༄༅། །ནམོ་བུདྡྷཡ། མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་ཀྱི་ངོ་བོ་ནི། ས་དེའི་ཞི་གནས་ཙམ་ལ་བརྟེན་ནས་ས་གོང་འོག་གི་སྐྱོན་ཡོན་རྣམས་སོ་སོར་དཔྱོད་པའི་དཔྱད་སྒོམ་གཙོ་བོར་གྱུར་པའི་ཉོན་མོངས་རྣམ་སྦྱོང་གི་ལས་དང་པོ་པའི་ཡིད་བྱེད།
ཉེར་བསྡོགས་མོས་པ་ཡིད་བྱེད་ཀྱི་ངོ་བོ་ནི། ས་དེའི་མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་ལ་བརྟེན་ནས་ས་དེའི་ལྷག་མཐོང་ཐོབ་པ་ནས་བཟུང་སྟེ། འོག་སའི་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཆེན་པོའི་ཆེན་པོའི་སྤོང་གཉེན་མ་ཐོབ་ཚུན་ཆད་ཀྱི་ཉོན་མོངས་རྣམ་སྦྱོང་གི་ཡིད་བྱེད།
རབ་ཏུ་དབེན་པ་ཡིད་བྱེད་ཀྱི་ངོ་བོ་ནི། ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒོ་ནས་འོག་སའི་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཆེན་པོ་སྐོར་གསུམ་གང་རུང་གི་སྤོང་གཉེན་དུ་གྱུར་པའི་ཉོན་མོངས་རྣམ་སྦྱོང་གི་ཡིད་བྱེད།
དགའ་བ་སྡུད་པའི་ཡིད་བྱེད་ཀྱི་ངོ་བོ་ནི། ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒོ་ནས་འོག་སའི་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་འབྲིང་སྐོར་གསུམ་གང་རུང་གི་སྤོང་གཉེན་དུ་གྱུར་པའི་ཉོན་མོངས་རྣམ་སྦྱོང་གི་ཡིད་བྱེད།
དཔྱོད་པ་ཡིད་བྱེད་ཀྱི་ངོ་བོ་ནི། འོག་སའི་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་སྐོར་དྲུག་སྤངས་རྗེས་སུ་འོག་སའི་ཉོན་མོངས་ཐམས་ཅད་སྤངས་མ་སྤངས་བརྟགས་པས་མ་སྤངས་པར་ཤེས་ཏེ། འོག་སའི་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཆུང་ངུ་སྐོར་གསུམ་གང་རུང་སྤོང་བའི་བར་ཆད་མེད་ལམ་འདྲེན་བྱེད་ཀྱི་ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་ཉོན་མོངས་རྣམ་སྦྱོང་གི་ཡིད་བྱེད།
སྦྱོར་བ་མཐའི་ཡིད་བྱེད་ཀྱི་ངོ་བོ་ནི། ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒོ་ནས་འོག་སའི་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཆུང་ངུ་སྐོར་གསུམ་གང་རུང་གི་སྤོང་གཉེན་དུ་གྱུར་པའི་ཉོན་མོངས་རྣམ་སྦྱོང་གི་ཡིད་བྱེད།
སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་བྱེད་ཀྱི་ངོ་བོ་ནི། ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒོ་ནས་འོག་སའི་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་སྤངས་པའི་སྟོབས་ཀྱིས་ཐོབ་པའི་ས་དེའི་དངོས་གཞིར་གྱུར་པའི་ཡིད་བྱེད།
འདི་ནི་ཤྲཱི་མིང་པས་རང་གི་བློ་ལ་ཤར་ཚོད་ཙམ་བརྗེད་བྱང་དུ་བཀོད་པ་སྟེ། གཞུང་ཆེན་མོ་ལ་བརྟེན་ནས་ད་དུང་བརྟག་དགོས་སོ།། །།
No comments:
Post a Comment