Friday, June 19, 2020

སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་བཅད་པའི་འབྲུ་འགྲེལ།


             ༄༅།།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། 
                     ཐར་པའི་གྲོང་དུ་བགྲོད་པའི་ཐབས་ཀྱི་མཆོག། 
                     བདེ་གཤེགས་བསྟན་པའི་སྙིང་པོ་སོ་སོར་ཐར།། 
                     གང་གི་དྲིན་གྱིས་འཇིག་རྟེན་འདིར་གསལ་བ།། 
                     སྟོན་མཆོག་ཟས་གཙང་སྲས་པོར་སྙིང་ནས་དད།། 
       འདིར་སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་བཅད་པའི་འབྲུ་འགྲེལ་ཉུང་གསལ་བགྱི་བ་ལ་སྤྲོའོ།། དེ་ལ་དང་པོ་སངས་རྒྱས་རྣམ་གཟིགས་ཀྱི་གསོ་སྦྱོང་ནི།
                    བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།།
                    མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས།།
                    རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།།
                    གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།།
       ཞེས་པ་སྟེ།  དོན་ནི། ཞེ་སྡང་མེད་པ་ནི་བཟོད་པ་ཡིན་ལ། དེ་ནི་དཀའ་ཐུབ་རྣམས་ཀྱི་དམ་པའམ་མཆོག་ཡིན་ཏེ། ཞེ་སྡང་སྦྱོང་བའི་ཕྱིར་དང་། སྙིང་རྗེ་བསྐྱེད་པའི་ཕྱིར་རོ།། ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་ལམ་ཟག་མེད་ཀྱི་ཐོག་མ་ཡིན་ལ། དེ་སྔོན་དུ་བཏང་བའམ་དེས་སྣེ་དྲངས་པའི་ལམ་ཟག་མེད་ཀྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་གཏན་དུ་བ་ཡིན་པའི་ཕྱིར་ན། བྲལ་བ་རྣམས་ཀྱི་མཆོག་ཅེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ།། དེ་བས་ན་རབ་ཏུ་བྱུང་བ་རྣམས་ནི་བཟོད་པ་དེ་དག་ལ་བསླབ་པར་བྱ་ཡི། ཡིད་ཀྱིས་གཞན་ལ་གནོདཔ་བྱེད་པ་དང་། ལུས་ངག་གིས་གཞན་ལ་འཚེ་བ་བྱེད་པ་ནི་ཐར་པ་འདོད་པའི་དགེ་སྦྱོང་དག་གི་བྱ་བའི་ཆ་མ་ཡིན་ནོ།། ཞེས་སོ།། 
       དེ་བཞིན་གཤེགས་པ་དེའི་སློབ་མ་ཉན་ཐོས་རྣམས་ནི་སྤྱིར་ན་ཉེས་པ་ཆུང་ཡང་། མུ་སྟེགས་པ་དག་ལ་འཚེ་བ་མང་བ་ཙམ་ཞིག་ཡོད་པ་ལ། ཉེས་པ་དེ་སྤོང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོ་ཐར་པའི་མདོ་མདོར་བསྡུས་པ་འདི་གསུངས་སོ།།

       གཉིས་པ་སངས་རྒྱས་གཙུག་ཏོར་ཅན་གྱི་གསོ་སྦྱོང་ནི།
                    མིག་ལྡན་འགྲོ་བ་ཡོད་པ་ཡིས།།
                    ཉམ་ང་བ་དག་ཇི་བཞིན་དུ།།
                    མཁས་པ་འཚོ་བའི་འཇིག་རྟེན་འདིར།།
                    སྡིག་པ་དག་ནི་ཡོངས་སུ་སྤོང་།།
                    སྐུར་བ་མི་གདབ་གནོད་མི་བྱ།།
                    སོ་སོར་ཐར་པས་བསྡམ་པར་བྱ།།
                    ཟས་ཀྱི་ཚོད་ཀྱང་རིག་པར་བྱ།།
                    བས་མཐའི་གནས་སུ་གནས་པར་བྱ།།
                    ལྷག་པའི་སེམས་ལ་ཡང་དག་སྦྱོར།།
                    འདི་ནི་སངས་རྒྱས་བསྟན་པ་ཡིན།།
       ཞེས་པ་སྟེ། དོན་ནི། དཔེར་ན་མིག་ལྡན་གྱི་སྐྱེས་བུ་འགྲོ་བ་ཡོད་པ་སྟེ་འགྲོ་ཤེས་པ་དེ་ཡིས། སྡུག་བསྔལ་འབྱུང་བའི་གནས་ཉམ་ང་བ་དག་ཏུ་མི་འགྲོ་བར་སྤོང་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ལེགས་ཉེས་འབྱེད་པའི་བློ་གྲོས་དང་ལྡན་པའི་མཁས་པ་དག་ཀྱང་འཚོ་བའི་འཇིག་རྟེན་འཁོར་བ་འདིར་སྡུག་བསྔལ་རྒྱུན་མར་འབྱིན་པའི་སྡིག་པ་དག་ནི་ཡོངས་སུ་སྤོང་བར་བྱེད་དོ།། སྡིག་པ་གང་ཇི་ལྟར་སྤང་བར་བྱ་ཞེ་ན། གཞན་ལ་བདེན་རྫུན་གང་གིས་ཀྱང་སྐུར་བ་མི་གདབ་བོ།། དེ་བཞིན་དུ་གཞན་ལ་ལུས་ཀྱིས་བརྡེག་པ་སོགས་དང་། ངག་གིས་ཚིག་རྩུབ་སྨྲ་བ་སོགས་ཀྱིས་གནོད་པར་མི་བྱའོ།། མདོར་ན་སོ་སོར་ཐར་པ་རིས་བདུན་གྱིས་སྡོམ་པས་བསྡམ་པ་སྟེ་ཡོངས་སུ་བསྲུང་བར་བྱའོ།། འདིས་ནི་བཟློག་པ་དང་འཇུག་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ།། དགེ་སློང་རྣམས་ཀྱིས་ཟས་རུང་བ་ཡིན་ཡང་ལུས་ལྕི་བ་དང་རྨྱ་བར་མི་འགྱུར་བའི་ཟས་ཀྱི་ཚོད་ཀྱང་རིག་པར་བྱ་ཞིང་། བས་མཐའི་གནས་ནི་གནས་དབེན་པ་སྟེ། ལུས་འདུ་འཛི་བྲལ་ནས་ལམ་བསྒོམ་པ་དང་མཐུན་པའི་གནས་སུ་གནས་པར་བྱའོ།། འདིས་ནི་ལམ་བསྒོམ་པའི་ཚོགས་བསྟན་ཏོ།། དེ་ལྟར་ཚུལ་ཁྲིམས་ལ་གནས་ཤིང་། ལམ་བསྒོམ་པའི་ཚོགས་ལ་བརྟེན་ནས། ལྷག་པའི་སེམས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་ལ་བརྟེན་ནས་དུག་གསུམ་གྱི་སྒྲིབ་པ་ལས་སེམས་ཡོངས་སུ་སྦྱོང་བ་དང་། ལྷག་པའི་ཤེས་རབ་ཀྱིས་ཡང་དག་པར་རྣལ་འབྱོར་དུ་བྱ་བས་སྦྱོར་རོ།། འདིས་ནི་ལྷག་པའི་ཏིང་ངེ་འཛིན་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏོ།། དེ་ལྟར་དེ་བཞིན་གཤེགས་པས་མདོར་བསྡུས་ཏེ་ལམ་ཚོགས་དང་བཅས་པ་བསྟན་པ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ།། ཞེས་སོ།།
       དེ་བཞིན་གཤེགས་པ་དེའི་སློབ་མ་ཉན་ཐོས་རྣམས་ཀྱང་སྤྱིར་ན་ཉེས་པ་ཆུང་ཡང་། གཞན་གྱི་ཉེས་པ་སྒྲོག་པ་མང་བ་ཙམ་ཞིག་ཡོད་པས། ཉེས་པ་དེ་སྤོང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོ་ཐར་པའི་མདོ་མདོར་བསྡུས་པ་འདི་གསུངས་སོ།།

       གསུམ་པ་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་གསོ་སྦྱོང་ནི།
                    ཇི་ལྟར་བུང་བ་མེ་ཏོག་ལས།།
                    ཁ་དོག་དྲི་ལ་མི་གནོད་པར།།
                    ཁུ་བ་གཞིབས་ནས་འཕུར་བ་ལྟར།།
                    དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།།
       ཞེས་པ་སྟེ། དོན་ནི། ཇི་ལྟར་སྲོག་ཆགས་བུང་བ་མེ་ཏོག་ལས་རྩི་བཅུད་ལེན་པ་ན། དེའི་ཁ་དོག་དང་དྲི་ལ་མི་གནོད་པར་ཁུ་བ་ཙམ་ གཞིབས་ནས་འཕུར་བ་ལྟར། དེ་བཞིན་དུ་ཐུབ་པ་སྟེ་རབ་ཏུ་བྱུང་བ་རྣམས་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན། ཁ་དོག་དང་དྲི་ལྟ་བུའི་སེམས་དང་ཚུལ་ཁྲིམས་ལ་མི་གནོད་པར་ཁུ་བ་ལྟ་བུའི་ཟས་ཙམ་ཞིག་བླངས་ཏེ་འགྲོ་བར་བྱའོ།། ཞེས་སོ།།
       དེ་བཞིན་གཤེགས་པ་དེའི་སློབ་མ་ཉན་ཐོས་རྣམས་ཀྱང་སྤྱིར་ཉེས་པ་ཆུང་བར་གྱུར་ཀྱང་། ཁྱིམ་པ་དང་འགྲོགས་པ་ལ་དགའ་བ་ཙམ་ཞིག་ཡོད་པས། ཉེས་པ་དེ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོ་ཐར་པའི་མདོ་མདོར་བསྡུས་པ་འདི་གསུངས་སོ།།

       བཞི་པ་སངས་རྒྱས་འཁོར་བ་འཇིག་གི་གསོ་སྦྱོང་ནི།
                    བདག་གི་རིགས་དང་མི་རིགས་ལ།།
                    བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།།  
                    མི་མཐུན་པ་དང་གཞན་དག་གིས།།
                    བྱས་དང་མ་བྱས་རྣམས་ལ་མིན།།
       ཞེས་པ་སྟེ། དོན་ནི། རང་ཉིད་གཞན་གྱི་སྐྱོན་ཡོན་ལ་བརྟག་འོས་པའི་རྒྱུད་ཚོད་མ་སྨིན་པ་དེ་སྲིད་དུ། བདག་གི་རིགས་པ་ཡོན་ཏན་དང་མི་རིགས་པ་སྐྱོན་ལ་བརྟག་པར་བྱ་ཞིང་འཇུག་ཟློག་བྱ་སྟེ། དེ་ལྟ་མིན་པར་རང་ལས་གཞན་པ་རྣམས་ཀྱི་མི་མཐུན་པ་སྐྱོན་དང་། གཞན་དག་གིས་བྱ་བར་འོས་པ་གང་ཞིག་རྫོགས་པར་བྱས་པ་དང་མ་བྱས་སོ་ཞེས་སམ། ཡང་ན་ཉེས་པར་བྱས་པ་དང་ལེགས་པར་མ་བྱས་པ་རྣམས་ལ་རྟོག་པ་ནི་འོས་པ་མིན་ཏེ། དེ་ལ་བརྟེན་ནས་ཆགས་སྡང་འབྱུང་བའི་ཕྱིར་རོ།། ཞེས་སོ།།
       དེ་བཞིན་གཤེགས་པ་དེའི་སློབ་མ་ཉན་ཐོས་རྣམས་ཀྱང་སྤྱིར་ཉེས་པ་ཆུང་བར་གྱུར་ཏེ། འོན་ཀྱང་གཞན་་གྱི་སྐྱོན་ཡོན་བརྟག་པ་ལ་དགའ་བ་ཙམ་ཞིག་ཡོད་པས། ཉེས་པ་དེ་འགོག་པའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོ་ཐར་པའི་མདོ་མདོར་བསྡུས་པ་འདི་གསུངས་སོ།།

       ལྔ་པ་སངས་རྒྱས་གསེར་ཐུབ་ཀྱི་གསོ་སྦྱོང་ནི།
                    ལྷག་པའི་སེམས་ལ་བག་བྱ་སྟེ།།
                    ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།།
                    ཉེར་ཞི་རྟག་ཏུ་དྲན་ལྡན་པའི།།
                    སྐྱོབ་པ་མྱ་ངན་མེད་པ་ཡིན།།
       ཞེས་པ་སྟེ། དོན་ནི། ཟག་པ་དང་བཅས་པའི་བསམ་གཏན་བཞི་པ་ལ་སོགས་པའི་ལྷག་པའི་སེམས་ལ་སྲེད་པ་དང་། ང་རྒྱལ་དང་། ལྟ་བ་མཆོག་ཏུ་འཛིན་པ་སྤོང་བའི་སྒོ་ནས་བག་ཡོད་པར་བྱ་སྟེ། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་ཐུབ་པ་བདེ་བར་གཤེགས་པའི་ཐུབ་པར་གྱུར་པའི་གཞི་འཕགས་པའི་བདེན་པ་བཞི་པོ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱིས་བསླབ་པར་བྱའོ།།  དེ་ལྟར་བསླབས་པས་ཅིར་འགྱུར་ཞེ་ན། ལུས་ངག་གི་ཉེས་སྤྱོད་ཉེ་བར་ཞི་ཞིང་རྟག་ཏུ་དྲན་པ་ཉེ་བར་བཞག་པ་དང་ལྡན་པའི་སྒོ་ནས་རང་གི་སེམས་སྲུང་ཞིང་སྐྱོབ་པ་ལ་བརྟེན་ནས་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ཡོངས་སུ་ཟད་པས་མྱ་ངནམེད་པ་ཐར་པའི་གོ་འཕང་འཐོབ་པར་འགྱུར་བ་ཡིན་ནོ།། ཞེས་སོ།།
       དེ་བཞིན་གཤེགས་པ་དེའི་སློབ་མ་ཉན་ཐོས་རྣམས་ཀྱང་སྤྱིར་ཉེས་པ་ཆུང་བར་གྱུར་ཀྱང་། སྲེད་པ་དང་བཅས་པས་བསམ་གཏན་དག་སྐྱེད་པར་བྱེད་པའི་ཉེས་པ་ཙམ་ཞིག་ཡོད་པ་དེ་འགོག་པའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོ་ཐར་པའི་མདོ་མདོར་བསྡུས་པ་འདི་གསུངས་སོ།།
                    
       དྲུག་པ་སངས་རྒྱས་འོད་སྲུང་གི་གསོ་སྦྱོང་ནི།
                     སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།།
                     ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།།
                     དགེ་དང་ལྡན་པས་སྡིག་པ་སྤོང་།།
                     ཉོན་མོངས་ཟད་པས་མྱ་ངན་འདའ།།
       ཞེས་པ་སྟེ། དོན་ནི། སྦྱིན་པས་ནི་རང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་བསོད་ནམས་རབ་ཏུ་འཕེལ་བར་འགྱུར་ཞིང་། ལུས་ངག་གི་ཉེས་སྤྱོད་རྣམས་ཚུལ་ཁྲིམས་ཀྱིས་ལེགས་པར་བསྡམས་པས་ནི། དགྲ་སོགས་འབྱུང་བར་མི་འགྱུར་ཏེ། དེའི་རྒྱུ་གསོད་པ་དང་། རྐུ་བ། འཁྲིག་པ། རྫུན་ལ་སོགས་པ་དེས་མ་བྱས་པའི་ཕྱིར་རོ།། ཟག་བཅས་ཀྱི་དགེ་བ་བསམ་གཟུགས་ཀྱི་སྙོམས་འཇུག་དང་ལྡན་པས་ནི། ཁོང་ཁྲོ་དང་ཕྲག་དོག་སོགས་རྣམ་སྨིན་སྡུག་བསྔལ་འབྱིན་པའི་སྡིག་པ་སྤོང་ཞིང་འགོག་པར་འགྱུར་ལ། འཕགས་པ་ཟག་པ་མེད་པའི་ལམ་གྱིས་ནི་འཁོར་བའི་རྩ་བ་ཉོན་མོངས་ཟད་པར་བྱེད་པས་ལས་ཉོན་གྱིས་བཅིངས་པའི་མྱ་ངན་ལས་གཏན་དུ་འདའ་བརའགྱུར་རོ།། ཞེས་སོ།།
       དེ་བཞིན་གཤེགས་པ་དེའི་སློབ་མ་ཉན་ཐོས་རྣམས་ཀྱང་སྤྱིར་ཉེས་པ་ཆུང་ཡང་། སྦྱིན་པ་ལ་མ་གུས་པ་དང་དགྲ་མང་བར་བལྟ་བ་ཙམ་ཞིག་ཡོད་པ་དེ་ཡོངས་སུ་སྤོང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོ་ཐར་པའི་མདོ་མདོར་བསྡུས་པ་འདི་གསུངས་སོ།།

       བདུན་པ་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་གསོ་སྦྱོང་ནི།
                    སྡིག་པ་ཐམས་ཅད་མི་བྱ་སྟེ།།
                    དགེ་བ་ཕུན་སུམ་ཚོགས་པར་སྤྱད།།
                    རང་གི་སེམས་ནི་ཡོངས་སུ་དུལ།།
                    འདི་ནི་སངས་རྒྱས་བསྟན་པ་ཡིན།།
                    ལུས་ཀྱི་སྡོམ་པ་ལེགས་པ་སྟེ།།
                    ངག་གི་སྡོམ་པ་ལེགས་པ་ཡིན།།
                    ཡིད་ཀྱི་སྡོམ་པ་ལེགས་པ་སྟེ།།
                    ཐམས་ཅད་དུ་ནི་སྡོམ་པ་ལེགས།།
                    ཀུན་ཏུ་བསྡམས་པའི་དགེ་སློང་ནི།།
                    སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།།
                    ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ།།
                    ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་།།
                    ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན།།
                    དྲང་སྲོང་གསུངས་པའི་ལམ་ནི་འཐོབ་པའི་འགྱུར།།
       ཞེས་པ་སྟེ། དོན་ནི། རབ་བྱུང་ངམ་ཁྱིམ་པའང་རུང་ཀུན་གྱིས་སྡིག་པ་མི་དགེ་བ་བཅུ་པོ་མི་བྱ་ཞིང་། རབ་ཏུ་བྱུང་བ་རྣམས་ནི་བཙས་རང་གིས་བསྡུས་པའི་ལྟུང་བ་ཐམས་ཅད་མི་བྱ་སྟེ། འདིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ།། དེ་ཙམ་གྱིས་མི་ཆོག་པས། དོན་དམ་པའི་ དགེ་བ་ནི་ཐར་པ་མྱ་ངན་ལས་འདས་པ་ཡིན་ལ། དེ་ཐོབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་འཕགས་པའི་བདེན་པ་བཞིའི་གནས་ལུགས་རྟོགས་པའི་ཤེས་རབ་ལེགས་པར་སྤྱད་ཅིང་སྒྲུབ་པར་བྱའོ།། འདིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏོ།། དེས་དེ་ལྟར་ཐོབ་པ་ཡང་རྒྱུད་ཞི་གནས་ཀྱིས་བརླན་པ་ཞིག་མ་བྱུང་ན་མི་འོང་བས། དེའི་སྔོན་དུ་རང་གི་སེམས་ནི་ཏིང་ངེ་འཛིན་གྱིས་ཡོངས་སུ་གདུལ་བ་ཞིག་དགོས་སོ།། འདིས་ནི་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་བསྟན་ཏོ།། དེ་འདྲ་བའི་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་ འདི་ནི་སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་གཉིས་ལས་རྟོགས་པའི་བསྟན་པ་ཡིན་ནོ།། འོ་ན་སྡིག་པ་བྱ་མི་རུང་བའི་རྒྱུ་མཚན་གང་ཡིན་ཞེ་ན། ལུས་ཀྱི་སྡོམ་པ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ཁྱིམ་པའི་དབང་དུ་བྱས་ན་ལོག་གཡེམ་ཡིན་ཀྱང་། རབ་བྱུང་གི་དབང་དུ་བྱས་ན་ནི་མི་ཚངས་པར་སྤྱོད་པ་ཆར་གཏོགས་དང་བཅས་པ་སྤོང་བ་ནི་ལེགས་པ་སྟེ་གཙོ་བོ་ཡིན་ལ། ངག་གི་སྡོམ་པ་རྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་བཀྱལ་དང་དེ་དག་ཆར་གཏོགས་དང་བཅས་པ་སྤོང་བ་ནི་ལེགས་པ་ཡིན། དེ་གཉིས་ཀྱི་ཀུན་སློང་ཡིད་ཀྱི་སྡོམ་པ་བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་དང་དེ་དག་གི་ཆར་གཏོགས་དང་བཅས་པ་སྤོང་བ་ནི་ལེགས་པ་སྟེ།། དེས་ན་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་སྐབས་ཐམས་ཅད་དུ་ནི་སོ་ཐར་གྱི་སྡོམ་པ་བསྲུང་བ་ནི་ལེགས་པ་སྟེ་གཙོ་བོ་ཡིན་ནོ།། འདིས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏོ།། འོ་ན་ཚུལ་ཁྲིམས་བསྲུང་བ་དེ་ལེགས་ཚུལ་ཇི་ལྟར་ཡིན་ཞེ་ན། གཞན་གནོད་གཞི་དང་བཅས་པ་ལས་ཡིད་ཀུན་ཏུ་བསྡམས་པའི་དགེ་སློང་དེ་དག་ནི། གནས་སྐབས་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཤིང་་།  མཐར་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྟེ་སྡུག་བསྔལ་ཀུན་ལས་རབ་ཏུ་སྟེ་གཏན་དུ་གྲོལ་བར་འགྱུར་རོ།། རྐང་པ་གཉིས་པོ་འདིས་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་ཏོ།། འོ་ན་ཇི་ལྟར་ཚུལ་ཁྲིམས་ཀྱིས་སྡུག་བསྔལ་ལས་གྲོལ་ཞེ་ན། རང་གི་ངག་རྫུན་ལ་སོགས་པའི་ངག་གི་ཉེས་པ་རྣམས་ལས་བསྲུང་ཞིང་དེར་མ་ཟད་ཀུན་སློང་ཡིད་ཀྱི་ཉེས་པ་བརྣབ་སེམས་སོགས་དང་བསྡམ་བྱའི་ཉེས་པ་རྣམས་རབ་ཏུ་བསྡམས་ཏེ།། ལུས་ཀྱི་མི་དགེ་བ་སྲོག་གཅོད་ལ་སོགས་པ་དག་མི་བྱེད་ཅིང་། སྒོ་གསུམ་གྱི་མི་དགེ་བའི་ལས་ལམ་གསུམ་པོ་འདི་དག་གིས་མ་གོས་པར་རབ་ཏུ་སྦྱངས་ཤིང་དག་པ་ན། རིམ་གྱིས་ལྷག་པའི་སེམས་དང་ཤེས་རབ་ཀྱི་བསླབ་པ་རང་རྒྱུད་ལ་སྐྱེས་ནས།  དྲང་སྲོང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་ནི་འཐོབ་པར་འགྱུར་ལ། དེ་ལ་བརྟེན་ནས་སྡུག་ཀུན་ཉེ་བར་ཞི་བའི་ཐར་པ་འཐོབ་པར་འགྱུར་རོ།། ཞེས་སོ།།
      བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་ཚེ་མི་རྣམས་མི་དགེ་བ་སྣ་ཚོགས་སྤྱོད་ཅིང་། དགེ་བ་སྤྱད་ན་ཡང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་དེའི་གཉེན་པོར། སྟོན་པ་སངས་རྒྱས་ནས་ལོ་བཅུ་གཉིས་ཀྱི་བར་དུ་བསྟན་པ་སྐྱོན་མེད་པར་གནས་པའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པ་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་ཕྱེད་དང་བཞི་པོ་འདི་གསུངས་སོ།།

         སྨྲས་པ།  འདིར་འབད་ལེགས་བྱས་བདག་གིས་ཅི་བསགས་པས།།
                   མར་གྱུར་འགྲོ་ཀུན་རྒྱལ་བའི་བསྟན་པ་ལ།། 
                   ཞུགས་ཤིང་ཚུལ་གནས་ཐོས་བསམ་སྒོམ་པ་ཡིས།།
                   མྱ་ངན་འདས་པའི་གྲོང་ཁྱེར་ཕྱིན་པར་ཤོག།
         ཅེས་སངས་རྒྱས་རབས་བདུན་གྱི་གསོ་སྦྱོོང་གི་ཚིགས་སུ་བཅད་པའི་འབྲུ་འགྲེལ་འདི་ནི་གཙོ་བོར་བམ་པོ་ལྔ་བཅུ་པ་ལ་བརྟེན་ཅིང་འགྲེལ་པ་གཞན་མང་པོ་ལའང་བལྟས་ནས། བཙུན་པ་བསྟན་འཛིན་དཔལ་མཆོག་གིས་རབ་གནས་ལྕགས་བྱི་ལོའི་ཟླ་བ་ ༡༡ ཚེས་ ༣ དང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༡༢ ཚེས་ ༡༧ ཉིན་རྫོགས་པར་སྦྱར་བའོ།།     །།


No comments:

Post a Comment