༄༅། །ཤེར་ཕྱིན་མདོ་དང་དགོངས་འགྲེལ་གྱི་བྱུང་བ་འདི་ནི་ ‘ཟམ་གདོང་མཧཱཔཎྜིཏ’མཆོག་གིས་མཛད་ཅིང་། རྩོམ་ཐུང་འདི་ནི་ཕྱི་ལོ་ ༡༩༧༧ ལོར་ཝ་ཎ་བོད་ཀྱི་མཐོ་སློབ་ནས་སློབ་དཔོན་ཆེན་པོ་‘རཱམཤངྐརཏྲིཔཱཋཱི’མཆོག་གིས་རྩོམ་སྒྲིག་གཙོ་འགན་བཞེས་ཏེ་དཔེ་བསྡུར་དང་ཉམས་ཞིབ་ཚད་ལྡནགནང་བའི་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་‘སེངྒེ་བཟང་པོ་’མཆོག་གིས་མཛད་པའི་‘འགྲེལ་པ་དོན་གསལ་’གྱི་ཕྱག་དེབ་ཅིག་འདོན་སྤེལ་བགྱིས་པ་དེའི་སྔོན་གླེང་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ཞིག་ཡིན། དེ་ནི་ཕར་ཕྱིན་ལ་སློབ་གཉེར་དང་ཉམས་ཞིབ་བྱེད་མཁན་རྣམས་ལ་མཁོ་གལ་ཆེ་བར་མཐོང་ནས་ཤྲཱིས་ལྕགས་འབྲུའི་ཡིག་རིགས་ནས་རྩིས་འཕྲུལ་ཡིག་རིགས་སུ་ཕབ་པ་ལགས་སོ།།
ཤེར་ཕྱིན་གྱི་མདོ།
འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་མཉམ་མེད་སྟོབས་བཅུ་མངའ་བ་ཟས་གཙང་སྲས་པོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། གདུལ་བྱའི་ཁམས་དང་། བསམ་པ་དང༌། བག་ལ་ཉལ་སྣ་ཚོགས་དང་རྗེས་སུ་མཐུན་པའི་ཐེག་པ་གསུམ་གྱི་སྡེ་སྣོད་ཀྱིས་བསྡུས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ། བགྲངས་ལས་འདས་པ་ཞིག་བཀའ་བསྩལ་པ་ཐམས་ཅད་ཀྱི་ནང་ནས་རབ་དང༌། ཕུལ་དང་། རྩེ་མོར་གྱུར་པ་ནི་ཤེར་ཕྱིན་ཀྱི་མདོ་སྡེ་རིན་པོ་ཆེ་ཉིད་ཡིན་ཏེ། འདིས་ནི་ཟབ་དོན་སྟོང་ཉིད་ཀྱི་རམ་པ་རིགས་པའི་རྣམ་གྲངས མཐའ་ཡས་པའི་སྒོ་ནས་དངོས་སུ་གཏན་ལ་ཕབ་པ་དང། ལམ་མངོན་རྟོགས་ཀྱི་རིམ་པ་རྣམས་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་འབྲས་བུ་སངས་རྒྱས་ཀྱི་སའི་བར་རིམ་གྱིས་བགྲོད་པའི་ཚུལ་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་མཐའ་དག་ངོ་བོ་མ་ནོར་བ། གོ་རིམ་མ་འཁྲུགས་པ། ཐོས་བསམ་གྱིས་འཇུག་པ་བདེ་བའི་དབང་དུ་མཛད་ནས་སྦས་པའི་ཚུལ་གྱིས་བསྟན་པའི་ཕྱིར་རོ།།
དེ་ལའང༌སློབ་དཔོན་འདི་ཉིད་ཀྱིས། ལ་ལ་ལས་དོན་གཞན་ལས་ཚིག། གཞན་ལས་རྣམ་གྲངས་མིང་གིས་དེ།། མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་།། དོན་བསྡུས་དེ་ཙམ་ཤེས་པར་བྱ།། ཞེས་གསུངས་པ་ལྟར། གདུལ་བྱ་དབང་པོ་དམན་པའི་དབང་དུ་མཛད་དེ་བརྗོད་དོན་དངོས་པོ་བརྒྱད་དང་དོནཾ་བདུན་ཅུ་དངོས་ཤུགས་ཅི་རིགས་སུ་ཚང་ཞིང༌། རྗོད་བྱེད་ཚིག་གི་སྤྲོས་པ་ཉུང་ངུར་བསྡུས་ནས་བསྟན་པའི་ཡུམ་བསྡུས་པ་བརྒྱད་སྟོང་པ་དང༌། གདུལ་བྱ་དབང་པོ་འབྲིང་གི་དབང་དུ་མཛད་ནས་བརྗོད་བྱ་དངོས་བརྒྱད་དོན་བདུན་ཅུའི་རིམ་པ་རྣམས་ཚིག་ཟིན་ལ་ཆ་ཚང་བར་སྟོན་པའི་ཡུམ་བར་མ་ཉི་ཁྲི་དང༌། གདུལ་བྱ་དབང་པོ་རྣོན་པོའི་དབང་དུ༌མཛད་དེ་བརྗོད་དོན་རེ་རེ་ལའང་མིང་ཚིག་རྣམ་གྲངས་མང་པོས་བསྟན་པ་ཡུམ་རྒྱས་པ་འབུམ་སྟེ། ཡུམ་གྱི་མདོ་གསུམ་པོ་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པར་འདོད་པའི་སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱི་ཐོས་བསམ་གྱི་འཇུག་པའི་གཞི་གཅིག་པུ་ཉིད་ཡིན་ནོ།།
ཤེར་མདོ་གསུངས་ཚུལ།
དེ་ལྟ་ནའང་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་རིང་མིའི་ཡུལ་འདིར་ཐེག་ཆེན་གྱི་བསྟན་པ་རྒྱ་ཁྱབ་དུ་མ་དར་ཞིང༌། ཡུམ་གྱི་མདོའི་གླེགས་བམ་དག་ཀྱང་མ་བཞུགས་པའི་དབང་གིས་ཤེར་ཕྱིན་གྱི་འཆད་ཉན་མ་དར་བས། ཕྱིས་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་ཀྱིས་རིམ་བཞིན་དབུ་མ་པ་དང་རྣམ་རིག་པའི་གྲུབ་མཐའི་ཤིང་རྟ་ཆེན་པོའི་སྲོལ་གཉིས་ལེགས་པར་ཕྱེ་བ་ན། སྐབས་དེའི་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་རྣམས་ཀྱིས་ཐེག་ཆེན་གྱི་མདོ་སྡེ་འདི་དག་ཀླུ་སྒྲུབ་ལ་སོགས་པས་བྱས་སོ་ཞེས་སྨྲ་བའང་བྱུང་ལ། དེ་དག་གི་ལོག་པར་རྟོག་པ་ཡོངས་སུ་བསལ་བའི་སླད་རྒྱལ་བའི་རྒྱལ་ཚབ་བྱམས་པ་མགོན་པོས་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལས་ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་པ་བརྒྱད་གསུངས་ཤིང་། དེ་བཞིན་དུ་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་དབུ་མ་སྙིང་པོའི་རྩ་འགྲེལ་ལས། ཉན་ཐོས་སྡེ་གཉིས་ཀྱིས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་གཙོ་བོ་ཉི་ཤུ་པོ་རེ་རེ་བཞིན་ལེགས་པར་སུན་ཕྱུང་བའི་རིགས་པའི་རྣམ་གྲངས་དུ་མས་ཐེག་ཆེན་སངས་རྒྱས་ཀྱི་བཀར་བསྒྲུབ་པར་མཛད་པ་དང༌། དེ་བཞིན་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང༌། སྤྱོད་འཇུག་ཤེར་ལེ་ལས་མགོ་མཚུངས་ཀྱི་རིགས་པ་གསུམ་གྱིས་ཐེག་ཆེན་སངས་རྒྱས་ཀྱི་བཀར་བསྒྲུབ་པར་མཛད་པ་སོགས་སྔོན་གྱི་སློབ་དཔོན་ཚད་ལྡན་དུ་མས་ལེགས་པར་བསྟན་ཟིན་ལ། ཕྱི་རབས་ཀྱི་མཁས་བླུན་མང་པོས་ཀྱང་ཤེར་ཕྱིན་ཀྱི་མདོ་ཀླུ་སྒྲུབ་ཀྱིས་རྩོམ་པའམ། ཡང་ན་དེ་དང་དུས་མཚུངས་གཞན་ཞིག་གིས་རྩོམ་པར་འདོད་པ་སོགས་སྣ་ཚོགས་སྣང་བ་ཐམས་ཅད་ནི་གཙོ་ཆེར་ཡུམ་གྱི་མདོའི་ཚིག་རིས་རྣམས་སྟོན་པའི་སྐུ་དུས་སུ་དར་བའི་ཚིག་རིས་དང་མི་མཚུངས་པ་ཙམ་རྒྱུ་མཚན་དུ་བཟུང་བར་སྣང་ཡང་། ཡིད་བརྟན་འཕེར་བའི་ཚད་ལྡན་གྱི་རྒྱུ་མཚན་གཞན་མ་མཐོང་ཞིང་། གོང་གི་རྒྱུ་མཚན་འདི་ཡང་རིགས་པས་དཔྱད་བཟོད་དུ་མི་འདུག་པས་རེ་ཞིག་བཏང་སྙོམས་སུ་བཞག་ཅིང་། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ནས་ཉེ་བར་བཟུང་ད་ལྟའི་བར་བར་མ་ཆད་པའི་བརྒྱུད་ལྡན་གྱི་མཁས་པའི་བཞེད་པ་གཙང་མའི་རྗེས་སུ་འབྲང་བ་ལ་ཁོ་བོ་ཅག་ལ་མི་བདེ་བ་ཅུང་ཟད་ཙམ་མ་མཆིས་པ་ནི་བསོད་ནམས་མཆོག་གི་སྐལ་བར་འཁུམ་མོ།།
ཤེར ་མདོ་གསུངས་དུས།
ཤེར་ཕྱིན་གྱི་མདོ་སྡེ་རེན་པོ་ཆེ་འདི་དག་ནི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ནས་ལོ་བདུན་ནམ་བཅུ་དྲུག་སྐོར་འདས་པ་ན་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིར་དགེ་སློང་གི་དགེ་འདུན་དང་། བྱང༌ཆུབ་སེམས་དཔའི་དགེ་འདུན་དང༌། ལྷ་མིའི་འཁོར་གྱི་འདུས་པ་དཔག་ཏུ་མེད་པ་ལ་ཞལ་ནས་གསུང་པ་དང༌། རྗེས་སུ་གནང་བ་དང༌། བྱིན་གྱིས་བརླབས་པ་ཅི་རིགས་པའི་སྒོ་ནས་བཀའ་བསྩལ་པ་ཡིན་ཞིང་། ཇི་ལྟར་བསྡུས་པའི་ཚུལ་ཡང༌། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ནི་རྩ་བའི་སྡུད་པ་པོ་ཀུན་ཏུ་བཟང་པོ དང༌། འཇམ་དཔལ་དང༌། གསང་བའི་བདག་པོ དང༌། བྱམས་པ་ལ་སོགས་པ་རྣམས་ཀྱི་བསྡུས་ཤིང༌། རྩ་བའི་སྡུད་པ་པོ་ཉན་ཐོས་མ་ཡིན་པའི་ཁུངས་སུ་ཤིམ་ཤམ་པའི་ཚལ་གྱི་མདོ་དང་། བླ་མའི་མདོ་ལ་སོགས་པའི་ཁུངས་དྲངས་ནས་བསྒྲུབ་པར་མཛད། སློབ་དཔོན་འདིས་ནི་རྒྱན་སྣང་ལས། གཞན་དག་ནི་འདི་ཉིད་ཀྱི་ཡོངས་སུ་གཏད་པའི་ལེའུ་ལས། ཇི་ལྟར་ཤེས་རབ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཛམ་བུ་གླིང༌ན་སྤྱོད་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པས། ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ཡོངས་སུ་གཏད་པ་ཡིན་པའི་ཕྱིར། ཡང་དག་པར་སྡུད་པར་བྱེད་པ་ནི་འཕགས་པ་ཀུན་དགའ་བོ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་ཐེག་པ་ཐུན་མོང་བའི་མདོ་སྡེ་རྣམས་དང་ལྷན་ཅིག་ཀུན་དགའ་བོས་བསྡུས་པར་འདོད་པའང་རུང་བར་བཞེད་ཅིང་། གཞུང་གཞན་དུའང་དགེ་འདུན་ཕལ་ཆེན་སྡེ་པའི་སྡེ་སྣོད་ཀྱི་གཞི་ཆེན་པོ་ཞེས་བྱ་བ་དང༌། ཤར་ནུབ་ཀྱི་རི་བོའི་སྡེ་པའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང༌། འཇིགས་མེད་རི་བོའི སྡེ་པའི་ཁྲི་ཉིས་སྟོང༌པ་ཞེས་བྱ་བའི་སྡེ་སྣོད་ཐེག་པ་ཆེན་པོའི་ས་ལམ་གྱི་རྣམ་གཞག་སྟོན་པའི་སྡེ་སྣོད་དག་ཡོད་པར་བཤད་པས། ཤེར་ཕྱིན་ཀྱི་སྡེ་སྣོད་རིན་པོ་ཆེའི་རྩ་བའི་སྡུད་པ་པོ་ཉན་ཐོས་མ་ཡིན་དུ་ཟད་ཀྱང་། ཐོས་པ་འཛིན པའི་མཆོག་ཀུན་དགའ་བོས་ཇི་ལྟར་ཡོངས་སུ་གཏད་པ་བཞིན་ཡུམ་གྱི་མདོ་སྡེ་རིན་པོ་ཆེའང་ཅི་རིགས་པར་སྡུད་པར་མཛད་ཀྱང༌། རིང་པོ་མ་ལོན་པར་ཉམས་པར་གྱུར་ཏོ་སྙཔ་ད་ཁོ་བོ་སེམས་སོ།། བོད་ཀྱི་མཁས་པ་འགའ་ཞིག་ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་ཀུན དགའ་བོ་ཕྱག་རྡོར་དང༌། འོད་སྲུང་བྱམས་པ་ལ་སོགས་པ་ཡིན་པར་བཤད་མོད་རྒྱ་གར་མཁས་པའི་གཞུང་གི་ཁུངས་མ་མཐོང་ཞིང༌། མདོ་སྡེར་འོད་སྲུང་དང༌། བྱམས་པ་དུས་གཅིག་ཏུ་སོ་སོར་ཡང་ཡང་འབྱུང་བས་ཡིད་བརྟན་མ་མཐོང་ངོ༌།།
ཤེར་མདོ་འཛམ་གླིང་དུ་བསྐྱར་རྙེད།
སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ བརྒྱ་ཕྲག་གསུམ་སྐོར་ན་ཨོ་ཌི་ཝི་ཤའི་རྒྱལ་པོ་ཟླ་བ་སྲུང་བའི་སར་འཇམ་དཔལ་གྱི་སྤྲུལ་པའི་དགེ་་སློང་ཞིག་བྱོ ན་ཏེ་ཐེག་པ་ཆེན་པོའི་ཆོས་ཅི་རིགས་པ་བསྟན་ནས་གླེགས་བམ་ཞིག་བཞག་པ་དེ་བརྒྱད་སྟོང་པ་ཡིན་ཞེས་ཤར་ཕྱོགས་པ་རྣམས་འདོད་པ་དང་། འདི་ནི་སྟོན་པ་འདས་ནས་ཐེག་ཆེན་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན་པར་སྒྲོལ་བའི་མགན་པོས་བཤད་ཅིང༌། བརྒྱད་སྟོང་ཀླུ་སྒྲུབ་ཀྱི་སྔོན་ནས་མི་ཡུལ་དུ་ཡོད་པ་བསྟན་བཅོས་གཞན་འགའ་རེ་ནས་ཀྱང་འབྱུང་བས་བདེན་ནམ་སྙམ་མོ།། ཡུམ་སྟོང་ཕྲག་བརྒྱ་པ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས གདན་དྲངས་པར་སྔོན་གྱི་མཁས་པ་རྣམས་ལ་གྲགས་ཤིང༌། ཉི་ཁྲི་ནི་དགེ་བསྙེན་ཞི་བའི་གོ་ཆས་པོ་ཏ་ལ་ནས་སྤྱན་དྲངས་པར་བཤད་དོ།།
ཤེར་མདོའི་བརྗོད་བྱ།
དེ་ལྟར་ཐེག་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་གཞག་ཆ་ཚང་བར་སྟོན་པའི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་གནད་ཐམས་ཅད་ཡོངས་སུ་བསྡུ་ན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང༌། སྦས་དོན་མངོན་རྟོགས་ཀྱི་རམ་པ་གཉིས་སུ་འདུ་ལ། དེ་ཡང་ཕྱི་རབས་ཀྱི་གདུལ་བྱ་བློ་དང་བརྩོན་འགྲུས་ཞན་པ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་ལ་མ་བརྟེན་པར་མདོ་ཡི་དགོངས་པ་རང་སྟོབས་ཀྱིས་འབྱེད་མི་ནུས་པར་གྱུར་པ་ན། རྒྱལ་བའི་དགོངས་པ་འགྲེལ་བར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུས་དབུ་མ་རིགས་པའི་ཚེགས་དྲུག་བརྩམས་ཏེ་་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་ཕྱེས་ཤིང༌། འཕགས་པ་ཐོགས་མེད་ཀྱིས་མི་ལོ་བཅུ་གཉིས་ཀྱི་རིང་དཀའ་སྤྱད་ཆེན་པོས་བྱང་ཆུབ་སེམས་དཔའ་བྱམས་པ་ཡོངས་སུ་བསྙེན་པ་ལས་ཞལ་མངོན་སུམ་དུ་གཟིགས་ཏེ་དགའ་ལྡན་དུ་ཁྲིད་ནས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་མ་ལུས་པ་འདོམས་པར་མཛད་ཅིང་། ལྷག་པར་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་བྱམས་ཆོས་སྡེ་ལྔ་སྟེ། ཤེར་ཕྱིན་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་གང༌ཟག་གཅིག་གིས་ཁྲིགས་ཆགས་སུ་ཉམས་སུ་ལེན་པའི་རིམ་པར་བསྒྲིལ་བའི་མན་ངག་ཟབ་མོ་མངོན་རྟོགས་རྒྱན་དང༌། དེའི་ཉམས་ལེན་གྱི་གནད་ལ་མདོ་སྡེ་མང་པོ་ནས་བཏུས་ཏེ་རྒྱས་པར་བསྟན་པ་མདོ་སྡེ་རྒྱན། ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ཟུར་དུ་བཀར་ནས་བསྟན་པ་དབུས་མཐའ་རྣམ་འབྱེད་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་བཅས་གསན་ནས་མི་ཡུལ་དུ་བྱོན་ཏེ་ཐེག་པ་ཆེན་པོའི་མངོན་རྟོགས་ཉམས་ལེན་གྱི་རིམ་པ་རྣམས་ཆེས་ཤིན་ཏུ་གསལ་བར་མཛད་དོ།།
དེའི་ནང་ནས་ཀྱང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ནི་ཡུམ་གྱི་བརྗོད་བྱ་མ་ཚང་བ་མེད་པར་དངོས་པོ་བརྒྱད་དུ་བསྡུས་ཏེ་སྐབས་བརྒྱད་ཀྱིས་གསལ་བར་བསྟན་པར་མཛད་པས་ན། བདེ་བླག་ཏུ་ནི་རྟོགས་པ་ཞེས།། བྱ་བ་རྩོམ་པའི་དགོས་པ་ཡིན།། ཞེས་གསུངས་པ་ལྟར་མདོ་ཡི་དོན་མཐའ་དག་དཀའ་ཚེགས་མེད་པར་བདེ་བླག་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་རྒྱན་ཀྱི་བསྟན་བཅོས་ཆེན་པོ་འདི་མཛད་ཅིང་། དེའང་གང་ཟག་གཅིག་འཚང་རྒྱ་བ་ལ་ཤེས་བྱའི་ཡུལ་དང༌། ཉམས་སུ་ལེན་པའི་ལམ། ལམ་དེས་སྒྲུབ་པའི་འབྲས་བུ་གསུམ་དུ་གྲངས་ངེས་པ། དང་པོ་མཁྱེན་གསུམ་དང༌། གཉིས་པ་སྦྱོར་བ་བཞི། གསུམ་པ་ཆོས་སྐུར་བསྡུས་ནས་བསྟན་ཏོ།། ཤེས་བྱའི་ཡུལ་ལའང་མཁྱེན་པ་གསུམ་དུ་གྲངས་ངེས་པ་ཡིན་ཏེ། འབྲས་བུ་ལ་མཐོང་ཐོས་ཀྱི་སྤྲོ་བ་སྐྱེ་བའི་ཕྱིར་དོན་གཉིས་ཕུན་ཚོགས་དང་ལྡན་པའི་རྣམ་མཁྱེན་བསྟན་པ་དང༌། ཐོབ་འདོད་སྐྱེས་པ་ན་གདོད་དེ་ཐོབ་པའི་ཐབས་ལམ་ལ་འཇུག་པར་འགྱུར་བས་དའི་འོག་ཏུ་ལམ་ཤེས་དང༌། དེའི་གོལ་ས་བསལ་བའི་ཕྱིར་གཞི་ཤེས་བཅས་རིམ་བཞིན་དུ་བསྟན་པའི་ཕྱིར་རོ།།
དེ་བཞིན་དུ་ཉམས་ལེན་ཡང་སྦྱོར་བ་བཞིར་འདུ་ཚུལ་ནི། མཁྱེན་གསུམ་ཤེས་བྱའི་ཡུལ་དུ་གཏན་ལ་ཕབ་པ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་བསྐྱེད་ཅིང་སྤེལ་བའི་སྒོ་ནས་ཉམས་སུ་ བླང་དགོས་ཤིང༌། དེ་ཡང་མ་ཐོབ་པ་འཐོབ་པར་བྱེད་པ་རྣམ་རྫོགས་སྦྱོར་བ་དང༌། འཐོབ་པའི་གནས་སྐབས་ཀྱི་རྩེ་སྦྱོར་དང༌། ཐོབ་ཟིན་ཁྱད་པར་དུ་སྐྱེད་པར་བྱེད་པ་མཐར་གྱིས་པའི་སྦྱོར་བ་དང༌། དེ་གྲུབ་པའི་གནས་སྐབས་སྐད་ཅིག་མའི་སྦྱོར་བའོ།། དེ་ཡང་དབང་དུ་བྱེདཔའི་རྒྱུ་འབྲས་རྣམ་རྩེ་གཉིས་མེད་ན། འབད་མེད་ལྷུན་འགྲུབ་ཀྱི་ཆོས་སྐུ་མི་འཐོབ་ལ། བརྟན་པ་རྒྱུ་འབྲས་མཐར་གྱིས་པ དང་སྐད་ཅིག་མའི་སྦྱོར་བ་གཉིས་མེད་ན། ཆོས་གཅིག་མངོན་དུ་བྱེད་པ་ན་ཐམས་ཅད་མངོན་དུ་བྱེད་བའི་རྣམ་མཁྱེན་མི་འཐོབ་བས་རྒྱུ་འབྲས་ཀྱི་རིམ་པ་གཉིས་ཀ་དགོས་སོ།། གཞན་ཡང་། སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཀྱི་དབང་དུ་བྱས་ནས་དང་པོ་གཉིས་དང༌། རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཀྱི་དབང་དུ་བྱས་ནས་ཕྱི་མ་གཉིས་སོ།།
དེའང་མཁྱེན་པ་གསུམ་གདུལ་བྱ་སྤྲོ་བ་སྐྱེ་བའི་རིམ་པའི་དབང་དུ་བྱས་ནས་བསྟན་ཅིང༌། སྦྱོར་བ་བཞི་དང་ཆོས་སྐུ་ནི་མངོན་ ་རྟོགས་རྒྱུད་ལ་སྐྱེ་བའི་རིམ་པའི་དབང་དུ་མཛད་ནས་བསྟན་པར་མཛད་དེ།། དེ་ལྟར་དངོས་པོ་བརྒྱད་དང་དོན་བདུན་ཅུས་ཡུམ་གྱི་བརྗོད་བྱ་མ་ཚང་བ་མེད་པར་བསྡུས་ཤིང་། གོ་སླ་བ་གླེང་གཞི་དང༌། རྟག་ཏུ་ངུ་དང༌། ཆོས་འཕགས། ཡོངས་གཏད་ཀྱི་ལེའུ་ཙམ་མ་གཏོགས་ཡུམ་གསུམ་གའི་གནད་རྣམས་མ་ཚང་བ་མེད་པར་བསྡུ་ས་ཏེ་བསྟན་པས་ན། བློ་ཡི་རིམ་པ་རབ་འབྲིང་ཐམས་ཅད་ཀྱིས་འཇུག་བདེ་ཞིང་ཡུམ་དོན་བདེ་བླག་ཏུ་རྟོགས་བར་བྱེད་པའི་ངོ་མཚར་ཅན་གྱི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་འདི་ནི་ཐེག་པ་ཆེན་པོའི་གཞུང་ལུགས་ཐམས་ཅད་ཀྱི་ཡང་སྙིང་ལྟ་བུ་ཞིག་ཡིན་ནོ།།
དེ་ཡང་མཁས་མཆོག་དབྱིག་གཉེན་གྱིས། མདོ་དོན་སྨྲ་བ་དག་གིས་ནི།། དགོས་པ་བསྡུས་པའི་དོན་བཅས་དང༌།། ཚིག་དོན་བཅས་དང༌མཚམས་སྦྱར་དང༌།། བརྒལ་ལན་བཅས་པ་བསྙད་པར་བྱ།། ཞེས་གསུངས་པ་ལྟར། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ།། ཞེས་སོགས་ཀྱིས་དགོས་དོན་དང༌། ཤེས་རབ་ཕ་རོལ་ཕྱིན་པ་ནི།། ཞེས་སོགས་ཀྱིས་བསྡུས་དོན་དང༌། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཞེས་སོགས་ཀྱིས་ཚིག་དོན་དང༌། དེ་ནས་ཐམས་ཅད་ཤེས་པ་ཉིད།། ཅེས་སོགས་ཀྱིས་མཚམས་སྦྱར་དང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། ཞེས་སོགས་ཀྱིས་བརྒལ་ལན་ཏེ། བཤད་ཐབས་ཡན་ལག་ལྔའི་སྒོ་ནས་མདོ་དོན་གཏན་ལ་འབེབས་པའི་ཚིག་ཉུང་ལ་དོན་གསལ་ཞིང༌། མ་འབྲེལ་བ་དང༌ཟློས་བའི་སྐྱོན་དང་བྲལ་ཞིང་། གཞན་གྱིས་རྒོལ་བའི་ཀླན་ཀ་མི་རྙེད་པ་དང༌། གདུལ་བྱའི་རྒྱུད་ལ་སྤྲོ་བ་བདེ་བླག་ཏུ་སྐྱེད་པར་ནུས་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པ་ཡིན་ནོ།།
དེ་ལྟ་བུའི་ཁྱད་པར་ཅན་གྱི་བསྟན་བཅོས་འདིའི་མཛད་པ་པོ་ནི། འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་འཛམ་བུའི་གླིང་འདིར་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་སྐབས་སུ་བབས་ཏེ་དགའ་ལྡན་ནས་འཕོ་བའི་མཛད་པ་སྟོན་པར་ཉེ་བ་ན། རང་གི་ཅོད་པཎ་གང་གི་དབུར་བཅིངས་ཏེ་རྒྱལ་ཚབ༌དམ་པར་དབང་བསྐུར་ཞིང༌། མ་འོངས་པ་ན་རྣམ་འདྲེན་ལྔ་པ་སངས་རྒྱས་བྱམས་པའི་ངོ་བོར་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པར་འགྱུར་བ། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་སོགས་རྣམ་འདྲེན་བཞི་པའི་ཐེག་ཆེན་གྱི་སྡེ་སྣོད་ཕལ་མོ་ཆེ་གསུངས་པའི་འཁོར་དུ་འདུ་ཞིང༌། ཟབ་རྒྱས་ཀྱི་དོན་གོང་ནས་གོང་དུ་འདྲི་བ་དང་བགྲོ་བའི་སྤོབས་པ་ཅན། རྒྱ་ཆེ་བའི་ལམ་གྱི་རིམ་པའི་བརྒྱུད་པའི་སྐབས་བབས་དགའ་ལྡན་དུ་བཞུགས་པའི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེཔས་དཔའ་བྱམས་པ་ཉིད་ཡིན་པ་ནི། ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ནས་ཉེ་བར་བཟུང་འཕགས་བོད་ཀྱི་མཁས་པ་ཀུན་ལ་རྩོད་མེད་དུ་གྲགས་པ་འདི་ཡིན་མོད། དེང་དུས་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་རྣམས་དགའ་ལྡན་ན་བཞུགས་པའི་བྱམས་པས་གཞུང་བརྩམས་པ་དང༌། དེ་ཐོགས་མེད་ཀྱིས་བརྒྱུད་དེ་མི་ཡུལ་དུ་དར་བ་སོགས་སར་གནས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་བློ་ཡུལ་དུ་མ་ཤོང་བར་འཕགས་ཡུལ་མ་ཐུ་རར་འཁྲུངས་པའི་རྒྱལ་རིགས་ལས་རབ་ཏུ་བྱུང་བ་སློབ་དཔོན་བྱམས་པས་མཛད་ཅེས་འདོད་པ་ནི། ཐོགས་མེད་ཀྱིས་
མི་ལོ་བཅུ་གཉིས་རིང་དུ་བརྩོན་པ་དྲག་པོས་རྗེ་བཙུན་བསྒྲུབས་པའི་རྗེས་སུའང་བྱམས་མགོན་ཁྱི་མོར་མཇལ་བའི་རྣམ་ཐར་ལ་བསམ་ན་རྒྱན་རྩོམ་པ་པོ་མི་ཡི་རྟེན་ཅན་གྱི་སློབ་དཔོན་ཞིག་ཏུ་འདོད་པའང་དགའ་ཚད་དུ་འདུག་ཅིང༌། གངས་ཅན་གྱི་མཁས་གྲུབ་ཆེན་པོ་སྤྱན་སྔ་བས། རང་རེའི་ལས་ངན་སྒྲིབ་པའི་ཆེ་ལུགས་ཀྱིས། བླ་མ་མི་རུ་མཐོང་བ་དགའ་ཚད་ཡིན། ཁྱི་དང༌བོང་བུར་མ་མཐོང་བསོད་ནམས་ཆེ།། མོས་གུས་སྙིང་ནས་སྦྱོངས་ཤིག་ཤཱཀྱའི་སྲས། །ཞེས་གསུངས་པའི་ངང་ཚུལ་དུ་སྣང་བས་དགག་བཞག་གི་་སྤྲོས་པ་མི་བྱའོ།།
རང་ལུགས་ཀྱི་བཞེད་པ་ཉིད་དུའང་རྒྱན་རྩོམ་པའི་དུས་ལ་བཞེད་ཚུལ་མི་མཐུན་པ་གཉིས་སུ་སྣང་སྟེ། སློབ་དཔོན་འདི་པ་སོགས་རྒྱན་གྱི་འགྲེལ་མཛད་ཕལ་ཆེ་བས་ནི་ཐོགས་མེད་ཀྱིས་རྗེ་བཙུན་མཇལ་བའི་རྗེས་སུ་མཛད་བར་བཞེད་ལ། སྙིགས་དུས་ཀྱི་མཧཱ་པཎྜིཏཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་ནི་ཀུན་ཏུ་བཟང་པོ་དང༌ ཕྱག་ན་རྡོ་རྗེ་དང༌། བྱམས་པ་ལ་སོགས་པས་བཀའ་བསྡུ་བའི་མཇུག་ཐོག་ཉིད་དུ་མཛད་པར་བཞེད་ལ། རྒྱུ་མཚན་དངོས་སུ་མ་གསུངས་ཀྱང་ཕྱིས་ཀྱི་དེའི་རྗེས་འབྲངས་བོད་ཀྱི་མཁས་བ་འགའ་ཞིག་དེའི་སྒྲུབ་བྱེད་དུ། འགྲེལ་ཆེན་དྲི་མེད་འོད་ཀྱི་ལེའུ་བཅུ་གཉིས་པར་རྒྱན་གྱི་ལུང་དྲངས་པས། དེའི་སྔོན་ད་རྒྱན་ཡོད་དགོས་ལ། དེ་ལྟ་ན་ཕལ་ཆེར་བྱམས་པ་ལ་སོགས་པས་བཀའ་བསྡུ་བ་ཉིད་ཀྱི་ཚེ་ན་མཛད་ངེས་ཞེས་བཞེད་ཅིང༌། ཕྱིས་ཀྱི་མཁས་པ་རྩོད་མེད་འགས་ཀྱང་མི་ཡུལ་དུ་ཐོགས་མེད་ཀྱིས་དྲངས་ཀྱང་། ཤམ་བྷ་ལ་སོགས་སུ་དེའི་སྔོན་ནས་དར་བ་འདྲའོ་ཞེས་གསུང་མོད། ཁོ་བོ་ནི་འགྲེལ་ཆེན་དྲི་མེད་འོད་ཕྱི་ལོ་བརྒྱ་ཕྲག་བཅུ་པའི་སྐོར་ཞིག་ལ་བརྩམས་སམ་སྙམ་ཞིང༌། ཇི་ཙམ་སྔ་ཡང་ཕྱོགས་གླང་ཡབ་སྲས་ཀྱི་རྗེས་སུ་བྱུང་བར་ཆེས་གསལ་བའི་སྒྲུབ་བྱེད་མང་བས། ཐོགས་མེད་ཀྱི་སྔོན་དུ་མ་བྱུང་བ་ནི་ཁོ་བོ་མགྲིན་པ་བདེགས་ཏེ་སྨྲའོ།། གང་ལྟར། འཕགས་ཡུལ་གྱི་མཁས་པ་སྟག་སེང༌ཁ་འཐབ་པའི་བར་དུ་བྱང་ཕྱོགས་པའི་བླུན་པོ་ཝ་སྐྱེས་བདག ལྟ་བུས་སྨྲ་བའི་འབབ་སྟེགས་གཡོ་བའི་སྤོབས་པ་མ་མཆིས་མོད། བདག་ཉིད་ཆེན་པོ་ཙོང༌ཁ་པས། ཤེས་བྱེད་གཞན་མེད་པར་མཉམ་པ་ལ། མཁས་པ་ཕལ་མོ་ཆེ་ལ་བརྒྱུད་ནས་གྲགས་པའི་གཏམ་རྒྱུད་ལ་སྔ་མ་ཁོ་ན་སྣང་བའི་ཕྱིར་རོ།། ཞེས་གསུངས་པའི་རྗེས་སུ་འབྲང་ངོ༌།། ཡང་དྲན་པ་ཡེ་ཤེས་གྲགས་པས་མཛད་བར་གྲགས་པའི་འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་དང་མཐུན་པར་སྦྱར་བའི་འགྲེལ་པ་ལ་དཔེ་རྙིང་དག་པ་རྣམས་ཀྱི་ནང་པཎྜིཏ་བྱམས་པས་མཛད་བྱ་བ་སྣང་སྟེ། དེ་ལྟར་ན་མཻ་ཏྲི་པ་ལ་དེར་ནོར་བ་ཡིན་ནམ་སེམས་སོ་ཞེས་མཁས་མཆོག་བུས་གསུང་པ་སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་ཏུ་གསལ་བས། རྒྱན་གྱི་འགྲེལ་མཛད་ཀྱི་ནང་དུའང་པཎྜིཏ་བྱམས་པའི་མཚན་ཅན་གྱི་སློབ་དཔོན་ཞིག་ཡོད་དམ་སྙམ་སྟེ་པྱད་པར་མཛོད་ཅིག།
རྒྱན་འགྲེལ།
དེ་ལྟར་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་ལ་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་འགྲེལ་པ་འགྲེལ་བཤད་བསྡུས་དོན་སོགས་མཐའ་ལས་འདས་པ་ཞིག་ཡོད་བར་གདོན་མི་ཟ་མོད། བོད་དུ་འགྱུར་བ་ཉེར་གཅིག་ཡོད་པ་དང༌། དེ་དག་ལ་རྒྱ་འགྲེལ་ཉེར་གཅིག་ཅེས་བོད་ཀྱི་འགྲེལ་མཛད་ཀུན་ལ་རླུང་ལྟར་གྲགས་མོད། རྒྱ་གར་མཁས་པའི་གསུང་དུ་དོགས་པ་མ་མཆིས་པ་ནི་བཅོ་བརྒྱད་ཉིད་དུ་སྣང་ངོ༌།། དེ་ཡང་ཡོངས་སུ་གྲགས་པ་ལྟར་གྱི་འགྲེལ་པ་ཉེར་གཅིག་པོ་དེ་དག་ནི། མདོ་དང༌སྦྱར་བ་བཅུ་གཉིས། མ་སྦྱར་བ་དགུ་ཡོད་ལ། ཐོག་མར་མདོ་རྒྱན་སྦྱར་བ་བཅུ་གཉིས་ལའང་།
(༡) འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ། པཎྜིཏ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། (སྡེ་ཀ)
(༢) བཙུན་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ། ཤོ་ལོ་ཀ་ལྔ་སྟོང་བཞི་བརྒྱ་པ། བལ་པོ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་འབྲོ་མི་སེང༌དཀར་ཤཱཀྱ་འོད་ཀྱི་འགྱུར། (སྡེ་ཁ)
(༣) སློབ་དཔོན་ཆེན་བ་སེངགེ་བཟང་པོས་མཛད་པའི་་ཁྲི་ལེའུ་བརྒྱད་མ། བམ་པོ་དོན་བཞི་ཅན། བལ་པོ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་ཚུལ་ཁྲེམས་རྒྱལ་བའི་འགྱུར། (སྡེ་ག་ང་ཅ་)
(༤) རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ཉི་ཁྲི་དག་ལྡན། (འདིས་རྒྱན་སེམས་ཙམ་དུ་བཀྲལ་) པཎྜིཏ་སུ་བྷུ་ཏི་ཤན་ཏི་དང་ལོ་ཙཱ་བ་ཤཱཀྱ་བློ་གྲོས་དང་དགེ་བའི་བློ་གྲོས་གཉིས་ཀྱི་འགྱུར་ལ་ཕྱིས་སུ་བལ་པོ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བཅོས་པ་ (སྡེ་ཏ་)
བཅས་ཉི་ཁྲི་དང་སྦྱར་བ་བཞི།
(༡) སློབ་དཔོན་སེང་བཟང་གས་མཛད་པའི་རྒྱན་སྣང་ཤོ་ལོ་ཀ་བརྒྱད་སྟོང་པ་པཎྜིཏ་སུ་བྷ་ཤི་ཏ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ་སླར་ཡང་ཇོ་བོ་དང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང༌བསྟུན་ནས་བཅོས་ཤིང༌། ཡང་བསྒྱུར་པཎྜིཏ་ དཧཱིར་པལ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ། (སྡེ་ཆ་)
(༢) རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྙིང་པོ་མཆོག །ཤོ་ལོ་ཀ་བརྒྱད་སྟོང་པ། (འདིས་ཀྱང་རྒྱན་སེམས་ཙམ་དུ་བཀྲལ།) པཎྜིཏ་ཤྲཱི་སུ་བྷུ་ཏི་ཤན་ཏི་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། (སྡེ་ཐ་)
(༣) འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་གནད་ཀྱི་ཟླ་འད། པཎ་ཆེན་དེ་ཉིད་དང་། ལོ་ཙཱ་བ་ཤེས་རབ་དཔལ་གྱིས་ན་ལན་དྲའི་གཙུག་ལག་ཁང་དུ་བསྒྱུར་བ། (སྡེ་ད་ ) བཅས་བརྒྱད་སྟོང་དང་སྦྱར་བ་གསུམ།
(༡) སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་པའི་དཀའ་འགྲེལ། བམ་པོ་དྲུག །པཎྜིཏ་བིདྱ་སིངྷ་ཀ་ར་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། (སྡེ་ཉ་ )
(༢) སློབ་དཔོན་སེང་གེ་བཟང་པོས་མཛད་པའི་སྡུད་འགྲེལ་རྟོགས་སླ། ཤོ་ལོ་ཀ་ཉིས་སྟོང་བརྒྱ་པ། བལ་པོ་ཞི་བ་བཟང་པོ་དང༌། འབྲོ་ཤཱཀྱ་འོད་ཀྱི་འགྱུར། (སྡེ་ཇ་)
(༣) ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་བ་རེག་ལོ་ཙཱ་བའི་འགྱུར། (སྡེ་ད་ )བཅས་སྡུད་པ་དང་སྦྱར་བ་གསུམ།
(༡) ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པ་འགྱུར་བྱང་མི་གསལ་བ།( སྡེ་ད་) སྟེ། འབུམ་རྐྱང་དང་སྦྱར་བ་གཅིག།
(༡) པཎྜིཏ་དྲན་པ་ཡེ་ཤེས་གྲགས་ཀྱིས་མཛད་པར་གྲགས་པའི་ཡུམ་གསུམ་དང་མཐུན་པར་སྦྱར་བའི་འགྲེལ་བ་འགྱུར་བྱུང་མི་གསལ་བ། (སྡེ་ཁད་
སྟེ། འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་གསུམ་དང་སྦྱར་བའི་འགྲེལ་པ་གཅིག་བཅས་མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་དང༌།
(༡) སློབ་དཔོན་སེང་བཟང་གིས་མཛད་པའི་འགྲེལ་ཆུང་། བམ་པོ་ལྔ་པ། (དོན་གསལ།) པཎྜིཏ་བིདྱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་ལ་སླར་ པཎྜིཏ་གོ་མི་འཆི་མེད་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ།( སྡེ་ཇ་ )
(༢) འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་ཚིག་གསལ། སློབ་དཔོན་ཆོས་ཀྱི་བཤེས་གེན་གྱིས་མཛད་པ། པཎྜིཏ་ ཨ་བྷི་ཡུགྟ་ཀ་ད་ར་ཏ་ཤྲཱི་མི་ཏྲ་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། (སྡེ་ཉ་ )
(༣) ཡང་འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་རྟོགས་པར་དཀའ་བའི་སྣང་བ་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ་པཎྜིཏ་མར་མེ་མཛད་ཡེ་ཤེས་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། (སྡེ་ཇ་ )
(༤) འགྲེལ་ཆུང་དོན་གསལ་གྱི་བསྡུས་དོན་ནུབ་སྒོ་བ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ པཎྜིཏ་སུ་མ་ཏི་ཀིརྟི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར༑ (སྡེ་ཇ་ )
(༥) རྒྱན་གྱི་བསྡུས་དོན་ཇོ་བོ་རྗེས་མཛད་པར་གྲགས་པ། ( དོན་བསྡུས་སྒྲོན་མ་) པཎྜིཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། (སྡེ་ཐ་)
(༦) ཁ་ཆེ་གཞོན་ནུ་དཔལ་གྱིས་མཛད་པའི་རྒྱན་གྱི་བསྡུས་དོན་ པཎྜིཏ་དེ་ཉིད་དང། ལོ་ཙཱ་བ་བཀྲིས་རྒྱལ་མཚན་གྱི་འགྱུར། (སྡེ་ཉ་)
(༧) རིན་ཆེན་གྲགས་ཀྱིས་མཛད་པའི་གྲགས་པའི་ཆ་པཎྜིཏ་དེ་ཉིད་དང༌། ལོ་ཙཱ་བ་མཆིམས་ཡན་དན་དཔལ་འབར་གྱི་འགྱུར། (སྡེ་ཉ་)
(༨) ཁ་ཆེ་བུདྡྷ་ཤྲཱི་ཛཉནསཛྙཱ་ནས་མཛད་པའི་ཤེས་རབ་སྒྲོན་མེའི་ཕྲེང་བ་པཎྜིཏ་་དེ་ཉིད་དང༌། ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། (སྡེ་ད་ )
(༩) སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཐུབ་པ་དགོངས་རྒྱན། ཤོ་ལོ་ཀ་དྲུག་སྟོང་ལྔ་བརྒྱ་པ། པཎྜིཏ་དེ་ཉིད་དང༌། ལོ་ཙཱ་བ་དཔང་ཞོ་གསལ་བ་གྲགས་ཀྱིས་ནལེནྡྲེར་བསྒྱུར་བ་ལ་ཕྱིས་དཔང༌བློ་བརྟན་གྱིས་དག་པར་བཅོས་པ། (སྡེ་ཨ) བཅས་མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་སྟེ་རྒྱ་འགྲེལ་ཉི་ཤུ་རྩ་གཅིག་ཅེས་གྲགས་སོ།།
དེ་དག་ལས་སྡུད་པ་དང་སྦྱར་བའི་འགྲེལ་པ་ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་དང༌། ཡང་དེ་ཉིད་ཀྱིས་མཛད་པར་གྲགས་པའི་འབུམ་རྐྱང་དང་སྦྱར་བའི་འགྲེལ་པ་སྟོང་ཕྲག་བརྒྱ་པའི་བཤད་པ་གཉིས་སུ་བོད་ཚིག་མང་བས། ཁ་ཆེ་དྷརྨ་ཤྲཱིར་ཁ་གཡར་བ་ཙམ་ལས་རྒྱ་འགྲེལ་ཚད་ལྡན་མ་ཡིན་པར་མངོན་པ་དང༌། སྨྲི་ཏི་དྲན་པ་ཡེ་ཤེས་དབང་པས་མཛད་བར་གྲགས་པའི་ཡུམ་གསུམ་དོན་བརྒྱད་དང་སྦྱར་བའི་འགྲེལ་པ་ཡང་མདོ་རྒྱན་སྦྱར་ཚུལ་ལ་སྐྱོན་ཆགས་པ་མང་བས་ཀུན་མཁྱེན་བུས་མཻ་ཏྲི་པ་ལ་སྨྲི་ཏིར་ནོར་བ་ཡིན་ནམ། ཞེས་གསུངས་པ་ལྟར་མཁས་དབང་དྲན་པ་ཡེ་ཤེས་གྲགས་ཀྱིས་མཛད་མིན་ལ་དོགས་པ་ཆེ་ཡང་རྒྱ་འགྲེལ་ཞིག་ནི་ཡིན་པར་མངོན་ནོ།། མདོ་རྒྱན་མ་སྦྱར་བའི་འགྲེལ་པའི་གྲས་ཇོ་བོས་མཛད་པར་གྲགས་པའི་བསྡུས་དོན་ (དོན་བསྡུས་སྒྲོན་མ་) ཡང་ནུས་པ་ཆུང་ཞིང་བོད་ཚིག་མང་བས་ཇོ་བོས་མ་མཛད་པར་གསལ་ལ། དེ་ལྟར་ན་དོགས་མེད་ཀྱི་རྒྱ་འགྲེལ་བོད་དུ་འགྱུར་བ་ནི་བཅོ་བརྒྱད་དོ།། འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཐུབ་པ་དགོངས་རྒྱན་ནི་གསུང་རབ་སྤྱིའི་དགོངས་འགྲེལ་ཡིན་མོད། ལེའུ་ཕྱི་མ་གསུམ་དུ་གཙོ་ཆེར་མངོན་རྒྱན་ཀྱི་དོན་སྟོན་པས་རྒྱན་འགྲེལ་དུ་བགྲང་ཡང་མི་རུང་བ་མེད་པས་འདིར་བགྲང་ལ། གང་ཟག་སོགས་འགའ་ཟུང་མདོ་དང་སྦྱར་ཡང་ཕལ་མི་ཆེ་བས་མདོ་རྒྱན་མ་སྦྱར་བའི་འགྲེལ་པར་བགྲངས་སོ།།
དེ་ལྟར་མདོ་རྒྱན་སྦྱར་བ་དང་མ་སྦྱར་བའི་འགྲེལ་པ་ཇི་སྙེད་ཅིག་ཡོད་པའི་ནང་ནས་ཁྱད་པར་དུ་འཕགས་པ་ཚིག་ཉུང་ལ་དོན་གསལ་ཞིང་བླ་མཆོག་དམན་ཀུན་ཀྱི་འཇུག་པར་བདེ་བ། མངོན་བར་རྟོགས་པའི་རྒྱན་ཡུམ་རྒྱས་འབྲིང་བསྡུས་བ་གསུམ་གའི་རྒྱན་དུ་འགྲེལ་བའི་སློབ་དཔོན་སེང་གེ་བཟང་བོས་མཛད་པའི་འགྲེལ་ཆུང་དོན་གསལ་འདི་ནི་འཔགས་ཡུལ་གྱི་མཁས་བ་མཐའ་དག་གིས་གཅེས་ནོར་དམ་པར་བཟུང་བ་མ་ཟད། ཡུལ་གངས་ཅན་གྱི་ལྗོང་སུ་ནི་རྒྱན་ཀྱི་འགྲེལ་མཛད་ཐམས་ཅད་ཀྱིས་འགྲེལ་པ་འདི་ཁོ་ནའི་རྗེས་སུ་འབྲངས་ཤིང་ཚད་མར་བཟུང་བར་མཛད་དོ།། དེ་ཡང་མདོ་རྒྱན་སྦྱར་བའི་འགྲེལ་པ་ཐམས་ཅད་ཀྱི་ཐོག་མའམ་སྲོལ་འབྱེད་ལྟ་བུ་ནི་འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་ཡིན་ལ། མདོ་རྒྱན་མ་སྦྱར་བའི་འགྲེལ་པ་ཐམས་ཅད་ཀྱི་ཐོག་མ་ནི་སློབ་དཔོན་གྱི་འགྲེལ་ཚུལ་འདི་ཉིད་ཡིན་བར་མངོན་ནོ།།
དེ་ཡང་སློབ་དཔོན་འདིས་དོན་གྱིས་དབང་གཉིས་ཤིག་གཟིགས་ནས་འགྲེལ་ཆུང་འདི་རྩོམ་པར་མཛད་དེ། མངོན་པར་རྟོགས་པའི་རྒྱན་ཡུམ་གསུམ་གའི་རྒྱན་དུ་སྟོན་པར་བཞེད་པ་དང༌། མདོར་བསྡུས་ལ་དགའ་བའི་གདུལ་བྱ་རྣམས་ཀྱིས་དུས་ཡུན་ཐུང་ངུ་ཙམ་གྱིས་རྒྱན་དང་ཡུམ་གྱི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་དུའོ།། དེ་ལྟར་ཡང་སྔོན་གྱི་སློབ་དཔོན་དག་གིས་བརྩམས་པའི་ཡུམ་གྱི་འགྲེལ་པ་འགའ་ཞིག་ནི་རྒྱན་དང་མ་སྦྱར་ལ། མདོ་རྒྱན་སྦྱར་བའི་འགྲེལ་པ་རྣམས་ཀྱང་ཡུམ་རེ་རེ་མ་གཏོགས་གསུམ་ག་དང་མ་སྦྱར་བས། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་བྱའི་དོན་ལ་ཁྱད་པར་མེད་པ་དང་། རྒྱན་འདི་ཡུམ་གསུམ་གའི་རྒྱན་དུ་གོ་བར་བྱ་བའི་ཕྱིར་ཏེ། ཀུན་ཀྱི་རྒྱན་དུ་འགྱུར་བ་ནི།། རྣམ་བར་དབྱེ་ཕྱིར། ཞེས་དང་། མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང༌།། དོན་བསྡུས་དེ་ཙམ་ཤེས་པར་བྱ།། འདི་ལྟར་མིན་ན་ཐམས་ཅད་ཀྱི།། རིམ་པ་ལེགས་པར་བསྡུས་མ་ཡིན།། ཞེས་གསུངས་པ་དང༌། དེ་བཞིན་དུ་ཕྱི་རབས་ཀྱི་གདུལ་བྱ་བློ་དང་བརྩོན་འགྲུས་དམན་ཞིང་ཁྱད་པར་དུ་ཡུན་རིང་པོའི་བར་གཞུང་ལུགས་ཆེན་པོ་ལ་ཉན་བསམ་བསྒོམ་པར་བྱ་བའི་གོ་སྐབས་ཀྱིས་དབུལ་བ་དག་རྗེས་སུ་བཟུང་བའི་ཕྱིར་དུས་ཡུན་ཐུང་ངུའི་ནང་མདོ་རྒྱན་གྱི་དགོངས་དོན་མཐའ་དག་ཁོང་དུ་ཆུད་པར་མཛད་པའི་སླད་དུ་སྟེ། གོ་བར་སླ་ཕྱིར་ཚིག་དང་ནི།། ངག་སོགས་སྦྱར་བ་མ་བྱས་པར། །ཞེས་གསུངས་པ་ཡིན་ནོ།། གཞན་ཡང་མཁས་པ་སྔོན་མ་རྣམས་ཀྱིས་མ་རྙེད་བའམ་ཡོངས་སུ་གསལ་བར་མ་མཛད་པའི་མདོ་རྒྱན་གྱི་དགངས་དོན་ཁྱད་པར་ཅན་མང་པོ་ཞིག་སློབ་དཔོན་འདིས་རྙེད་ཅིང་། དེ་དག་ཕྱི་རབས་ཀྱི་གདུལ་བྱ་ལ་སྟོན་པར་བཞེད་པའི་སྒོ་ནས་ཀྱང་འགྲེལ་ཆུང་འདི་མཛད་དེ། འགའ་ཞིག་ཁོ་ནས་མ་རྙེད་པའི།། བསྟན་བཅོས་མཐའ་དག་འདི་དེ་ལྟར་།། རྙེད་པ་གང་དེ་ཡ་མཚན་ནོ།། ཞེས་གསུངས་སོ།། དེ་ཡང་ཡིན་ཏེ། ཐོགས་མེད་སྐུ་མཆེད་ཀྱིས་རྒྱན་སེམས་ཙམ་དུ་བཀྲལ་བ་དང༌། འཕགས་པས་དོན་བཟང་ཡང་ཚིག་མ་འབྲེལ་བ་དང༌། བཙུན་པས་བསྟན་བཅོས་མཐའ་དག་མ་རྙེད་པས་སོ།། ཞེས་ཆོས་བཤེས་ཀྱིས་བཤད་པ་ལྟར་རོ།།
དེ་ལྟར་སློབ་དཔོན་གྱི་འགྲེལ་པ་འདི་ནི་རྒྱུ་མཚན་དུ་མའི་སྒོ་ནས་རྒྱ་འགྲེལ་གཞན་ལས་ཁྱད་པར་དུ་འཕགས་པས་ན། འཕགས་ཡུལ་གྱི་སློབ་དཔོན་ཕལ་ཆེ་བས་འདིའི་རྗེས་སུ་འབྲངས་བར་མ་ཟད། བོད་ཀྱི་འགྲེལ་བྱེད་ཐམས་ཅད་ཀྱིས་འགྲེལ་ཆུང་འདི་ཁོ་ནའི་རྗེས་སུ་འབྲངས་ནས་འགྲོ ལ་བཤད་མཛད་ཅིང་། མདོ་རྒྱན་སྦྱར་ཚུལ་ཡང་རྒྱ ན་སྣང་གི་དགོངས་པ་ཁོ་ན་གཙོ བོར་བཟུང་ཞིང་། སློབ་དཔོན་གྱིས་འཕགས་པ་རྣམ་གྲོལ་སྡེ་ཚད་མར་བཟུང་བས། བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་འཕགས་པའང་སློབ་དཔོན་དང་འདྲ་བར་ཁུངས་སུ་མཛད་ཅིང༌། མདོ་རྒྱན་གྱི་དགོངས་པ་ཕྱེ་བ་ན་འཕགས་སེང་གཉིས་ཞེས་ཀུན ཀྱིས་ཚད་མར་བཟུང་བའི ཡུལ་དུ་གྱུར་ཏོ།།
འདིའི་མཚན་ལ་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་པ། ཞེས་པའམ། ཡང་ན་ཚིག་ལེའུར་བྱས་པའི་འགྲེལ་གསལ་བ་ཞེས་པ་ཙམ་ལས་མ་བྱུང་བས། འགྲེལ་པ་དོན་གསལ་ཞེས་པའི་མཚན་ནི་འཕགས་ཡུལ་དུ་མ་གྲགས་པར་སྣང་མོད། བོད༌ཀྱི་འགྲེལ་མཛད་རྣམས་ཀྱིས་འགྲེལ་པ་འདིའི་ཚིག་དོན་གསལ་བའི་དབང་གིས་སམ། ཡང་ན་འདིའི་འགྲེལ་བཤད་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་ཆག་གསལ་གྱི་ཟླས་དྲངས་ཏེ་དོན་གསལ་ཞེས་བརྗོད་པ་གང་ལྟར་ཡང་འདི་ལ་འགྲེལ་པ་དོན་གསལ་དང་། སློབ་དཔོན་གྱིས་མཛད་པའི་འགྲེལ་ཆུང་ཞེས་བོད་ཀྱི་འགྲེལ་མཛད་པ་ཐམས་ཅད་ལ་གྲགས་སོ།།
འགྲེལ་པ་འདི་ལ་སློབ་དབོན་ཆོས་བཤེས་ཀྱིས་མཛད་པའི་འགྲེལ་བཤད་ཚིག་གསལ་དང་། གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པའི་འགྲལ་བཤད་རྟོགས་དཀའི་སྣང་བ། ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་བསྡུས་དོན་བཅས་རྒྱ་འགྲེལ་བོད་དུ་འགྱུར་བ་གསུམ་སྣང ཞིང་། གོང་དུ་སྨོས་པ་ལྟར་བོད་འགྲེལ་ནི་བགྲངས་ཀྱིས་མི་ལང་བར་མཆིས་སོ།།
དེ་ལྟ་བུའི་ཁྱད་པར་ཅན་གྱི་འགྲེལ་པ་འདིའི་མཛད་པ་པོ་སློབ་དཔོན་སེང་གེ་བཟང་པོ་ནི། རྒྱལ་རིགས་ལས་རབ་ཏུ་བྱུང་ཞིང༌། རྒྱལ་བའི་གསུང་རབ་སྤྱི་དང། ཁྱད་པར་དུ་ཤེར་ཕྱིན་གྱི་མདོ་འགྲེལ་པ་དང་བཅས་པ་ལ་ཐོས་བསམ་མཐར་ཕྱིན་པར་མཛད། མཁན་ཆེན་ཞི་བ་འཚོ་འམ། མཚན་གཞན་ཡང་དག་རྣམ་སྣང་མཛད་དཔལ་བཟང་པོ་ཞེས་བྱ་བའི་བླ་མ་ཡུན་རིང་དུ་བསྟེན་ཅིང་ཤེར་ཕྱིན་གྱི་གཞུང་ལ་སྦྱངས་པ་མཛད་པས། དཀའ་བའི་གནད་འགའ་ཞིག་རྟོགས་དཀའ་ཞིང། ཁྱད་པར་དུ་ཐོགས་མེད་སྐུ་མཆེད་དང་། འཕགས་བཙུན་སོགས་ཀྱི་འགྲེལ་པ་སྔ་མ་རྣམས་སུའང་བཞེད་ཚུལ་མི་མཐུན་པ་དུ་མ་ཞིག་བྱུང་བ་ལས། གང་འཐད་ཕྱོགས་སུ་བཟུང་དགོས་མ་རྟོགས་པས། འཕགས་པ་བྱམས་པ་ཉིད་ལས་དངོས་སུ་གདམས་ངག་གསན་པར་བཞེད་དེ་མཁན་ཆེན་་ཞི་བ་འཚ་ལས་བྱམས་བའི་སྒྲུབ་ཐབས་ཞུས་ཏེ་བསྒྲུབས་པས་རྨི་ལམ་དུ་ཤར་ཕྱོགས་ཁ་སར་པ་ཎིར་སོང་ཞིག་ཅེས་པའི་ལུང་བསྟན་བྱུང་བ་དང༌། དེར་བྱོན་ནས་ཞག་གསུམ་སྨྱུང་གནས་བྱས་ཏེ་རྗེ་བཙུན་ལ་གསོལ་བ་ཤུགས་དྲག་བོ་དང་བཅས་ཏེ་རྨི་ལམ་བརྟགས་བས་ཐོ་རེངས་ཀྱི་རྨི་ལམ་དུ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཆེན་པོའི་ནང་གི་ནམ་མཁར་བྱམས་མགོན་བཞུགས་པ་མཇལ་ཏེ་ཕྱག་མཆོད་བྱས་ནས་ཉིད་ཀྱི་བསྟན་བཅོས་ལ་འགྲེལ་པ་མང་དུ་མཆིས་ན་གང་གི་རྗེས་སུ་འབྲང་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོག་ལ་འཐད་པ་བསྡུས་ཏེ་ཁྱོད་ཉིད་ཀྱིས་འགྲེལ་པ་རྩོམས་ཤིག་ཅེས་གནང་བ་ཐོབ་བོ།། དེ་ལྟར་བྱམས་མགོན་མནལ་ལམ་དུ་མཇལ་བ་ཆོས་བཤེས་ཀྱིས་བཤད་ཅིང༌། དངོས་སུ་མཇལ་བར་ཤེར་འབྱུང་བློ་གྲས་ཀྱིས་བཤད་དོ།། དེ་ནས་བསྟན་བཅོས་བརྩམ་པའི་སྦྱིན་བདག་བཙལ་བའི་ཕྱིར་ནུབ་ཏུ་བྱོན་པ་དང༌། སྐབས་དེའི་རྒྱལ་པོ་པལ་རྒྱལ་བརྒྱུད་ཀྱི་ནང་ཚན་དྷརྨ་པ་ལས་ཡུམ་འཆད་པ་ལ་སེང་བཟང༌མཁས་པར་ཐོས་ནས་སྤྱན་འདྲེན་དུ་བཏང་བའི་ཕོ་ཉ་དང་འཕྲད་དེ། གདན་དྲངས་པར་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་ཕེབས། དགེ་འདུན་སྟོང་ཕྲག་མང་པོ་ལ་ཤེར་ཕྱིན་འདོམས་པར་མཛད།
སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་ནི། འགྲེལ་ཆུང་འདི་ཉིད་དང༌། གཞན་ཡང་མངོན་རྟོགས་རྒྱན་བརྒྱད་སྟོང་དང་སྦྱར་བའི་མན་ངག་རྒྱན་སྣང་ངམ། བརྒྱད་སྟོང་འགྲོ ལ་ཆེན་དུ་གྲགས་པ་དང༌། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་མཐུན་པར་རྒྱན་ཉི་ཁྲི་དང་སྦྱར་བའི་མན་ངག་ཉི་ཁྲི་བསྡུས་དོན་ལེའུ་བརྒྱད་མ། རྒྱན་སྡུ་ད་པ་དང་སྦྱར་བའི་འགྲེལ་པ་རྟོགས་པར་སླ་བ། ཤེར་ཕྱིན་སྒོམ་པ། སྒྲ་ཙནྡྲ་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་བཅས་ངོད་དུ་འགྱུར་བ་བསྟན་འགྱུར་ན་བཞུགས་ཤིང་། བསྟན་བཅོས་གཞན་ཇི་མཛད་མ་ཤེས།
སློབ་དཔོན་འདིའི་མཁན་པོ་ཡང་དག་རྣམ་སྣང་མཛད་ཉིད་སློབ་དཔོན་ལ་ཤེར་ཕྱིན་སྟོན་པའི་བླ་མ་མཆོག་ཅིག་ཡིན་པ་ནི་འགྲེལ་ཆུང་འདི་ཉིད་ལས། མཁན་པོ་ཡང་དག་རྣམ་སྣང་མཛད།། བླ་མ་བཟང་ལ་ཕྱག་འཚལ་ནས།། ཞེས་སོགས་ལས་རྟོགས་ནུས་ཤིང༌། འདི་ཉིད་མཁས་མཆོག་ཞི་བ་འཚོའི་མཚན་གྱི་རྣམ་གྲངས་ཡིན་པ་བོད་ཀྱི་མཁས་པ་ཕལ་མོ་ཆེས་ཕྱོགས་མཐུན་དུ་བཞེད་པར་འདུག་ཀྱང་། སྒྲོལ་བའི་མགོན་པོས་ནི། ཞི་བ་འཚོ་ལས་དབུ་མའི་གཞུང་རྣམས་དང༌། གདམས་ངག་རྣམས་གསན། མཁན་པོ་རྣམ་སྣང་མཛད་བཟང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ོམངོན་བར་རྟོགས་བའི་རྒྱན་མན་ངག་དང་བཅས་པ་གསན། ཞེས་ཞི་འཚོ་དང་རྣམ་སྣང་མཛད་ཐ་དད་པར་བཤད་འདུག་པས་སླར་ཡང་དཔྱད་པར་འོས་སོ།།
སློབ་དཔོན་འདི་བྱོན་པའི་དུས་ནི། རྒྱལ་པོ་དྷརྨ་པ་ལའི་སྐབས་ཡིན་པ་ནི་སློབ་དཔོན་རང་ཉིད་ཀྱི་རྒྱན་སྣང་ལས། རྒྱལ་པོ མཆོག་བརྒྱུད་རྒྱལ་རིགས་ནས་འཁྲུངས་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་རིང་ལ་ནི།། དཀའ་འགྲེལ་བཟང་པོ་དེ་ཉིད་སྣང་བ་ཞེས་བྱ་འདི་ནི་བདག་གིས་བརྩམས། ཞེས་གསུངས་པས་གསལ་ཞེང་། དེ་ལྟ་ན་དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་དྷརྨ་པ་ལའི་རྒྱལ་སྲིད་དབང་བསྒྱུར་གྱི་དུས་རབས། ༧༧༦-༨༠༨ དང་། ་ཡང་ན་ ༧༧༠-༨༡༠ བར་བྱས་འདུག་ཅིང་། སྒྲོལ་བའི་མགོན་པོས་དྷརྨ་པ་ལ་རྒྱལ་སྲིད་དུ་འཁོད་ནས་ལོ་ཉི་ཤུ་ལྷག་གཅིག་ན་སློབ་དཔོན་འདི་སྐུ་འདས་པར་བཤད་པས། དེ་ལྟར་ན་ཕྱི་ལོ་བདུན་བརྒྱ་དགུ་བཅུ་གོ་གྲངས་ཤིག་གི་བར་བཞུགས་པར་མངོན་ཞིང་། འགྲེལ་པ་འདི་རྩོམ་པའི་དུས་རབས་ཀྱང་བདུན་བརྒྱ་བདུན་ཅུ་ནས་བརྒྱད་ཅུའི་བར་ཞིག་ཏུ་ངེས་པ་ཡན་ནོ།།
དེང་དུས་ཀྱི་མཁས་པ་ཁ་ཅིག་སློབ་དཔོན་འདི་རྣལ་འབྱོར་སྤྱོད་པ་བའི་སློབ་དཔོན་དུ་འདོད་པ་དང༌། དེ་བཞིན་ཐོགས་མེད་དང་། འཕགས་པ་གྲོལ་སྡེ་དང་བཙུན་པ་གྲོལ་སྡེ་སོགས་ཀྱང་རྣལ་འབྱོར་སྤྱོད་པ་བའི་སློབ་དཔོན་དུ་འདོད་པ་ནི། པཎྜིཏ་མཉམ་པར་མ་བཞག་བའི་གཏམ་མམ། ཡང་ན་སློབ་དཔོན་འདི་དག་གི་གཞུང་གི་ཚིག་རིས་ཙམ་ལའང་དཔྱད་པ་མ་ཞུགས་པར་སྣང་སྟེ། དེ་ལྟ་མིན་ན་སློབ་དབོན་དེ་དག་དབུ་མ་པ་ཡིན་པ་ནི་གཞུང་རྣམས་སུ། གཞན་དབང་བདེན་མེད་དང༌། ཆོས་ཐམས་ཅད་བདེན་མེད་དུ་ཚིག་ཟིན་ལ་སྟོན་པ་ཡང་ཡང་འབྱུང་བས་ཀྱང་ཤེས་ནུས་པའི་ཕྱིར། དེས་ན་སློབ་དཔོན་སེང་གེ་བཟང་པོ་འདི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པའི་སློབ་དཔོན་ཡིན་ཞིང༌། དེ་ལའང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད་པའི་ནང་ནས། སློབ་དབོན་འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་ཏེ། ཐ་སྙད་དུ་ཕྱི་དོན་མེད་པ་དང༌། རང་རིག་བཞེད་བའི་ཕྱིར་རོ།། དེ་ལྟར་སློབ་དཔོན་འདིའི་རང་གི་རྩ་བའི་གྲུབ་མཐའ་ལ་ཕྱི་དོན་དང༌། ཀུན་གཞི། ཉོན་ཡིད་སོགས་མེད་བར་བཞེད་པ་དང༌། རང་རིག་དང་། རང་གི་མཚན་ཉིན་ཀྱིས་གྲུབ་པ་དང༌། གཞན་སྐྱེ། རང་རྒྱུད་ཀྱི་རྟགས་ཡང་དག་སོགས་ཡོད་པར་བརྟེན་པའི་ཚུལ་ལས་བརྩམས་ཏེ་བརྗོད་པར་བྱ་བ་མང་ནའང་ཡི་གེས་འཇིགས་པས་མ་སྤྲོས་ཤིང༌། འགྲེལ་ཆུང་འདི་དང་རྒྱན་སྣང་ལ་བློ་གྲོས་ཞིབ་མོས་གཟིགས་ན་མཁྱེན་པར་འགྱུར་རོ།།
ཟམ་གདོང་སྦྲུལ་མིང་དགེ་སློང་བློ་བཟང་བསྟན་འཛིན།
བློ་ཡི་བང་མཛོད་ཡོན་ཏན་ནོར་བུས་གཏམས།།
བཟང་པོའི་མཛད་པ་སྐྱེ་དགུའི་གསོས་སུ་སྨིན།།
བསྟན་འཛིན་འབུམ་སྡེའི་དབུས་ན་ལྷམ་མེ་བ།།
མཁས་པའི་མཁས་པ་དེ་ལ་སུ་མི་གུས།།
འདི་ཡང་ཤྲཱི་མིང་པས་སོ།།
No comments:
Post a Comment