཉིད་བཅུ་དྲུག་གློ་བུར་གྱི་དྲི་མ་དང་བྲལ་བ་འགོག་པའི་རྣམ་པ་སོགས་སུ་བསྒྲུབ་པ་གང་བྱས་དོན་འདྲ་བར་མངོན་ནོ།། ཞེས་པའི་གཞུང་དོན་གང་ཡིན།

༥༽ རྣམ་བཤད་ལས། གཉིས་པ་རྩ་བ་ནི། དྲན་པ་ཉེར་གཞག་ནས་གཟུང་སྟེ།། ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱི་ཚིག་འགྲེལ་དང་། ལམ་གྱི་བདེན་པའི་རྗེས་མཐུན་པར།། ཞེས་པའི་ཚིག་རྐང་དེ་ཡི་གཞུང་དོན་འགྲེལ་ཚུལ་རྣམ་བཤད་དང་། གསེར་ཕྲེང་གཉིས་བཞེད་པ་མཐུན་མིན་གསལ་བར་བྲིས།          

གྲུབ་བོ།།

No comments:

Post a Comment