Monday, June 8, 2020

དགེ་འདུན་ཉི་ཤུ་འཛིན་གྲྭའི་དྲི་བ།



འབྲས་བློ་གླིང་རྩེད་ཐང་ཁང་ཚན་གྱི་བར་རྒྱུགས་དང་པོའི་སྔོན་འགྲོའི་དྲི་ཤོག  (༢༠༢༠)
དགེ་འདུན་ཉི་ཤུ། དྲི་བ་གནང་མཁན། དགེ་བཤེས་བསྟན་འཛིན་སྙན་གྲགས།

སྤྱི་དོན་དྲི་བ་བཅུ།
༡༽ སྤྱི་དོན། བསྟན་བཅོས་མངོན་རྟོགས་རྒྱན་གྱིས་དགེ་འདུན་ཉི་ཤུ་བསྟན་པ་ན། དེའི་དགོངས་པ་འགྲེལ་པ་ལ་སློབ་དཔོན་དང་འཕགས་པས་དགེ་འདུན་ཉི་ཤུ་དངོས་ཤུགས་སུ་བསྟན་ཚུལ་མི་མཐུན་པ་གང་ཡོད།

༢༽ སྤྱི་དོན། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིར་འཇོག་པའི་རྒྱུ་མཚན་དུ་མཛོད་ལས་གསུངས་ཚུལ་གང་ཡིན་ནམ།

༣༽ སྤྱི་དོན། ཁམས་གོང་མ་ན་མཐོང་ལམ་གསར་དུ་འཐོབ་པ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ཁམས་གོང་མ་ན་སྒོམ་ལམ་གསར་དུ་འཐོབ་པ་ཡོད་མེད་གང་ཡིན།

༤༽ སྤྱི་དོན། འབྲས་གནས་བཞི་པོ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། མཐོང་ལམ་དང་། སྒོམ་ལམ་གང་དང་གང་ལ་བརྟེན་ནས་འཐོབ་པ་ཡོད་མེད་གསལ་བར་བྲིས།

༥༽ སྤྱི་དོན། འབྲས་བུ་བར་པ་གཉིས་ལ་སྤང་བྱ་ཅིག་ཅར་བ་དང་། འབྲས་ཐོག་མཐའ་གཉིས་ལ་ཐོད་བརྒལ་བར་མི་འཇོག་པའི་རྒྱུ་མཚན་གང་ཡིན།

༦༽ སྤྱི་དོན། མཛོད་དང་ཀུན་བཏུས་གཉིས་ཀྱིས་རྒྱུན་ཞུགས་ཀྱི་ས་མཚམས་གསུངས་ཚུལ་ལ་མི་མཐུན་པ་ཡོད་མེད་དང་། སློབ་དཔོན་རང་ལུགས་ཀྱིས་ས་མཚམས་གང་ནས་གསུངས།

༧༽ སྤྱི་དོན། འབྲས་གནས་བཞི་པོ་གང་དང་གང་འཐོབ་པ་ལ་བར་དུ་གཅོད་པའི་གེགས་ཀྱི་གཙོ་བོ་གང་ཡིན།  བར་དུ་གཅོད་པའི་གེགས་ཀྱི་གཙོ་བོ་དང་། གཙོ་བོ་བར་དུ་གཅོད་བྱེད་ཀྱི་གེགས་གཉིས་ལ་ཁྱད་པར་གང་ཡོད།

༨༽ སྤྱི་དོན། རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་དང་། འབྲས་གནས་ཁྱད་པར་ཅན་གཉིས་ཀྱི་དོན་དང་མཚན་གཞི་གང་ཡིན།  

༩༽ སྤྱི་དོན། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་དང་མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་གཉིས་ཀྱི་ཁྱད་པར་དང་།  རེ་ལྟར་ཐོགས་ན་ལན་བདུན་པ་བའི་ཁྱད་ཆོས་གསུམ་གང་ཡིན་སྤྱི་དོན་ལྟར་བྲིས།

༡༠༽ སྤྱི་དོན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བའི་སྐྱེ་བ་ལེན་ཚུལ་དང་། རིགས་ནས་རིགས་སྐྱེའི་སྐྱེ་བ་ལེན་ཚུལ་ལ་ཁྱད་པར་ཡོད་དམ།  སྐྱེ་སྲིད་སྤེལ་མ་སྤེལ་གྱི་ཁྱད་པར།   རིགས་ནས་རིགས་སྐྱེས་དབྱེ་བ་དང་དེས་འཇིག་རྟེན་པའི་སྒོམ་སྤངས་སུ་འགྱུར་བའི་འདོད་ཉོན་ཇི་ཙམ་བར་དུ་སྤངས་པ་ཡོད།


མཐའ་དཔྱོད་དྲི་བ་བཅུ།
༡༽ མཐའ་དཔྱོད།  རང་ལུགས་སུ་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད་དང་།  རྒྱུན་ཞུགས་ཀྱིས་འཇིག་ལྟ་མ་སྤངས་པའི་རྒྱུ་མཚན་གང་ཡིན་ནམ།

༢༽ མཐའ་དཔྱོད། འཇིག་རྟེན་པའི་ལམ་གྱིས་སྤང་བྱ་སྤོང་ཚུལ་དང་འདས་ལམ་གྱིས་སྤང་བྱ་སྤོང་ཚུལ་གཉིས་ཀྱི་ཁྱད་པར་དང་། ས་དགུ་གའི་སས་བསྡུས་ཀྱི་འཇིག་རྟེན་པའི་སྒོམ་སྤངས་ཡོད་མེད་གང་ཡིན།

༣༽ མཐའ་དཔྱོད། ཁམས་གསུམ་གྱི་སྒོམ་སྤངས་ཉོན་མོངས་ཅིག་ཅར་སྤོང་བའི་རྒྱུ་མཚན་གྱིས་སྤང་བྱ་ཅིག་ཅར་བ་འཇོག་ཐུབ་བམ།  མི་ཐུབ་ན་སྤང་བྱ་ཅིག་ཅར་བ་དང་རིམ་གྱིས་པའི་དོན་གང་ཡིན།

༤༽ མཐའ་དཔྱོད། ཐ་མའི་ཆ་མཐུན་ལྔ་ཕལ་ཆེར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག །ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད་འཐད་དམ། ཐ་མའི་ཆ་མཐུན་ལྔ་གང་དང་གང་ཡིན།  

༥༽ མཐའ་དཔྱོད། ཆགས་བྲས་སྔོན་སོང་གི་ཕྱིར་འོང་དེ་ཆགས་བྲལ་སྔོན་སོང་ཡིན་ནམ་མིན། མིན་ན་མིན་པའི་རྒྱུ་མཚན་གང་།  ཆགས་བྲལ་སྔོན་སོང་གི་དགྲ་བཅོམ་མེད་པའི་རྒྱུ་མཚན་གང་ཡིན།

༦༽ མཐའ་དཔྱོད། ཕྱིར་འོང་འབྲས་གནས་ཚེ་གཅིག་བར་ཆད་པའི་མཚན་ཉིད་དང་། འཇིག་རྟེན་པའི་སྒོམ་སྤངས་བདུན་ཙམ་སྤངས་པའི་ཚེ་གཅིག་བར་ཆད་གཅིག་པ་ཡོད་དམ་མེད། དེ་ཡོད་ན་དེ་འདྲ་བ་བར་ཆད་གཅིག་པ་ཇི་ལྟར་རུང་།

༧༽ མཐའ་དཔྱོད། འཇིག་རྟེན་པའི་སྒོམ་སྤངས་ལྔ་པ་སྤངས་པའི་རིགས་ནས་རིགས་སྐྱེ་ཡོད་ན། དེ་དྲུག་པ་སྤངས་པའི་རིགས་ནས་རིགས་སྐྱེ་ཡོད་དགོས་ན། འཇིག་རྟེན་པའི་སྒོམ་སྤངས་བརྒྱད་པ་སྤངས་པའི་ཚེ་གཅིག་བར་ཆད་གཅིག་པ་ཡོད་ན། དེ་དགུ་པ་སྤངས་པའི་ཚེ་གཅིག་བར་ཆད་གཅིག་ཡོད་དགོས་པ་མཚུངས་སོ་ཞེ་ན། མི་མཚུངས་པའི་རྒྱུ་མཚན་ཅི་ཡིན།།

༨༽ མཐའ་དཔྱོད། ཕྱིར་མི་འོང་གི་མཚན་ཉིད་དང་། དེ་ལ་དབྱེ་བ་ཇི་ཙམ་དང་། འདོད་པར་ཚེ་ཡོངས་གྱུར་དང་ཚེ་ཡོངས་སུ་མི་གྱུར་བའི་ཕྱིར་མི་འོང་གཉིས་ཀྱི་ཁྱད་པར་གསལ་བར་བྲིས།

༩༽ མཐའ་དཔྱོད། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ལ་དབྱེ་ན་ཇི་ཙམ་དང་། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བས་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་སམ་མི་སྤངས།  

༡༠༽ མཐའ་དཔྱོད། མཛོད་ལས། མི་ལྡིག་དེ་ནི་དྲི་ཟའོ།། ཞེས་པ་དང་། ཀུན་བཏུས་ལས།  ཅི་སྟེ་ན་དེ་ལྡོག་གོ །དེ་ན་གནས་པ་ཡང་ལས་གསོག་གོ །ཞེས་པའི་ལུང་་གཉིས་ཀྱི་དོན་དང་། རང་ལུགས་གང་གི་རྗེས་སུ་འབྲངས།

རྣམ་བཤད་དྲི་བ་ལྔ།
༡༽ རྣམ་བཤད། ༡༧༡ དེ་ཡང་གནས་སྐབས་ཀྱི་བྱེ་བྲག་ལས་འབྲས་བུ་བཞི་མདོ་ལས་གསུངས་ལ།  དེར་འཇོག་པའི་རྒྱུ་མཚན་ནི། ཞེས་པའི་རྒྱུ་མཚན་གང་ཡིན།

༢༽  རྣམ་བཤད། འབྲས་གནས་བཞི་པོ་ས་གང་ལ་བརྟེན་ནས་ཐོབ་པ་དང་། རྟེན་གང་ལ་བརྟེན་ནས་ཐོབ་པ་ཡིན།

༣༽ རྣམ་བཤད། ༡༧༣ སྤོང་ཚུལ་ནི། དབང་པོ་རྣོན་པོས་ཁམས་གསུམ་གྱི་སྒོམ་སྤང་ཆེན་པོའི་ཆེན་པོ་དགུ་ཅིག་ཅར་སྤོང་བ་ནས་ཆུང་ངུའི་ཆུང་ངུ་དགུ་ཅིག་ཅར་སྤོང་ནུས་པའི་རྒྱུ་མཚན་གང་ཡིན།

༤༽ རྣམ་བཤད། ཐོད་བརྒལ་བའི་ཞུགས་པ་ནི་རྒྱུན་ཞུགས་ལྟར་ཏེ། ཞེས་གསུངས་ན། རྣམ་བཤད་ལས་རྒྱུན་ཞུགས་དང་ཐོད་བརྒལ་བའི་ཞུགས་པ་རྣམས་ས་མཚམས་གང་ནས་འཇོག །ས་མཚམས་དེ་པཎ་ཆེན་རང་ལུགས་སུ་འཐད་དམ་མི་འཐད།

༥༽ རྣམ་བཤད། ཕྱིར་མི་འོང་སྐྱེས་འདའ་བ་ལ་དབྱེ་ན། སྐྱེས་ཙམ་ནས་འདའ་བ་དང་། འདུ་བྱེད་དང་བཅས་ཏེ་འདའ་བ་དང་། འདུ་བྱེད་མེད་པར་འདའ་བ་གསུམ་གྱི་ཁྱད་པར་གང་ཡོད།

གྲུབ་བོ།།

No comments:

Post a Comment