Saturday, June 13, 2020

ནང་ཆོས་ཀྱི་དཔྱད་རྩོམ་འབྲི་ཐབས།



༄༅། །ནམོགུརུམུཎེནྡྲཡ། འདིར་ནང་ཆོས་ཀྱི་བརྗོད་གཞི་བྱེ་བྲག་པ་ཞིག་ལ་དཔྱད་རྩོམ་འབྲི་ཐབས་ཕྱོགས་ཙམ་འཆད་པ་ལ།

༡༽ ཉམས་ཞིབ་ཚད་ལྡན་ཡོང་བའི་ཆ་རྐྱེན་མེད་མི་རུང་བ་ནི། ཕྱོགས་ལྷུང་གི་བསམ་བློ་རྒྱང་རིང་དུ་དོར་ཏེ། གཟུ་བོར་གནས་པའི་བློས་དངོས་པོའི་གནས་ཚུལ་འཚོལ་བ་དེ་ཡིན། དཔྱད་རྩོམ་གཅིག་ཏུ་དཔྱད་གཞི་མང་པོ་དང་རྒྱ་ཆེན་པོ་བཞག་ན་ཉམས་ཞིབ་སྤུས་དག་པོ་འོང་དཀའ་བས། དཔྱད་བྱ་རྒྱ་ཆུང་བའམ་ཉུང་ན་ལེགས།

༢༽ སྔོན་ལ་དཔྱད་གཞིའི་ཡིག་ཆ་རྣམས་ཀློག་གིན་ཤེས་བྱེད་དང་། འདོད་ཚུལ། དཔྱད་རྩོམ་དངོས་གཞིར་འགོད་འོས་ཀྱི་ཚིག་རིས་རྣམས་རགས་ཟིན་བཏབ་སྟེ་ཉར་ཚགས་བྱེད། ཡིག་ཆ་གསོག་སྒྲུབ་ཟིན་ནས་མཐར་དཔྱད་རྩོམ་དངོས་གཞི་བསྒྲིག་ན་ཤིན་ཏུ་ལེགས།

༣༽ ལུང་འདྲེན་དང་། བཞེད་ཚུལ། བཤད་ཡམས། ཁ་འཕངས་པ་སོགས་གང་བྱེད་ཀྱང་མཁས་པ་སོ་སོའི་གསུང་རྩོམ་པར་མ་ཚད་ལྡན་ཞིག་གཞིར་བྱས་ཏེ་པོད་རྟགས་ཤོག་ཕྲེང་རྣམས་ཁ་གསལ་འགོད་དགོས།

༤༽ དཔྱད་རྩོམ་གྱི་ཐོག་མར་མཆོད་བརྗོད་དང་། རྩོམ་པར་དམ་བཅའ། གླེང་བསླང་བ། མཐའི་བསྔོ་སྨོན། མཇུག་བྱང་རྣམས་དཔྱད་རྩོམ་རྒྱས་བསྡུས་དང་བསྟུན་ནས་མང་ཉུང་རན་པར་འབྲི་རྒྱུ།

༥༽ རང་གི་དཔྱད་གཞིའམ་བརྗོད་གཞི་དེ་བསྟན་པའི་རྒྱལ་བའི་བཀའ་དང་རྒྱ་གཞུང་ཚད་ལྡན་རྣམས་ཀྱི་གཞུང་ཚིག་དང་དེར་འགྲེལ་བཤད་དམ་སྙིང་དོན་ངོ་སྤྲོད་བྱེད་རྒྱུ།

༦༽ རྒྱ་གཞུང་སྔ་མར་མ་གསལ་པའི་གནད་དོན་ཕྱི་མར་གསལ་ན་དེའི་ངོ་སྤྲོད་དང་གསལ་བཤད། (འདི་བོད་གཞུང་ལའང་རིགས་བསྒྲེ།) དེ་དག་གི་སྐབས་སུ་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་དང་མཉམ་དགག་གཞག་སྤོང་གསུམ་ཇི་མཛད་གསལ་སྟོན་བྱེད་རྒྱུ།

༧༽ བོད་ཀྱི་སྔ་ཕྱིའི་ཆོས་བརྒྱུད་གཞན་གྱི་མཁས་པས་རྒྱ་གཞུང་གི་དགོངས་པ་འགྲེལ་ཚུལ་དང་། གཞན་ལུགས་འགོག་ཚུལ་དང་། རང་ལུགས་བཞེད་ཚུལ་རྣམས་གསལ་སྟོན་བྱེད་རྒྱུ།

༨༽ དེ་དག་ལ་ཉམས་ཞིབ་པ་རང་ཉིད་ཀྱི་ཆོས་བརྒྱུད་དེའི་གཞུང་ཆེན་མོའི་བཤད་སྲོལ་གཏོད་པ་པོ་རྣམས་ཀྱིས་དགག་གཞག་སྤོང་གསུམ་ཇི་ལྟར་མཛད་ཚུལ་གསལ་སྟོན་བྱེད་རྒྱུ།

༩༽ རྗེས་འབྲངས་ཡིག་ཆ་རྣམས་ཀྱིས་དགོངས་པ་འགྲེལ་ཚུལ་ལ་བཞེད་པ་མཐུན་མི་མཐུན་དང་། དགག་པ་དང་། དགག་ལན། ཡང་ལན་སོགས་ཇི་མཛད་སྒྲུབ་བྱེད་ལུང་རིགས་རྣམས་གསལ་བཤད་བྱེད་རྒྱུ།

༡༠༽ གཞུང་རྣམས་སུ་ཕྱོགས་སྔའི་འདོད་པ་བཀོད་པ་རྣམས་ཕྱོགས་སྔའི་འདོད་པ་དངོས་ཡིན་མིན་དང་། གནོད་བྱེད་དང་སྒྲུབ་བྱེད་དུ་བཀོད་པ་རྣམས་གནོད་བྱེད་དང་སྒྲུབ་བྱེད་སོང་མ་སོང་། ཁུངས་སུ་དྲངས་པ་རྣམས་ཤེས་བྱེད་དུ་འགྲོ་མི་འགྲོ་རྣམས་ལ་དཔྱད་རྒྱུ།

༡༡༽ དཔྱད་པ་གང་བྱས་ཀྱང་མཐར་ལུང་རིགས་ཀྱི་ལམ་ནས་རང་ཉིད་ཀྱི་བསམ་ཚུལ་གང་རྒྱས་གྲུབ་དོན་དུ་ངེས་པར་འགོད་དགོས། དམིགས་བསལ་དོ་སྣང་དགོས་པ་ཞིག་ལ། མཁས་པའམ་ཉམས་ཞིབ་པ་གཞན་གྱིས་བཏོན་ཟིན་པའི་ཞིབ་འཇུག་གི་གྲུབ་དོན་རྣམས་རང་རྩོམ་ཡིན་ཁུལ་བྱས་པ་ནི་‘རྩོམ་རྐུན་’ཞེས་ཉམས་ཞིབ་རིག་པའི་ནང་ཤིན་ཏུ་ཐ་ཆད་དུ་བརྩི་བས། རྗོད་ཚིག་གཅིག་པ་ཡིན་མིན་ལ་མ་ལྟོས་པར་གཞན་གྱིས་བཤད་ཟིན་པའི་བརྗོད་བྱའམ་ཉམས་ཞིབ་གྲུབ་དོན་ཞིག་རང་རྩོམ་ནང་འཇུག་དགོས་ཚེ་དེ་དང་དེ་ལས་བཤད་ཅེས་མཁས་པའམ་ཉམས་ཞིབ་པ་དེའི་མཚན་ནམ་དེའི་བརྩམས་ཆོས་རྣམས་ཁ་གསལ་དགོས་པ་བཅས་སོ།། (བསྐྱར་སྣོན།)

         ཞེས་པ་འདི་ནི་རང་དང་སྐལ་པ་མཉམ་པའི་ཆོས་གྲོགས་དམ་པ་འགའ་ཞིག་གིས་བསྐུལ་བ་ལྟར་བཙུན་པ་དབྱངས་ཅན་འབངས་ཀྱིས་ ༢༠༢༠ ཟླ་བ་ ༦ ཚེས་ ༡༣ ཉིན་ཟིན་བྲིས་སུ་བཏབ་པ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག།    །།

No comments:

Post a Comment