Monday, September 21, 2020

སེམས་ཉི་ཤུའི་ཐག་རྐྱེན་ཐག་འབྲས་བརྩི་ཚུལ།


༄༅།   །ནམོམུཎེནྡྲཡ། འདིར་སེམས་ཉི་ཤུའི་མཚུངས་པ་དེ་མ་ཐག་རྐྱེན་དང་ཐག་འབྲས་སྦྱར་བའི་ཚིགས་བཅད་རྒྱལ་སྲས་མ་བྱུང་བ་རྣམས་བཀོད་ནས་བརྩི་བར་འདོད་པས། དེ་ལ་སྡོམ་བྱང་ནི། 

འདོད་དགེ་སྦྱོར་བྱུང་བ་ལས་བཅུ༎ 

དེ་བརྒྱད་ལས་དགེ་གཞན་ལས་ནི༎ 

དགུ་སྟེ་དེ་ནི་བཅུ་གཅིག་ལས༎ 

ཉོན་མོངས་པ་ཅན་ལས་བདུན་ཏེ༎ 

དེ་དག་སོ་སོར་བཅུ་བཞི་ལས༎ 

སྤྱོད་ལམ་རྣམ་སྨིན་སྐྱེས་ལས་བརྒྱད༎ 

དེ་དག་བདུན་ལས་བཟོའི་གནས་ལས༎

དྲུག་སྟེ་དེ་ནི་བདུན་ལས་སོ༎ 

སྤྲུལ་པ་ལས་གཉིས་དེ་གཉིས་ལས༎ 

༡༽ འདོད་པའི་དགེ་སེམས་སྦྱོར་བྱུང་ལས་སེམས་བཅུ་འབྱུང་སྟེ། རྒྱུན་དང་ས་མཚུངས་ཀྱི་ཚེ་སྤྲུལ་སེམས་མ་གཏོགས་པ་རང་གིས་པ་བདུན་དང༌། སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་སྦྱོར་བྱུང་དང༌སློབ་མི་སློབ་གཉིས་བཅས་སོ༎        འདོད་པའི་དགེ་སེམས་སྦྱོར་བྱུང་དེ་ནི་སེམས་བརྒྱད་ཀྱི་མཇུག་ཐོགས་སུ་འབྱུང་སྟེ། རྒྱུན་དང་ས་མཚུངས་ཀྱི་ཚེ་རང་སའི་དགེ་བ་གཉིས་དང༌། མི་དགེ་བ། བསྒྲིབས་སེམས་དང་བཞི། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱི་བསྒྲིབས་སེམས། སྙོམས་འཇུག་ལས་ལྡང་བའི་ཚེ་གཟུགས་ཀྱི་སྦྱོར་བྱུང་དང་སློབ་མི་སློབ་རྣམས་ལས་སོ༎ 

༢༽ འདོད་པའི་དགེ་སེམས་སྦྱོར་བྱུང་ལས་གཞན་སྐྱེས་ཐོབ་ལས་ནི་སེམས་དགུ་འབྱུང་སྟེ། རྒྱུན་དང་ས་མཚུངས་ཀྱི་ཚེ་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་བདུན་དང༌། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་གཟུགས་མེད་བསྒྲིབས་སེམས་རྣམས་སོ༎        འདོད་པའི་དགེ་བ་སྐྱེས་ཐོབ་དེ་ནི་སེམས་བཅུ་གཅིག་ལས་འབྱུང་སྟེ། སྔ་མ་བཞིན་དུ་རྒྱུན་དང་ས་མཚུངས་ཀྱི་ཚེ་རང་གི་བདུན་དང༌། སྙོམས་འཇུག་ལས་ལྡང་བའི་ཚེ་གཟུགས་ཀྱི་དགེ་བ་སྦྱོར་བྱུང༌། སློབ་མི་སློབ་གསུམ་དང་། སྙོམས་འཇུག་ཉོན་མོངས་ཅན་གྱི་གཟིར་བའི་ཚེ་གཟུགས་ཀྱི་བསྒྲིབས་སེམས་རྣམས་ལས་སོ༎ 

༣༽ ༤༽ འདོད་པའི་ཉོན་མོངས་པ་ཅན་གྱི་སེམས་མི་དགེ་བ་དང་བསྒྲིབས་ལུང་མ་བསྟན་ལས་བདུན་འབྱུང་བ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་དག་ཁོ་ནའོ༎       གཉིས་པོ་དེ་དག་ནི་ སོ་སོར་སེམས་བཅུ་བཞི་ལས་འབྱུང་སྟེ། སྤྲུལ་སེམས་མ་གཏོགས་རང་སའི་བདུན་དང༌། སྦྱོར་བྱུང་དང༌སྤྲུལ་སེམས་མ་གཏོགས་གཟུགས་ཀྱི་བཞི་དང༌། སྦྱོརབྱུང་བ་མ་གཏོགས་པ་གཟུགས་མེད་ཀྱི་གསུམ་ལས་སོ༎ 

༥༽ ༦༽ འདོད་པའི་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་ལས་བརྒྱད་འབྱུང་སྟེ། ། སྦྱོར་བྱུང་བ་དང༌སྤྲུལ་སེམས་མ་གཏོགས་པ་རང་སའི་དྲུག་དང༌། གཟུགས་གཟུགས་མེད་བསྒྲིབས་སེམས་རྣམས་སོ༎       གཉིས་པོ་དེ་དག་ནི་སེམས་བདུན་ལས་འབྱུང་སྟེ། སྤྲུལ་སེམས་མ་གཏོགས་པ་རང་སའི་སེམས་་བདུན་ཁོ་ན་ལས་སོ༎ 

༧༽ བཟོའི་གནས་ལས་སེམས་དྲུག་འབྱུང་སྟེ། སྦྱོར་བྱུང་བ་དང༌སྤྲུལ་སེམས་མ་གཏོགས་པ་རང་སའི་དྲུག་ཁོ་ནའོ༎       བཟོ་སེམས་དེ་ནི་བདུན་གྱི་མཇུག་ཐོགས་སུ་འབྱུང་སྟེ། སྤྲུལ་སེམས་མ་གཏོགས་པ་རང་སའི་སེམས་་བདུན་ཁོ་ན་ལས་སོ༎ 

༨༽ འདོད་པའི་སྤྲུལ་པ་ལས་གཉིས་ཏེ། འདོད་པའི་སྤྲུལ་སེམས་དང་གཟུགས་ཀྱི་དགེ་བ་སྦྱོར་བྱུང་གཉིས་སོ༎       འདོད་པའི་སྤྲུལ་སེམས་དེ་ཡང་འདོད་པའི་སྤྲུལ་སེམས་དང་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དེ་གཉིས་པོ་ཁོ་ན་ལས་འབྱུང་ངོ་༎ 

གཟུགས་ན་སྦྱོར་བྱུང་དགེ་བ་ལས༎ 

བཅུ་གཉིས་དེ་ནི་བཅུ་ལས་སོ༎ 

མ་འབད་བྱུང་དགེ་ལས་བརྒྱད་དེ༎ 

ལྔ་ལས་ཉོན་མོངས་ཅན་ལ་དགུ༎ 

དེ་ནི་བཅུ་གཅིག་ལས་ཡིན་ཏེ༎ 

སྤྱོད་ལམ་རྣམ་སྨིན་སྐྱེས་ལས་བདུན༎ 

གཉིས་པོ་དེ་ནི་ལྔ་ལས་སོ༎ 

མངོན་ཤེས་འབྲས་ལས་སེམས་གཉིས་ཏེ༎ 

དེ་བཞིན་དེ་ནི་གཉིས་ཉིད་ལས༎ 

༩༽ གཟུགས་ན་སྤྱོད་པའི་དགེ་བ་སྦྱོར་བྱུང་ལས་སེམས་བཅུ་གཉིས་འབྱུང་བ་ཡིན་ཏེ། འདོད་པའི་དགེ་བ་གཉིས་དང༌སྤྲུལ་སེམས། རང་སའི་སེམས་དྲུག །གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང༌། སློབ་མི་སློབ་རྣམས་སོ༎       གཟུགས་ཀྱི་དགེ་བ་སྦྱོར་བྱུང་དེ་ནི་སེམས་བཅུའི་མཇུག་ཐོགས་སུ་འབྱུང་སྟེ། འདོད་པའི་དགེ་བ་སྦྱོར་བྱུང་དང༌སྤྲུལ་སེམས། རང་སའི་སྤྱོད་ལམ་པ་དང༌རྣམ་སྨིན་སྐྱེས་གཉིས་མ་གཏོགས་པ་བཞི། གཟུགས་མེད་དགེ་བ་སྦྱོར་བྱུང་དང༌བསྒྲིབས་སེམས། སློབ་མི་སློབ་རྣམས་ལས་སོ༎ 

༡༠༽ གཟུགས་ཀྱི་མ་འབད་པར་བྱུང་བའི་དགེ་བ་སྐྱེས་ཐོབ་ལས་སེམས་བརྒྱད་འབྱུང་སྟེ། མི་དགེ་བ་དང་འདོད་པའི་བསྒྲིབས་སེམས། རང་སའི་སྤྲུལ་སེམས་་མ་གཏོགས་པའི་སེམས་ལྔ། གཟུགས་མེད་ཀྱི་བསྒྲིབས་སེམས་རྣམས་སོ༎       གཟུགས་ཀྱི་དགེ་བ་སྐྱེས་ཐོབ་དེ་སེམས་ལྔ་ལས་འབྱུང་སྟེ།       རང་སའི་སྤྲུལ་སེམས་་མ་གཏོགས་པའི་སེམས་ལྔ་ཁོ་ན་ལས་སོ༎

༡༡༽ གཟུགས་ཀྱི་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་ཉོན་མོངས་ཅན་ལས་སེམས་དགུ་འབྱུང་སྟེ། འདོད་པའི་དགེ་བ་གཉིས་དང་་མི་དགེ་བ་དང་བསྒྲིབས་སེམས་སྟེ་བཞི་དང༌། རང་སའི་སྤྲུལ་སེམས་མ་གཏོགས་པ་ལྔའོ༎       གཟུགས་ཀྱི་བསྒྲིབས་སེམས་དེ་ནི་སེམས་བཅུ་གཅིག་ལས་འབྱུང་བ་ཡིན་ཏེ། འདོད་པའི་དགེ་བ་སྐྱེས་ཐོབ་དང༌། མ་བསྒྲིབས་ལུང་མ་བསྟན་གྱི་སེམས་སྤྱོད་ལམ་པ་དང༌རྣམ་སྨིན་སྐྱེས་སྟེ་གསུམ་དང༌། རང་སའི་སྤྲུལ་སེམས་་མ་གཏོགས་པའི་སེམས་ལྔ་དང༌། གཟུགས་མེད་ཀྱི་དགེ་བ་སྐྱེས་ཐོབ་དང་། བསྒྲིབས་སེམས། སྣམ་སྨིན་སྐྱེས་སྟེ་གསུམ་ལས་སོ༎ 

༡༢༽ ༡༣༽ གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་ལས་བདུན་བདུན་འབྱུང་བ་ཡིན་ཏེ། འདོད་པའི་མི་དགེ་བ་དང་བསྒྲིབས་སེམས་གཉིས། རང་སའི་དགེ་བ་སྦྱོར་བྱུང་དང༌སྤྲུལ་སེམས་མ་གཏོགས་པ་སེམས་བཞི། གཟུགས་མེད་བསྒྲིབས་སེམས་སོ༎       གཉིས་པོ་དེ་ནི་ལྔ་ལས་འབྱུང་སྟེ། རང་སའི་སྤྲུལ་སེམས་་མ་གཏོགས་པའི་སེམས་ལྔ་ཁོ་ན་ལས་སོ༎ 

༡༤༽ གཟུགས་ཀྱི་མངོན་པར་ཤེས་པའི་འབྲས་བུ་སྤྲུལ་སེམས་ལས་སེམས་གཉིས་འབྱུང་བ་ཡིན་ཏེ། རང་སའི་དགེ་བ་་སྦྱོར་བྱུང་དང༌སྤྲུལ་སེམས་གཉིས་ཁོ་ནའོ༎       དེ་བཞིན་དུ་སྤྲུལ་སེམས་དེ་ཡང་ནི་རང་སའི་དགེ་བ་་སྦྱོར་བྱུང་དང༌སྤྲུལ་སེམས་གཉིས་ཉིད་ལས་འབྱུང་ངོ་༎ 

གཟུགས་མེད་འབད་བྱུང་དགེ་ལས་བདུན༎

དེ་ནི་དྲུག་པོ་ཁོ་ན་ལས༎ 

མ་འབད་བྱུང་བའི་དགེ་ལས་བདུན༎ 

དེ་བཞིན་ལས་གཞན་བརྒྱད་པ་ནི༎ 

ཉོན་མོངས་ཅན་ལས་དེ་བཅུ་ལས༎ 

རྣམ་སྨིན་སྐྱེས་ལས་རྣམ་དྲུག་སྟེ༎ 

བཞི་ལས་་་་་་་་་་་་་་་་་་་་་་་་་་་་་་་་་༎

༡༥༽ གཟུགས་མེད་ཀྱི་འབད་པ་ལས་བྱུང་བའི་དགེ་བ་སྦྱོར་བྱུང་ལས་སེམས་བདུན་འབྱུང་སྟེ། གཟུགས་ཀྱི་དགེ་བ་སྦྱོར་བྱུང་། རང་སའི་་བཞི། སློབ་མི་སློབ་རྣམས་སོ༎       གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དེ་ནི་སེམས་དྲུག་པོ་ཁོ་ན་ལས་འབྱུང་སྟེ། གཟུགས་ཀྱི་དགེ་བ་སྦྱོར་བྱུང་ དང༌། རང་སའི་རྣམ་སྨིན་སྐྱེས་མ་གཏོགས་པ་སེམས་གསུམ། སློབ་མི་སློབ་རྣམས་ལས་སོ༎ 

༡༦༽ གཟུགས་མེད་ཀྱི་མ་འབད་པ་ལས་བྱུང་བའི་དགེ་བ་སྐྱེས་ཐོབ་ལས་སེམས་བདུན་འབྱུང་སྟེ། མི་དགེ་བ་དང་འདོད་པའི་བསྒྲིབས་སེམས། གཟུགས་ཀྱི་ བསྒྲིབས་སེམས། རང་སའི་བཞི་རྣམས་སོ༎       གཟུགས་མེད་ཀྱི་དགེ་བ་སྐྱེས་ཐོབ དེ་ནི་རང་སའི་བཞི་པོ་ཁོ་ན་ལས་འབྱུང་བས་སྔ་མ་ལས་གཞན་ཡིན་ནོ༎ 

༡༧༽ བརྒྱད་པོ་ནི་གཟུགས་མེད་ཀྱི་ཉོན་མོངས་ཅན་གྱི་བསྒྲིབས་སེམས་ལས་འབྱུང་བ་ནི། འདི་ལྟ་སྟེ། མི་དགེ་བ་དང་འདོད་པའི་བསྒྲིབས་སེམས། གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་བསྒྲིབས་སེམས། རང་སའི་བཞི་རྣམས་སོ༎       གཟུགས་མེད་ཀྱི་བསྒྲིབས་སེམས་དེ་ནི་སེམས་བཅུ་ལས་འབྱུང་སྟེ། འདོད་གཟུགས་ཀྱི་དགེ་བ་སྐྱེས་ཐོབ་དང༌། སྤྱོད་ལམ་པ། རྣམ་སྨིན་སྐྱེས་ཏེ་དྲུག་དང་། རང་སའི་བཞི་རྣམས་ལས་སོ༎       

༡༨༽ གཟུགས་མེད་པའི་རྣམ་སྨིན་སྐྱེས་ཀྱི་སེམས་ལས་སེམས་རྣམ་པ་དྲུག་འབྱུང་སྟེ། མི་དགེ་བ་དང་འདོད་པའི་བསྒྲིབས་སེམས། གཟུགས་ཀྱི་བསྒྲིབས་སེམས། རང་སའི་དགེ་བ་སྦྱོར་བྱུང་མ་གཏོགས་པའི་སེམས་གསུམ་མོ༎       གཟུགས་མེད་པའི་རྣམ་སྨིན་སྐྱེས་ཀྱི་སེམས་དེ་ནི་སེམས་བཞི་ལས་འབྱུང་སྟེ། རང་སའི་བཞི་པོ་ཁོ་ན་ལས་སོ༎ 

་་་་་་་་་་་སློབ་པ་ལས་དྲུག་གོ། 

དེ་ནི་བཞི་པོ་ཁོ་ན་ལས༎ 

མི་སློབ་པ་ལ་ལྔ་དེ་ཡང༌༎ 

ལྔ་པོ་དག་གི་མཇུག་ཐོགས་སུ༎ 

༡༩༽ སློབ་པའི་སེམས་ལས་དྲུག་འབྱུང་སྟེ། ཁམས་གསུམ་པའི་དགེ་བ་སྦྱོར་བྱུང་གསུམ་དང༌། འདོད་པའི་སྐྱེས་ཐོབ། སློབ་པ་དང༌མི་སློབ་པའི་སེམས་ཏེ་དྲུག་གོ།       སློབ་སེམས་དེ་ནི་བཞི་ལས་འབྱུང་སྟེ། ཁམས་གསུམ་པའི་དགེ་བ་སྦྱོར་བྱུང་གསུམ་དང༌། སློབ་པ་སྟེ་དེ་དག་ཁོ་ན་ལས་སོ༎ 

༢༠༽ མི་སློབ་པའི་སེམས་ལ་སེམས་ལྔ་འབྱུང་སྟེ། ཁམས་གསུམ་པའི་དགེ་བ་སྦྱོར་བྱུང་གསུམ་དང༌། འདོད་པའི་སྐྱེས་ཐོབ། མི་སློབ་པའི་སེམས་ཏེ་ལྔའོ༎       མི་སློབ་པའི་སེམས་དེ་ཡང་ལྔ་པོ་དག་གི་མཇུག་ཐོགས་སུ་འབྱུང་སྟེ། ཁམས་གསུམ་པའི་དགེ་བ་སྦྱོར་བྱུང་གསུམ་དང༌། སློབ་པ་དང༌མི་སློབ་པའི་སེམས་ཏེ་ལྔ་ལས་སོ༎

ཞེས་པའང་ཤྲཱི་མིང་པས་ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༧ ལ་ཐའེ་ཝན་མཚོ་གླིང་དུ་སྦྱར་རོ༎     །།


འཆད་ཉན་གཡང་འབོད།

 ༄༅། །བཀའ་པོད་ཆེན་པོ་ལྔའི་འཆད་ཉན་གྱི་གཡང་འབོད་བཞུགས་སོ།།

མཛད་པ་པོ། དཔའ་རིས་བློ་བཟང་རབ་གསལ། 


ཧཱུྃ༑ བླ་མ་ཡི་དམ་དབྱེར་མེད་དཀོན་མཆོག་གསུམ༎ དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས༎ལྷུན་གྲུབ་འཕྲིན་ལས་སྤྲིན་ཆེན་འཁྲིགས་པ་ལས༎ བཤད་དང་སྒྲུབ་པའི་དགེ་ལེགས་བྱིན་ཕོབས་ཤིག། འཇམ་དཔལ་དབྱངས་དངོས་རྒྱལ་བ་ཙོང་ཁ་བས༎ དགོན་གནས་བཤད་སྒྲུབ་ཐུགས་ཀྱིས་དགོངས་པ་བཞིན༎ དགེ་འདུན་འདུས་ཚོགས་འཆད་ཉན་ཕུན་ཚོགས་ཀུན༎ དབྱར་གྱི་ཆུ་གཏེར་ཇི་བཞིན་འཕེལ་བར་མཛོད༎ རྣམ་སྨིན་ཡོན་ཏན་བརྒྱད་ཀྱི་ལུས་རྩལ་རྫོགས༎ ཐོས་བསམ་པདྨའི་ཚལ་ལ་དགའ་བས་རྩེན༎ ལུང་རིགས་འདབ་མ་དབྱངས་སྙན་སྒྲོགས་པ་ཡི༎ རྐང་དྲུག་བགྲང་ཡས་འདུ་བའི་ཕྱྭ་གཡང་སྩོལ༎ མཁས་བཙུན་ལྷག་བསམ་ཅན་གྱི་སློབ་དཔོན་དང་༎ དད་བརྩོན་ཤེས་རབ་ལྡན་པའི་སློབ་མ་གཉིས༎ རྟེན་འབྲེལ་ལྷན་ཅིག་འཛོམས་པའི་འཆད་ཉན་གྱི༎ རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་ཕྱྭ་གཡང་སྩོལ༎ གཞུང་དོན་གདམས་པར་ཤར་ བའི་གོ་བ་དང་༎ ཚིག་དོན་ཕྲ་ཞིབ་འབྱེད་པ་རིག་པའི་འཕྲུལ༎ ངེས་པ་སྐྱེད་བྱེད་རྒྱབ་རྟེན་ལུང་དང་བཅས༎ རྩོད་ངག་དགའ་སྟོན་འཕེལ་བའི་ཕྱྭ་གཡང་སྩོལ༎ དམ་ཆོས་དགོངས་དོན་ཚུལ་བཞིན་བསྡུས་པའི་ཁྲིམས༎ ལས་འབྲས་དྲང་ཐིག་འདེབས་པའི་ལས་བྱེད་པ༎ ཚར་གཅོད་རྗེས་འཛིན་རྟིང་གནོན་མི་ཡོལ་བའི༎ བཅའ་ཁྲིམས་རྨང་གཞི་བརྟན་པའི་ཕྱྭ་གཡང་སྩོལ༎ ངན་ཤེད་བྲག་ལ་འཆའ་བའི་འུག་པ་དང་༎ བླང་དོར་ལམ་དུ་བརྒྱུ་བའི་ཤན་འབྱེད་པ༎ ལས་འབྲས་བདེན་པའི་ཉི་མ་འོད་པོ་ཆེས༎ སྣང་བ་མངོན་དུ་འགྱུར་བའི་ཕྱྭ་གཡང་སྩོལ༎ སྡིག་སྤྱོད་རྒྱན་དུ་ངོམས་པ་ལོག་པའི་གཏམ༎ ཕྱོགས་ལྷུང་ཙམ་གྱིས་བསྔགས་པའི་མུ་ཅོར་སོགས༎ མ་ཡིན་ཆོས་ཀྱི་གྲགས་པ་ཆོས་བཞིན་དུ༎ བསྒྲགས་བྱས་སྙན་པའི་ཀུན་ཁྱབ་ཕྱྭ་གཡང་སྩོལ༎ བསོད་ནམས་ཞིང་གི་མཆོག་གྱུར་དགེ་འདུན་དང་༎ བསོད་ནམས་དད་གཏོང་འཛོམས་པ་སྦྱིན་པའི་བདག། བསོད་ནམས་སྡིག་དང་མ་འདྲེས་རྒྱུ་སྦྱོར་གྱིས༎ བསོད་ནམས་དུས་སྟོན་དར་བའི་ཕྱྭ་གཡང་སྩོལ༎ མངོན་འདོད་ཚངས་པའི་བློ་ཡི་གཡོ་བ་ལས༎ བྱུང་མིན་བཤད་སྒྲུབ་བསྟན་པ་གནས་གྱུར་ན༎ ངང་གིས་འདུ་བ་སྲུང་མའི་ཕྲིན་ལས་ཀྱིས༎ ཕུན་ཚོགས་དཔལ་འབྱོར་རྒྱས་པའི་ཕྱྭ་གཡང་སྩོལ༎ ཁྱད་པར་བློ་གསལ་དོན་གཉེར་ཚུལ་མཐུན་རྣམས༎ ནད་རིམས་གདོན་བགེགས་རྐྱེན་གྱིས་མི་བརྫི་བར༎ ཐོས་བསམ་བྱ་བ་བདེ་ལེགས་མཐར་ཕྱིན་ཏེ༎ དོན་གཉིས་སྨོན་པ་བཞིན་དུ་འགྲུབ་པར་མཛོད༎ མདོར་ན་མི་འདོད་ཉེར་འཚེ་ཀུན་དང་བྲལ༎ ཕུན་ཚོགས་ལེགས་བྱས་མ་ལུས་ལྷུན་གྱིས་འགྲུབ༎ རྒྱལ་བསྟན་ནོར་བུ་རྒྱལ་མཚན་རྩེར་མཆོད་པས༎ སྲིད་གསུམ་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག། བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན༎ སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ༎ ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ༎ ཡོན་ཏན་རྒྱ་མཚོའི་མཆོག་གིས་བཀྲ་ཤིས་ཤོག། 

       ཅེས་པ་འདི་ནི་ ྋརྗེ་གུང་ཐང་བ་བསྟན་པའི་སྒྲོན་མེས་གནས་ཆུང་གཡང་འབོད་དུ་བསྩལ་བ་ཅུང་ཟད་ཁ་བསྒྱུར་ཏེ། རྒྱན་དྲུག་ཕྱག་མཆོད་དུ་སྦྱོར་བར་ ྋབླ་མ་(དཔའ་རིས་བློ་བཟང་རབ་གསལ།) ཉིད་ནས་གནང་བ་ལྟར།

ཆོས་གྲོགས་འགའི་དྲི་བར་ལན་ཕུལ་བ།

 


རྭ་སྟོད་རྒན་ཟླ་བ་ལགས་དྲི་བར་ལན་འབུལ་བ་ནི། 

༡༽ སྐུ་ཞབས་དབུ་ཟུར་མཆོག་ལ། དྲི་བ་ཞུ་རྒྱུར། དབུ་མ་ཐལ་འགྱུར་བའི་ལུགས་ལ་རང་རྒྱལ་ལ་རིགས་ངེས་པའི་སྒྲུབ་བྱེད་རིགས་པ་ཡོད་དམ།

ལན། ལུགས་འདིར་ཐེག་པ་གསུམ་ལ་ལྟ་བའི་ཁྱད་པར་མེད་ཀྱང་། ཐབས་ཀྱི་ཆ་རྒྱ་ཆེ་ཆུང་གི་དབང་ལས་ཐེག་པ་ཆེ་ཆུང་དུ་འགྱུར་ཞིང་། ཐེག་དམན་གཉིས་ལའང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་གི་དབང་དང་། སྔོན་གྱི་སྨོན་ལམ་དང་སྤྱོད་པའི་ཁྱད་པར་ལས་ཉན་རང་གཉིས་སུ་འགྱུར་རོ།། དེས་ན་རང་རྒྱལ་གྱི་རིགས་ཅན་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་མེད་པས་ཞིང་ཁམས་སྟོང་པར་སྐྱེ་བར་སྨོན་ལམ་འདེབས་ཤིང་། སློབ་དཔོན་ལ་མ་བརྟེན་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་ནུས་པར་གྱུར་ཅིག །གདུལ་བྱ་ལ་ཆོས་སྟོན་པ་ནའང་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པར་གྱུར་ཅིག །ཅེས་སྨོན་ལམ་མཐུ་ཅན་དང་། རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་བར་དུ་ཐེག་པ་གཞན་དུ་མི་ལྡོག་པར་ངེས་པ་ན་རང་རྒྱལ་དུ་རིགས་ངེས་པ་ཞེས་བྱའོ།། 


༢༽  བཀའ་དྲི་བ་ཞུ་རྒྱུར།  དཔེ་ཆའི་ནང་གསལ། འཇིགས་བྱེད་ལ་མཆོད་པ་འབུལ་སྐབས་དྲི་ཆབ་སྟེ་ཨོཾ་གནྡྷེ་ཨཱཿཧཱུཾ། ཞེས་པ་རིམ་པ་གསུམ་པར་འབུལ་དགོས་རྒྱུ་མཚན་གང་ཡིན་ནམ།

ལན། འཇིགས་བྱེད་ནི་འཇམ་དབྱངས་ཉིད་ཕྱི་ནང་གསང་བའི་གཤིན་རྗེ་གདུལ་བའི་དོན་དུ་དྲག་པོའི་སྐུར་བཞེངས་པ་ཡིན་ཞིང་། དེའི་བྱིན་བརླབས་འཇུག་པ་ནའང་ཐོག་མར་ཐུགས་ཀྱི་བྱིན་རླབས་འཇུག་པ་ཡིན་པས་དེའི་རྟེན་འབྲེལ་སྒྲིག་སླད་སྒྲུབ་པ་པོས་ཉེར་སྤྱོད་ཀྱི་ཐོག་མར་ཐུགས་ལ་དྲི་ཆབ་འབུལ་བ་ཡིན་གསུང་ངོ།། མཆོད་ཡོན་དང་ཞབས་བསིལ་ནི་ཉེར་སྤྱོད་ཀྱི་སྔོན་འགྲོ་ཙམ་ལས་ཉེར་སྤྱོད་དངོས་མ་ཡིན་ནོ།། 

༣༽ ཆོས་རྒྱལ་ལ་མཆོད་པ་འབུལ་དུས་ཞབས་བསིལ་སྟེ་ཨོྃ་པཱདྱཾ་ཞེས་པ་མེད་པའི་རྒྱུ་མཚན་གང་ཡིན་སྟབས་བདེ་པོ་ཡོད་ན་གསུངས་རོགས་གནང་། གོང་གསལ་འདྲི་བ་དག་ཤེས་འདོད་ཆེ།

ལན། དམ་ཅན་ཆོས་རྒྱལ་ནི་གཤིན་རྗེ་གཤེད་ཀྱི་ལས་ལ་ཤིན་ཏུ་བྲེལ་བ་ཡིན་པས་ཞབས་བསིལ་བ་མི་ཁོམ་པར་གསུང་བ་ཞིག་དང་། ཡང་ཁྲོ་ཚུལ་ལ་དྲང་སྲོང་ཁྲོས་པ་དང་། གནོད་སྦྱིན་ཁྲོས་པ། གཤིན་རྗེ་ཁྲོས་པ་བཅས་གསུམ་ཡོད་པ་ལས་ཆོས་རྒྱལ་ནི་་ཤིན་ཏུ་ཁྲོས་པ་གཤིན་རྗེ་ཁྲོས་པ་ཡིན་པས་ཞབས་བསིལ་བ་རང་གི་ཚུལ་དང་མི་མཐུན་གཤིས་ཞབས་བསིལ་མི་འབུལ་བ་ཡིན་གསུང་ངོ་།། 

Sunday, September 20, 2020

ལུས་ཀྱི་ཟག་པ་སྦྱིན་པར་གཏང་བའི་གཟུངས།

 

   

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།   ལུས་ཀྱི་ཟག་པ་སྦྱིན་པར་གཏང་བའི་གཟུངས།   

མཆིལ་མ་ལ།   ཨོཾ་ཨཱཿཤླེཥྨཱ་ཧ་རེ་བྷྱཿསྭཱཧཱ།   

ལུད་པ་ལ།   ཨོཾ་ཨཱཿཁྲེ་ར་ཨཱ་ཧ་རེ་བྷྱཿསྭཱཧཱ།   

སྣབས་ལ།   ཨོཾ་ཨཱཿསིཾ་གྷ་ན་ཨཱ་ཧ་རེ་བྷྱཿསྭཱཧཱ། 

ལུས་ཀྱི་དྲི་མ་ལ།   ཨོཾ་ཨཱཿམ་ལ་ཨཱ་ཧ་རེ་བྷྱཿསྭཱཧཱ།   

དྲི་ཆེན་ལ།   ཨོཾ་ཨཱཿབི་ཊ་ཨཱ་ཧ་རེ་བྷྱཿསྭཱཧཱ།   

དྲི་ཆུ་ལ།   ཨོཾ་ཨཱཿམུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱཧཱ།   

      

      དེ་རྣམས་སོ་སོ་ལ་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ།།   སེ་གོལ་བརྡབ་བོ།།   དེ་རྣམས་ལ་དེ་ལྟར་སྦྱིན་པའི་བསོད་ནམས་ཅི་བསགས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་བསྔོ་བར་བྱའོ།།   

    

     འདི་དག་ནི་བླ་མ་རྡོ་རྗེ་གདན་པས་མདོ་རྒྱུད་ལས་ཕྱུང་སྟེ།   བ་རི་ལོ་ཙྪ་བས་བསྒྱུར་བའོ།།


གྲྭ་ཇའི་ཚོགས་གཏམ།

 དེ་ཡང་ཇི་སྐད་དུ།

བཀྲ་ཤིས་གཡང་ཆགས་གཟའ་སྐར་འཕྲོད་སྦྱོར་དགེ།

ཕྱོགས་བཅུའི་སངས་རྒྱས་མདུན་གྱི་ནམ་མཁར་བྱོན།།

ལྷ་རྣམས་ཆར་འབེབས་དྲང་སྲོང་ཤིས་པ་བརྗོད།།

ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ལོ།།

ཞེས་གསུངས་པ་ལྟར། བཀྲ་ཤིས་པ་དང་གཡང་དུ་ཆགས་པའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མོར། ཕྱོགས་བཅུའི་སངས་རྒྱས་རྣམས་མདུན་གྱི་ནམ་མཁར་བྱོན་པ་དང་།  དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་ཆར་འབེབས་ཤིང་། དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཤིས་པ་བརྗོད་དེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བར་མཛད་པའི་སྐྱབས་གནས་ཁྲིམས་ལྡན་མཁས་མང་སྡོམ་བརྩོན་འདུས་པ་རྒྱ་མཚོའི་སྙན་གྱི་དབང་པོའི་བུ་གར་གསོལ་རྒྱུར། 

         འོ༑ དམ་པའི་ཆོས་འདུལ་བའི་བཅས་མཚམས་གཞི་ལ་བཞག་སྟེ་དགེ་འདུན་གྱི་ནང་ཁྲིམས་ལས་བརྩམས་པའི་ཚོགས་གཏམ་འབུལ་བ་སྐབས་སུ་བབས་ཡིན་ལ། གྲྭ་ཚང་རིན་པོ་ཆེ་འདིའི་ཁྲིམས་སུ་བྱ་བའི་རིམ་པ་ནི་ས་ཆེན་པོ་ལས་རྒྱ་ཆེ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པ། ཡུངས་ཀར་ལས་འབྲུ་ཞིབ་པ། རྟ་རྔ་ལས་ཉག་ཕྲ་བ་ལགས་ན། བདག་ལྟ་བུ་ཆོས་སྲིད་གཉིས་ཆར་ནས་མཐོང་རྒྱ་དང་ཐོས་རྒྱ་ཤིན་ཏུ་ཆུང་བས་མཐའ་དག་པ་ཞུ་བར་ག་ལ་ནུས། འོན་ཀྱང་ྋསྐྱབས་རྗེ་མཁན་རིན་པོ་ཆེ་དབུ་ལ་བཞུགས་གྲྭ་མང་ནས་གུས་པར་གྲྭ་ཚང་རིན་པོ་ཆེའི་ཁྲིམས་བཅའ་ཡིག་གི་བདག་པོར་དབང་ལུང་བསྩལ་བའི་བཟློག་མེད་ཀྱི་འགན་འཁྲི་སྙིང་ལ་བཅངས་ཏེ། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ནམ་ཞག་རྒྱུན་དུ་ཉེ་བརམཁོ་བ་གལ་ཆེ་རིགས་འགའ་ཞིག་རང་བློས་དཔོག་ཚོད་ཀྱིས་མདོ་ཙམ་ཞུ་བ་ལ། 

         འོ༑ རབ་ཏུ་བྱུང་བའི་བྱ་བ་ནི། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གཉིས་སུ་བསྡུས་པ་ཡིན་པས་རང་གིབསླབ་པ་ལ་གཅེས་སྤྲས་དང་། གཞུང་ཆེན་མོའི་སློབ་གཉེར་ཚུལ་བཞིན་བྱེད་ཅིང་། དེ་ཡང་ཁ་ཕྱིར་བལྟས་སུ་མ་སོང་བར་རང་གི་རྒྱུད་དུལ་བའི་ཐབས་སུ་འགྲོ་དགོས་པ་ཡིན། དེའི་སླད་དུ་དགེ་འདུན་གྱི་ནང་ཁྲིམས་མཐའ་དག་མཛད་པ་ཡིན་པས་དགེ་འདུན་ཡོངས་ནས་ཚོགས་ཆོས་ར་ཚུལ་བཞིན་འགྲིམ་དགོས་པ་ཡིན། 

         ཚོགས་འཚོགས་སྟངས་ཀྱི་རིམ་པ་ནི། གྲྭ་ཇའི་འཁར་བརྡ་གཏང་བ་ན་གསར་བུ་བ་རྣམས་ཀྱིས་སྒོ་འཕྱོར་འོག་ཨ་ར་པ་ཙ་གསོག་བཞིན་སྒུག་དགོས་པ་དང་། དགེ་འདུན་བགྲེས་པ་རྣམས་སྔོན་ལ་འདུ་ཁང་ནང་ཕེབས་ཆོག་པ་ཡིན། དགེ་བསྐོས་ཀྱི་གཟན་བརྡ་བྱུང་བ་ན་གསར་བུ་བ་རྣམས་འདུ་ཁང་དུ་ཕེབས་དགོས་ཤིང་། མཁར་བརྡ་མཇུག་བསྡུས་པ་ན་དབུ་མཛད་ལགས་ནས་ཞལ་འདོན་དབུ་བསྐུལ་བ་དང་ཚོགས་ཞུགས་བསྡུ་ཐུབ་པ་ཞིག་དགོས་པ་ཡིན། 

         གྲལ་ལ་བཞུགས་པའི་རིམ་པ་ནི། བླ་སྤྲུལ་རྣམས་རྒན་རིམ་བཞིན་གྲལ་འགོའི་གཡས་གཡོན་དང་། གདོང་གྲལ་དུ་གསུང་བཟང་བ་རྣམས་དང་། གཡས་གཡོན་གྱི་གྲལ་སོ་སོའི་འགོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་དང་། དེ་འོག་འཛིན་གྲྭ་རྒན་རིམ་གྱིས་བཞུགས་པ་མ་གཏོགས། དཔུང་པ་སུ་སྦོམ་དང་ཧམ་པ་སུ་ཆེའི་རིགས་གྲྭ་ཚང་འདིར་གཏན་ནས་མི་ཆོག་པ་ཡིན། དེ་ཡང་གྲལ་དུ་བཞུགས་པའི་ཚེ་མདུན་རལ་གྲིས་བཅད་པ་ལྟ་བུ། རྒྱབ་ཨ་ལོང་བསྐོར་བ་ལྟ་བུ། མགོ་ལོ་ཡག་གི་སྙེ་མ་ལྟ་བུ་སྟེ། མདོར་ན་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ཐོག་ལག་ཟུང་གཟན་གྱིས་བཀབ་སྟེ་འདུག་པ་མ་གཏོགས།  རྐང་པ་བརྐྱངས་པ། རྐང་པ་དང་སྤུས་མོ་ཕྱིར་བཏོན་ཏེ་འདུག་པ། གཞོགས་སྙེས་བྱེད་མི་ཆོག་པ་སོགས། མདོར་ན་མདོ་སྡེ་དང་འདུལ་བ་ནས་གསུངས་པའི་འདུག་པའི་ཀུན་སྤྱོད་རྣམས་ཚུལ་བཞིན་ཉམས་སུ་བླང་དགོས་པ་ཡིན། 

         ཞལ་འདོན་གསུང་ཚུལ་ཡང་། གསུང་བཟང་བ་རྣམས་ཀྱིས་གཙོ་བོར་མཛད་དེ་ཚོགས་སུ་ཡོད་པའི་དགེ་འདུན་པ་ཡོངས་ནས་ཚིག་དོན་ཡིད་ལ་སྒོམ་བཞིན་ཞལ་འདོན་གང་ཤེས་གསུང་དགོས་པ་ལས། ཁ་གཡེང་མིག་གཡེང་བྱས་ཏེ་བག་མེད་དུ་སྡོད་མི་ཆོག་པ་ཡིན། དེ་ཡང་ཞལ་འདོན་དབུ་བསྐུལ་བའི་ཚེ་མཚོ་ཆེན་པོ་ལ་རྡོ་འཕངས་པ་ལྟ་བུ་དང་། མཇུག་བསྡུ་བའིཚེ་མེ་ལོང་ལ་ཧ་བཏབ་ལྟ་བུ། མགྲིན་གཅིག་དབྱངས་གཅིག་ཏུ་གསུང་དགོས་པ་ལས། ར་སྐད་ལུག་སྐད་རྒྱག་མི་ཆོག་པ་ཡིན།

         ཕྱག་བདེ་རྒྱུག་ཚུལ་ཡང་། ཕྱག་བདེ་ལ་ལངས་པའི་ཚེ་སེང་གེ་གནམ་ལ་མཆོང་བ་ལྟ་བུ་དང་། རྒྱུག་པའི་ཚེ་རྟ་རྒྱུག་པ་དང་མདའ་འཕེན་པ་ལྟ་བུ། དེ་ཡང་ཤིར་ཤིར་རྒྱུགས་པ་མ་གཏོགས་རྡག་སྒྲ་རྡིག་སྒྲ་དང་། ཤུ་སྒྲ་དང་ཀི་སྒྲས་མཚོན་སྐད་ཅོར་བརྒྱབ་མི་ཆོག གསོལ་ལྡིར་ལེན་པ་ན་ནོར་བུ་པང་དུ་ལེན་པ་ལྟ་བུ་དང་། གསོལ་ཇ་དང་ཞལ་ལག་ཞུ་ཚུལ་ཡང་། བློ་སྒྲིམ་སྟེ་དད་ཅིང་གུས་པའི་སྒོ་ནས་ཞུ་དགོས། དེ་ཡང་རྟ་ཕོ་ཤིག་ཕྲུག་ལྟ་བུ་མ་གཏོགས། མཛོ་མོ་མཉམ་གཤིབ་ལྟ་བུ་མི་ཆོག་ཅིང་། བཞེས་ཁུ་རྟ་རྔ་མ་དང་། གསོལ་ཇ་ནས་འབྲུ་མ་ཞུ་དགོས་པ་ལས། གསོལ་ཇ་དང་ཞལ་ལག་རྐེད་པ་མ་སྒུར་བར་ཞུ་བ་དང་། ལག་པ་གཡོན་པས་ཞུ་བ། གསོལ་ཇ་ལག་གཅིག་གིས་ཞུ་བ། བཟའ་བཅའི་རིགས་ལག་ཏུ་མ་གཏད་པར་གཡུགས་པ་དེའི་རིགས་གཏན་ནས་མི་ཆོག་པ་ཡིན། ཁྲི་གདན་ཟུར་དང་། ཆོས་རྗེ་རྣམ་པ། མཁན་ལས་ཟུར་རྣམས་མ་གཏོགས། ཚོགས་ཡོངས་ལ་གསོལ་ཇ་དང་ཞལ་ལག་མ་ཁེབས་གོང་རུང་ཁང་ནས་ཚ་གཟིགས་ཞུ་སྤྲོད་མི་ཆོག་པ་ཡིན། 

          བཟའ་བཏུང་ལ་སྤྱོད་ཚུལ་ཡང་། དབུ་མཛད་ལགས་ནས་བཟའ་བཏུང་གི་མཆོད་པའི་དབུ་བསྐུལ་བ་དང་བཟའ་བཏུང་ལག་གིས་བཏེགས་ཏེ་ཟས་ཕུད་ཀྱིས་དཀོན་མཆོག་མཆོད་ཅིང་། བཟའ་བཏུང་ལ་ལོངས་སྤྱོད་པ་ན་ཡང་། ཟས་ལ་སྦར་རྙོག་རྒྱག་པ་དང་། ཧུབ་ཅག་གིས་སྒྲ་དང་བཅས་བཟའ་བཏུང་བྱེད་པ། ཕོར་པ་དང་ལག་པ་ལྕེས་བལྡག་པ་དེ་རིགས་མི་ཆོག་པ་སོགས་མདོར་ན་ཟས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྦྱོར་དངོས་མཇུག་གསུམ་དུ་ཇི་ལྟར་སྤྱོད་ཚུལ་དམ་ཆོས་འདུལ་བ་དང་མཐུན་པ་ཞིག་དགོས་པ་ཡིན། 

         ཚོགས་གྲོལ་སྟངས་ཡང་། དགེ་བསྐོས་ཀྱིས་གཟན་བརྡ་བཏང་བ་ན་མཐའ་གྲལ་ནས་རིམ་བཞིན་བཞེངས་ཏེ། མཐར་གདོང་གྲལ་བ་རྣམས་བཞེངས་པ་མ་གཏོགས་ར་ལངས་ཆ་ལངས་བྱེད་མི་ཆོག་པ་ཡིན།

         ན་བཟའ་བཞེས་སྟངས་ཡང་། རུང་བ་དང་ཚད་ལྡན་འདུལ་བ་དང་མཐུན་པ་ཞིག་དགོས་པ་ལས། ཁ་ཚར་ཕུ་ཚར་སོགས་ཁྱིམ་པའི་གོས་དང་། དཀར་ནག་ཁྲ་བོ་སོགས་མི་ཆོག་པ་ཡིན། 

         མདོར་ན་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་རྣམས་ངེད་ཞུ་བ་པོས་ཞུ་མ་ཤེས་ཀྱང་ཁྱེད་གསན་པ་པོ་རྣམས་ཀྱིས་གསན་དགོངས་རྣམ་པར་དག་པའི་སྒོ་ནས་ཕྱི་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་། ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པར་འགྱུར་ངེས་པ་ཞིག་མཛད་པར་ཞུ་ཞིང་། 

         དེ་ལྟར་ཚོགས་གཏམ་རགས་བསྡུས་ཙམ་ཞིག་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་ཕན་བདེའི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་།  དེའི་ཡང་སྙིང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།  བསྟན་འཛིན་ཀུན་གྱི་གཙུག་རྒྱན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་སོགས་པ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། གྲྭ་ས་ཆེན་པོ་རྣམ་པ་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ལ་སོགས་པའི་རིས་མེད་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཆོས་སྤྱོད་འཕེལ་བ་དང་། ཡངས་པའི་རྒྱལ་ཁམས་སྤྱི་དང་། བོད་གངས་ཅན་གྱི་ལྗོངས་སུ་རང་དབང་བདེན་པའི་ཉི་མ་མྱུར་དུ་འཆར་བའི་ཐུགས་སྨོན་མཚམས་སྦྱོར་གྱི་རིམ་པ་རྒྱ་གང་ཆེ་ཅི་ནས་ཀྱང་བཀཨ་དྲིན་སྐྱོང་བར་ཞུ།

དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་ཆོས་སྐོར་དཀར་ཆག




སྡེ་དགེ་བསྟན་འགྱུར། རྒྱུད། ཤ་པ། ༢༦༣/བ/༡ 526


པཎྜིཏ་ལྭ་བ་དམར་པོའི་གསུང་། དཔལ་ལྷ་མོ་དམག་ཟོར་གྱི་མན་ངག



ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


པོད་ཐ་པ། ༡༠


ལྷ་མོ་མེ་ལྕེ་འབར་བའི་གླེང་གཞིའི་རྒྱུད་ཀྱི་བསྡུས་དོན།


   

གསུང་འབུམ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་གསུང་ལས།



དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ་དངོས་གྲུབ་ཀྱི་རྒྱ་མཚོ ༼ར༽


   

དཀོན་མཆོག་འཇིགས་མེད་དབང་པོའི་གསུང་ལས།


པོད་ཐ་པ།༡༠


དམག་ཟོར་རྒྱལ་མོའི་སྒོ་ནས་ཤོ་བརྟགས་ཚུལ་ཀུན་གསལ་མེ་ལོང་།

   



ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་གསུང་ལས།


པོད་ཅ་པ། ༥

   

ལྷ་མོའི་གཏོར་ཆོག་ཡོངས་འདུའི་སྙེ་མ།

   

དཔལ་ལྡན་ལྷ་མོ་ལ་ཞི་བའི་མེ་མཆོད་འབུལ་ཚུལ་མི་མཐུན་ཀུན་འཇོམས།

   ཀ

ལྷ་མོའི་ཚེས་གཏོར་འབུལ་ཚུལ་གྱི་ལག་ལེན་ཁྲིགས་ཆགས་སུ་བཀོད་པ།

   

ལྷ་མོའི་མདོས་འཕྲིན་གྱི་ལག་ལེན་ཆོ་གའི་ལྷན་ཐབས།

   

ལྷ་མོའི་མདོས་ཀྱི་ཆོ་གའི་ངག་འདོན་ཁྲིགས་ཆགས་སུ་སྡེབས་པ།

   

དཔལ་ལྡན་ལྷ་མོའི་བསྐང་བཟློག་གི་ཆོ་ག་རྒྱས་པ་བྱ་ཚུལ་གྱི་ཐོ་ཡིག།

   

ལྷ་མོའི་ཆོ་ག་དང་འབྲེལ་བར་མ་མོའི་འཁྲུགས་སྐོངས་གཏོང་ཚུལ།

   

དཔལ་ལྡན་ལྷ་མོའི་བཾ་སྐོངས་ཀྱི་ཆོ་ག


པོད་ཉ་པ། ༨

   

ལྷ་མོ་དམག་ཟོར་མའི་བསྙེན་སྒྲུབ་ཀྱི་མན་ངག།

   

དམག་ཟོར་གྱི་རྒྱལ་མོའི་དྲག་པོའི་གཏོར་ཆེན་གྱི་ཆོ་ག

   

དམག་ཟོར་གྱི་རྒྱལ་མོའི་གཏོར་ཆེན་ཐུན་མོང་མ་ཡིན་པའི་མན་ངག་གསལ་བར་བཀོད་པ།

   


གསུང་འབུམ།  གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་ལས།


པོད་ཐ་པ། ༼༡༠༽

   འཕགས་མཆོག་འཇམ་དཔལ་ནག་པོ་ལ་བརྟེན་པའི་སྦྱིན་སྲེག་གི་ཆོ་ག་ཉེས་པ་ཀུན་སེལ། རི་ཁྲོད་ལྷ་མོ། ཆོས་རྒྱལ་གསང་སྒྲུབ། འཇིགས་བྱེད་ཆོས་རྒྱལ་སྦྲག་པ། སེང་གདོང་མ། ལྷ་མོ་བཅས་ཀྱི་བསྙེན་པ་བྱ་ཚུལ།

   

པོད་ད་པ། ༼༡༡༽

   དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལ་འཇུག་པའི་མན་ངག་

   


གསུང་འབུམ། ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་ལས། 


པོད་ཀ་པ། ༡


དམག་ཟོར་རྒྱལ་མོའི་རྗེས་གནང་གི་ཐོ་ཡིག་དངོས་སྒྲུབ་སྒོ་འབྱེད།

   

དམག་ཟོར་རྒྱལ་མོའི་བརྒྱུད་འདེབས།

   

བླ་མ་དང་དཔལ་ལྡན་ལྷ་མོ་དབྱེར་མེད་ཀྱི་རྣལ་འབྱོར་སྐྱོང་ཚུལ་གྲུབ་གཉིས་རྫོགས་ལྡན་གསར་པའི་དགའ་སྟོན

   

དཔལ་ལྡན་ལྷ་མོའི་གཏོར་ཆོག་མ་གཅིག་དགྱེས་པའི་མཆོད་སྤྲིན།

   

དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ཌཱ་ཀི་མའི་ཐུགས་ཀྱི་ཟེའུ་འབྲུ་དབྱེ་བར་བྱེད་པའི་མན་ངག་གནད་དོན་གསལ་བའི་སྒྲོན་མེ ༼བཀའ་རྒྱ་མ༽།

   

མ་གཅིག་སྲིད་གསུམ་བདག་མོའི་བསྙེན་ཡིག་མཁའ་འགྲོ་དགྱེས་པའི་སྒྲ་དབྱངས།

   

དཔལ་ལྡན་ལྷ་མོའི་ཚོགས་མཆོད་ཀྱི་ཆོ་ག་དམག་ཟོར་རོལ་བའི་དགའ་སྟོན།

   

དམག་ཟོར་རྒྱལ་མོའི་འཕྲིན་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རིན་པོ་ཆེའི་བང་མཛོད།

   

དཔལ་ལྡན་ལྷ་མོའི་འཇམ་པོ་གསུམ་གྱི་གཏོར་སྒྲུབ་བྱ་ཚུལ་དངོས་གྲུབ་གངགཱའི་ཆུ་རྒྱུན ༼བཀའ་རྒྱ་མ༽།

   

དཔལ་ལྡན་ལྷ་མོའི་གཏོར་མའི་མན་ངག་འཕྲིན་ལས་རྣམ་བཞིའི་ལྷུན་གྲུབ།

   

དཔལ་ལྡན་ལྷ་མོའི་སྒོ་ནས་གློ་བུར་ལས་བཅོལ་གྱི་ཟོར་འཕེན་ཚུལ་དགྲ་བགེགས་ཕྱེ་མར་འཐག་པའི་འཁོར་ལོ།

   

དཔལ་ལྡན་ལྷ་མོའི་གཏོར་སྒྲུབ་སོགས་ལ་ཉེ་བར་མཁོ་བའི་འཕྲིན་བཅོལ་མཁའ་འགྲོའི་ཡིད་འགུལ།

   

དཔལ་ལྡན་ལྷ་མོ་ལ་ཕྱི་རྟེན་འཛུགས་པའི་ལག་ལེན་ནག་འགྲོས་སུ་བཀོད་པ་བསྟན་སྲུང་དགྱེས་པའི་མཆོད་རྫས།

   

དཔལ་ལྡན་ལྷ་མོ་དམག་ཟོར་མའི་སྒོ་ནས་བཀའ་བསྒོ་བྱེད་ཚུལ་འཇིགས་བྱེད་ཡེ་ཤེས་གུར་ཁང།

   

དཔལ་ལྡན་ལྷ་མོའི་ཤོ་སྒྲུབ།

   

ཞི་བའི་ལྷ་མོ་ལ་བརྟེན་ནས་ནད་སོགས་ཞི་བའི་ཐབས་ཀྱི་བུམ་པ་བསྒྲུབ་ཚུལ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན།

   

གསུང་འབུམ། རྟ་ཚག་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་གསུང་ལས།

པོད་ཁ་པ།༢

   

ལྷ་མོའི་འབྱུང་ཁུངས་ལོ་རྒྱུས ༼ཅི༽

   

ལྷ་མགོན་གཉིས་ཀྱི་བསྐང་འཕྲིན་ཁྱེར་བདེ་དོན་ཚང་ཁྱབ་འཇུག་གོམ་སྟབས ༼ཆི༽

   

དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་ཉམས་ཆག་བསྐོང་བའི་སྦྱིན་བསྲེགས་འབུལ་ཚུལ་ཉམས་ཆག་ཚང་ཚིང་བསྲེགས་བྱེད་དུས་མཐའི་མེ་འོད ༼ཇི༽

   

དཔལ་ལྡན་ལྷ་མོ་བཀའ་གདམས་བསྟན་མ་བཅུ་གཉིས་དང་འབྲི་ཁུང་ཨ་ཕྱི་ཡེ་ཤེས་སྒྲོན་མ་ཀོང་བཙུན་དེ་མོ་རྣམས་ཀྱི་མཆོད་འཕྲིན ༼ཕི༽



   

གསུང་འབུམ། བློ་བཟང་རྒྱལ་མཚན་སེངྒེའི་གསུང་ལས།


པོད་ཆ་པ། ༦


དམག་ཟོར་རྒྱལ་མོའི་གཏོར་ཆོག་མདོར་བསྡུས

   

དཔལ་ལྡན་སྲིད་གསུམ་བདག་མོ་ལ་ཚེས་གཏོར་འབུལ་བའི་རིམ་པ་

   

དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་གཤེགས་གཏོར་འབུལ་ཚུལ་

   

སྲིད་གསུམ་བདག་མོ་ལ་བརྟེན་པའི་གློ་བུར་ལས་བཅོལ་བྱ་ཚུལ

   

འདོད་ཁམས་དབང་ཕྱུག་མ་ལ་བརྟེན་པའི་དྲག་པོའི་གཏོར་ཟོར

   

པོད་ཨ་པ། ༨


བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས་སྤྱི་དང་ཁྱད་པར་དཔལ་ལྡན་ལྷ་མོ་ལ་བརྟེན་པའི་ཚོགས་མཆོད་འབུལ་ཚུལ་

   

སྲིད་གསུམ་བདག་མོའི་བསྙེན་པ་བྱེད་ཚུལ

   


གསུང་འབུམ།  ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོའི་གསུང་ལས།


པོད་ཏ་པ།  ༩


འདོད་ཁམས་དབང་མོ་ལ་བརྟེན་པའི་གཏོར་བཟློག་བདུད་དཔུང་འཇོམས་པའི་གནམ་ལྕགས་འབར་བ།

   

ལྷ་མོའི་དྲག་ཏུ་བསྐུལ་བ།

   

གསུང་འབུམ།  ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་ལས།  


པོད་ག་པ། ༣


དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་པ་ཇི་ལྟར་བྱ་ཚུལ་གསལ་བར་བཀོད་པ་དགེ་ལེགས་གསེར་གྱི་སྙེ་མ།



གསུང་འབུམ། པཎ་ཆེན་བསྟན་པའི་དབང་ཕྱུག་གསུང་ལས།


པོད་ག་པ།

   

དཔལ་ལྡན་དམག་ཟོར་རྒྱལ་མོའི་གདམས་སྐོར་མཁའ་འགྲོའི་ཞལ་ལུང་ལས།  ལས་བཞི་སྤྱི་བསྒྲིལ་གསང་སྒྲུབ་དང་བཅས་པའི་འཕྲིན་ལས་བཀླགས་ཆོག་ཏུ་བཀོད་པ།  ཞར་བྱུང་ཨ་ཕྱི། དཔལ་ལྷ། དྲག་རྒྱལ་མ། གཡུ་སྒྲོན་མ། དེ་མོ་རྣམས་ཀྱི་གསོལ་མཆོད་དང་བཅས་པ་རིན་ཆེན་ནོར་བུའི་དོ་ཤལ།

   

དཔལ་ལྡན་དམག་ཟོར་རྒྱལ་མོའི་གཏོར་ཆོག་བསྐང་བསྐུལ་གསེར་སྐྱེམས་ཚོགས་འཁོར་དང་བཅས་པ་ཉུང་གསལ་ཁྱེར་བདེར་བཀོད་པ་ནོར་བུའི་དོ་ཤལ་དཔྱོད་ལྡན་མགུལ་རྒྱན།



གསུང་འབུམ།  གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་གསུང་ལས།


པོད་ཅ་པ།


དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་མདོར་བསྡུས།


དཔལ་ལྡན་ལྷ་མོར་ཚོགས་མཆོད།


སློབ་དཔོན་ཆེན་པོ་ལྭ་བ་དམར་པོས་མཛད་པའི་དཔལ་ལྡན་ལྷ་མོའི་སྒྲུབ་གཞུང་གི་མཆན་འགྲེལ་སྙིང་ཐིག་གསང་བའི་བརྡ་སྐད།





གསུང་འབུམ།   ཆིངས་སུ་ཙུག་ཐུ་ནོ་མོན་ཧན་བློ་བཟང་ནོར་བུ་ཤེས་རབ།


   

པོད་ཀ་པ།(༡)

   

དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་བསྡུས་པའི་ངག་འདོན།

   


པོད་ཁ་པ།(༢)

   

དཔལ་ལྡན་དམག་ཟོར་རྒྱལ་མོའི་བསངས་མཆོད་འབུལ་ཚུལ་བསམ་འཕེལ་ཡིད་བཞིན་ནོར་བུ།

   



གསུང་འབུམ། མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ།


པོད་གཉིས་པ། 


དཔལ་ལྡན་ལྷ་མོའི་མེ་མཆོད་ཀྱི་ཕྱག་ལེན། 




མཁའ་སྤྱོད་བདེ་ལྡན་དབང་མོའི་གསུང་།


༈ དཔལ་ལྡན་ལྷ་མོ་དམག་དང་ཟོར་གྱི་རྒྱལ་མོའི་ཤོ་ཁྲམ་རྒྱལ་མཐོན་སྒྲུ་བྱང་དམར་གྱི་ལས་ཚོགས་ལྔའི་ནང་ནས་ཤོ་དཀར་ནག་ལ་བརྟེན་ནས་རྣོ་མཐོང་སྒྲུབ་ཚུལ་གྱི་གདམས་པ་སྔོན་མེད་ཟླ་བ་གསར་པ་ཞེས་བྱ་བ་ལྐོག་ཏུ་གྱུར་པའི་བླང་དང་དོར་བྱའི་གནས་མ་ལུས་གསལ་པོར་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་ཡིན་པར་བཞུགས་སོ།།


༈ དཔལ་ལྡན་དམག་ཟོར་མའི་སྒོ་ནས་རྣོ་མཐོང་སྒྲུབ་ཚུལ།


༈ དཔཙལ་ལྡན་དམག་ཟོར་མའི་ཕྲེང་མོ་གསལ་སྒྲོན།


༈ དཔལ་ལྡན་དམག་ཟོར་མའི་སྒོ་ནས་ཤོ་བརྟག་ཚུལ།




ལྟོ་གོས་གཏམ་གསུམ་ལ་ཆགས་པ་ཟློག་ཐབས།

 བླ་མ་ལྷ་ལ་ཕྱག་འཚལ་ལོ།།

ལྟོ་གོས་གཏམ་གསུམ་ལ་ཆགས་པའི།།

ཟློག་ཐབས་གཉེན་པོ་སྒོམ་ཚུལ་ནི།།


འཆི་བ་མི་རྟག་བསྒོམས་པས་བཟློག

གསུམ་གྱི་དགོས་དམིགས་བསམས་པས་བཟློག

འདོད་པའི་ཉེས་སྐྱོན་བསམས་པས་བཟློག


དང་པོར་སྤྱོད་འཇུག་ལས་གསུངས་པ།།

མི་རྟག་སུ་ཞིག་མི་རྟག་ལ།།

ཡང་དག་ཆགས་པར་བྱེད་པ་ཡོད།།


གཉིས་པར་བཤེས་པའི་སྤྲིངས་ཡིག་ལས།།

ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས།།

འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ།།

རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས།།

མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།།


གསུམ་པར་ཕར་ཕྱིན་བསྡུས་པ་ལས།།

འདོད་པ་དེ་དག་ཐོབ་པ་དང༌།།

ཉིན་གཅིག་བཞིན་དུ་བསྟེན་པ་དང༌།།

མང་དུ་བསགས་པས་མི་ངོམས་ན།།

དེ་ལས་ནད་ཆེ་གང་ཞིག་ཡོད།།


འདི་ནི་ཤྲཱི་མིང་ཅན་གྱིས་སྦྱར།།

དགེ་བས་འགྲོ་ཀུན་གྲོལ་བར་ཤོག།

སྒྲོ་སྐུར་གྱི་མཐའ་དང་དེ་འཛིན་པའི་ཚད།

 ༄༅།   །ནམོགུརུ། སྒྲོ་སྐུར་གྱི་མཐའ་དང་དེ་འཛིན་པའི་ཚད་ལ། ཆོས་གང་དོན་དེར་ཡོད་པའམ་དོན་དེ་ཡིན་པ་ལ། དེ་གཉིས་ལས་ལོག་པ་ནི། སྐུར་འདེབས་ཀྱི་མེད་མཐའི་དོན་དང་།  དེ་ལྟར་འཛིན་པ་ནི།  དེའི་མཐར་འཛིན་ནོ།།  དཔེརན། ལས་འབྲས་མེད་པ་དང་།  དེར་འཛིན་པ་ལྟ་བུའོ།།

ཆོས་གང་དོན་དེར་མེད་པའམ་དོན་དེ་མ་ཡིན་པ་ལ། དེ་གཉིས་ལས་ལོག་པ་ནི། སྒྲོ་འདོགས་ཀྱི་ཡོད་མཐའི་དོན་དང་།  དེ་ལྟར་འཛིན་པ་ནི།  དེའི་མཐར་འཛིན་ཏེ།  དཔེར་ན།  གང་ཟག་རང་སྐྱ་ཐུབ་པའི་རྫས་སུ་ཡོད་པ་དང་།  དེར་འཛིན་པ་ལྟ་བུའམ།  ཆོས་རྣམས་བདན་པར་གྲུབ་པ་དང་། དེར་འཛིན་པ་ལྟ་བུའོ།།

སྟོང་ཉིད་ཀྱི་དགག་བྱ་ཉི་ཚེ་བཀག་པའི་ཤུལ་གྱི་སྒྲོ་འདོགས་གང་ཞིག  ཁྱོད་ཀྱིས་ཞེན་པ་ལྟར་གྲུབ་ནའང་ཐ་སྙད་དུ་ཡོད་པའི་བྱ་བྱེད་རྣམས་མི་འཐད་པ་དེ།  སྒྲོ་འདོགས་མེད་མཐར་འཛིན་པའི་དོན་ཏེ།  དཔེར་ན། སེམས་ཙམ་པས་ཡོངས་གྲུབ་དོན་དམ་པར་ཡོད་པར་འཛིན་པ་དང་།  རང་རྒྱད་པས་བདེན་མེད་རང་གི་སྡོད་ལུགས་ཀྱི་ངོས་ནས་ཡོད་པར་འཛིན་པ་ལྟ་བུའོ།།  དེ་ཡང་རང་རྒྱུད་པས། རང་གི་བསམ་ངོའི་སྟོང་ཉིད་ཀྱི་དགག་བྱ་བཀག་པའི་ཤུལ་དུ་ལྷག་མར་ལུས་པའི་ཡོད་པ་འཇོག་ལོ་བྱས་ཀྱང་།  དགག་བྱ་རྫོགས་པར་མ་ཁེགས་པས།  ཀུན་རྫོབ་ཏུ་ཡོད་ཚུལ་འཇོག་པ་ན།  བློའི་དབང་གིས་བཞག་པ་དང་ཡུལ་གྱི་ངོས་ནས་ཡོད་པ་གཉིས་ཚོགས་ཤིག་ཁས་བླངས་ལ།  དེའི་སྟེང་ནས་ཆོས་གང་ཡང་ཡོད་པར་འཇོག་མི་ནུས་པའི་ཕྱིར།  མེད་མཐའ་ལས་མ་གྲོལ་ལོ།།  

སྐུར་འདེབས་དང་། སྐུར་འདེབས་ཀྱི་མཐར་འཛིན།  སྐུར་འདེབས་ཀྱི་མེད་པའི་མཐར་འཛིན་གསུམ་དོན་གཅིག་པ་དང་།  སྒྲོ་འདོགས་དང་། སྒྲོ་འདོགས་ཀྱི་མཐར་འཛིན།  སྒྲོ་འདོགས་ཀྱི་ཡོད་པའི་མཐར་འཛིན་གསུམ་དོན་གཅིག   དེས་ན་སྒྲོ་འདོགས་ཀྱི་མེད་པའི་མཐར་འཛིན་ནི་དེའི་བྱེ་བྲག་ཞིག་གོ།  


(འདི་དག་ནི་རྩ་ 14/15/246/247 འཇུག་353གི་རྣམ་བཤད་གཉིས་ལ་བརྟེན་ནས་བཤད་ཁུལ་ཡིན་ནོ།།)










ཛམྦྷ་ལ་སེར་པོའི་གཏེར་སྒྲུབ།



༄༅།   །ནོར་བདག་འཕགས་པ་ཛམྦྷ་ལ་སེར་པོའི་གཏེར་སྒྲུབ་བྱེད་ཚུལ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།

མཛད་པ་པོ།  གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེ




1A ༄༅༅།      །ན་མོ་གུ་རུ་ཨཱརྱ་ཛམྦྷ་ལ་ཡེ།  (འདིར་བྱིན་རླབས་ཀྱི་གཏེར་ཆེན་པོ་འཕགས་པ་ཛམྦྷ་ལའི་རྣལ་འབྱོར་ལ་བརྟེན་ནས་རང་གཞན་གྱི་དོན་བྱེད་ཚུལ་འགོད་པ་ལ།  ཐོག་མར་གའུ་འམ་སྒྲོམ་ཚད་ལྡན་སོགས་ཡོ་བྱད་གང་དགོས་རྣམས་དངོས་གཙང་ཞིང་ཆ་ཚང་བ་དམ་པའི་གསུང་རྒྱུན་དང་མཐུན་པའི་ཕྱག་ལེན་ལྟར་བྱེད་པ་གལ་ཆེ་བས།  དེའི་ཚུལ་ནི།  བུམ་པའི་རྒྱུ་རབ་གསེར་དངུལ། མ་འབྱོར་ན་ཟངས་ལས་བྱས་པའང་རུང་ཞིང་།  ཡང་ན་རིན་པོ་ཆེའི་ཕྱེ་མ་བསྲེས་པའི་འཇིམ་པ་ལས་བྱས་པའི་བུམ་པའམ།  དུག་རིགས་ཀྱི་ཤིང་མ་ཡིན་པའི་ཙན་དན་དཀར་དམར་ཤུག་པ་སོགས་ལས་བྱས་པའི་སྒྲོམ་དབྱིབས་གྲུ་བཞི་པ་ཚོན་རྩིས་ཁ་བསྒྱུར་བ་བྱ་ཞིང་།  ནང་དུ་དྲི་བཟང་བྱུགས་ཤིང་ཕྱི་རུ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་བྲི།  མཛོད་ཕུག་སོགས་སུ་འཇོག་ན་ཤིང་གི་སྒྲོམ་འདི་ཉིད་ལེགས་པར་སེམས་ཤིང་། ཚད་ནི།  ཡུལ་དེའི་བྲེ་གང་ཤོང་བ་བྱ་བར་གསུངས།  


2A དེར་འཇུག་རྒྱུའི་རིམ་པ་ནི།  གསེར་དང་དངུལ་སོགས་ལས་གྲུབ་པའི་ཛམྦྷ་ལའི་སྐུའམ།  མ་འབྱོར་ན་རི་མོར་བྲིས་པའང་རུང་།  ཤོག་བུ་བཟང་པོ་ལ་གསེར་དངུལ་སོགས་ཀྱིས་ཛམྦྷ་ལའི་སྔགས།  ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཁམས་གསུམ་སྣོད་བཅུད་ཀྱི་དཔལ་འབྱོར་ཕུན་ཚོགས་ཐམས་ཅད་རྣལ་འབྱོར་པ་བདག་གམ་སྦྱིན་པའི་བདག་པོའི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ།  ཅེས་པ་ལྟ་བུ་བྲིས་ལ་དབུ་ནས་དྲིལ་ཞིང་དར་སེར་པོས་གཡོགས་ཏེ་མགོ་མཇུག་མ་ནོར་བར་བྱས་ལ་འབུར་སྐུའི་ཐུགས་ཀའམ།  རི་མོར་བྲིས་པ་ཡིན་ན་ཐུགས་ཀའི་ཐད་དུ་འཇོག།  སྐུ་བརྙན་གྱི་མཐའ་སྐོར་དང་སྒྲོམ་ནང་གི་འོག་གི་ཆར།  གསེར།  དངུལ།  མུ་ཏིག།  གཡུ།  བྱི་རུ།  མུ་མེན།  ཟངས་སོགས་རིན་པོ་ཆེའི་རིགས།  ཀ་ར།  བུ་རམ།  སྦྲང་རྩི།  ཁུར་བ།  ཤིང་ཐོག་སོགས་ཟས་སྣ།  ནས།  འབྲས།  གྲོ་སོགས་འབྲུ་སྣ་སྐྱོན་མེད་དགོས་ཤིང་།  སྐེ་ཚེ་ཤིང་ཚེ་བྲ་བོ་སོགས་འཇུག་མི་རུང་།  གཞན་ཡང་གོས་དར་


2B སྣམ་རས་ཀྱི་རིགས་གང་འཛོམས་བསགས།  དེ་ཐམས་ཅད་ཀྱང་བླ་མ་རྒྱལ་པོའི་མཛོད་ནས་བྱུང་བ་དང་།  གཞན་ཡང་མི་བསོད་ནམས་ཅན་དང་གཡང་ཅན་གྱི་ལག་ནས་བྱུང་བ་ལེགས་ལ།  དེ་ཐམས་ཅད་ཀྱང་སྐར་མ་རྒྱལ་སོགས་གཡང་སྐར་བཟང་པོའི་ཉིན་སྒྲོམ་དུ་འཇུག།  ཁ་དར་སེར་པོས་བཀབ་སྟེ་སྐུད་པ་མདོག་ལྔས་བཅིངས་ཏེ།  མདུད་མཚམས་སུ་རྒྱ་བཏབ་སྟེ་སྒྲོམ་གྱི་མདུན་ངོས་སུ་རྒྱབ་མདུན་མ་ནོར་བའི་ཕྱིར་དུ་ནོར་བུ་ཆ་དགུ་པ་བྲི།  བདག་མདུན་གྱི་ལྷ་ལ་འབུལ་རྒྱུའི་མཆོད་རྫས་རྣམས་དང་།  དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་དཀར་གཏོར་ཟླུམ་པོ་གཉིས་དང་བཅས་ལེགས་པར་འདུ་བགྱིས།  དེ་ལྟར་ཡོ་བྱད་ཐམས་ཅད་ཚང་བར་བྱས་ཏེ་ཉམས་སུ་ལེན་པའི་ཚུལ་ལ།  སྔོན་འགྲོ།  དངོས་གཞི།  མཇུག་གསུམ།  དང་པོ་ནི།  གནས་ཁང་བྱི་དོར་བྱས་ཤིང་།  ཛམྦྷ་ལའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་གའུ་འམ་སྒྲོམ་བུ་བཞག།  རང་གི་མདུན་དུ་ཅོག་ཙེ་ལྟ་བུའི་སྟེང་དུ་རྡོ་དྲིལ་དང་། དེའི་ཕར་རྒྱབ་ཏུ་སྟེགས་ཀྱི་ཁར་བདག་བསྐྱེད་ཀྱི་མཆོད་པ་རང་གི་གཡས་ནས་འགོ་བརྩམས་ཏེ་བཤམས་པ་དང་།  སྒྲོམ་བུའི་མདུན་དུ་མདུན་བསྐྱེད་ཀྱི་མཆོད་པ་འབུལ་ཡུལ་གྱི་གཡས་ངོས་ནས་འགོ་བརྩམས་ཏེ་བཤམས།  དེ་ཐམས་ཅད་ཀྱང་བཀོད་པས་མཛེས་པར་མཐར་ཆགས་སུ་བསྒྲིགས།  ཇི་ལྟར་འོས་པའི་སྟེགས་ཀྱི་ཁར་བདག་མདུན་ལ་འབུལ་རྒྱུའི་དཀར་གཏོར་གཉིས་ཀྱང་བཤམས།  རང་ཉིད་ཀྱིས་གནས་ཁང་གི་ཕྱི་རོལ་དུ་ཁྲུས་བྱ་ཞིང་།  ཤ་ཆང་སྒོག་ཙོང་སོགས་ཀྱི་ཟས་ལ་ལོངས་སྤྱོད་པ་སྤངས་ཏེ།  གཙང་སྦྲ་དང་ལྡན་པས་བདེ་བའི་སྟན་ལ་འཁོད་དེ།  ལུས་རྣམ་སྣང་གི་ཆོས་བདུན་ལྡན་ནམ་བག་མེད་པའི་འདུག་ལུགས་མ་ཡིན་པའི་སྤྱོད་ལམ་གང་བདེར་


3A གནས་ནས།  བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་ཐོབ་པར་བྱ།  དེའི་ཕྱིར་དུ་མཐུན་རྐྱེན་མཁོ་དགུའི་ལོངས་སྤྱོད་ཟད་མི་ཤེས་པ་དབང་དུ་འདུ་བའི་ལྷ་མཆོག་ཁྱད་པར་ཅན་འདི་ཉིད་ཀྱི་རྣལ་འབྱོར་ལ་གནས་ནས་གཏེར་སྒྲུབ་པའི་རིམ་པ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ངང་ནས།  མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་སྟེ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་ནན་ཏན་དུ་བྱ།     གཉིས་པ་དངོས་གཞི་ལ།  བདག་མདུན་གཉིས་ལས།  དང་པོ་ནི།)  སྭ་བྷཱ་ཝ(ས་སྟོང་པར་སྦྱངས།)  སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཛཾ་ཡིག་གསེར་གྱི་མདོག་ཅན།  དེ་ལས་འོད་ཟེར་འཕྲོས།  འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ།  འོད་ཟེར་ཚུར་འདུས།  ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་ཉིན་བྱེད་བྱེ་བའི་མདངས་དང་ལྡན་པའི་གསེར་གྱི་ལྷུན་པོ་ལྟར་སེར་ཞིང་བརྗིད་ཆགས་པ།  ཞལ་གཅིག་ཕྱག་གཉིས་པ།  རྒྱལ་བ་རིགས་ལྔས་དབུ་བརྒྱན་པ།  ཕྱག་གཡས་ཀྱིས་པི་ཛ་པུ་ར་ཀ་དང་།  གཡོན་པས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པའི་ནེའུ་ལེ་བསྣམས་ཤིང་།  རིན་པོ་ཆེའི་རྒྱན་དང་ཨུཏྤལ་སྔོན་པོའི་ཕྲེང་བས་བརྒྱན་པ།  ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་ཞིང་།  ཞབས་


3B གཉིས་ཀྱིས་དུང་ཅན་མ་དང་པདྨ་ཅན་གྱི་མགོ་བོའི་གཏེར་བདག་མནན་པ།  རང་གི་སྤྱི་བོར་ཨོཾ་དཀར་པོ།  མགྲིན་པར་ཨཱཿདམར་པོ།  ཐུགས་ཀར་ཧཱུཾ་སྔོན་པོ་དང་ཛཾ་ཡིག་སེར་པོས་མཚན་པ།  དེ་ལས་འོད་ཟེར་འཕྲོས།  རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས།  ཛཿཧཱུཾ་བཾ་ཧོཿ  གཉིས་སུ་མེད་པར་གྱུར།  (ཞེས་བརྗོད་ལ།  དབང་བསྐུར་རྒྱས་བཏབ་མ་བྱས་ཀྱང་ཆོག།  དེ་ནས་མཆོད་པ་)ཨ་མྲི་ཏ(ས་བསངས།)  སྭ་བྷཱ་ཝ(ས་སྦྱངས།)  སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར།  ཨོཾ་ཨརྒྷཾ་ཨཱཿཧཱུཾ།  (ནས།)  ཤཔྟ་ཨཱཿཧཱུཾ་(གི་བར་གྱིས་བྱིན་གྱིས་བརླབས།)  ཨོཾ་ཨཱརྱ་ཛམྦྷ་ལ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ།  (ཞེས་པ་ནས།)  ཤཔྟ་པྲ་ཏཱིཙྪ་ཡེ་སྭཱཧཱ།  (ཞེས་པའི་བར་གྱིས་མཆོད།)  ནོར་གྱི་དབང་ཕྱུག་(སོགས་ཀྱིས་བསྟོད།  རང་ཉིད་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་ང་རྒྱལ་ཤུགས་ཅན་བསྐྱེད་ལ།)  ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་ཡིག་གསེར་གྱི་མདོག་ཅན་གྱི་མཐར་སྔགས་ཕྲེང་སེར་པོའི་བསྐོར་བ་ལས་འོད་ཟེར་སེར་པོའི་ཚོགས་འཕྲོས།  ལུས་ཀྱི་ནང་ཐམས་ཅད་གང་།  ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས།  འོད་ཟེར་ཕྱིར་


4A འཕྲོས།  སེམས་ཅན་གྱི་སྡིག་སྒྲིབ་སྦྱངས།  ཁྱད་པར་རང་གཞན་གྱི་དབུལ་ཕོངས་ཐམས་ཅད་བསལ།  ཁམས་གསུམ་སྣོད་བཅུད་ཀྱི་མཁོ་དགུའི་དཔལ་འབྱོར་ཕུན་ཚོགས་དབང་དུ་འདུ་བར་(བསམ་ལ།  སྔགས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་བཟླ།  ཐུན་མཐར་ཡིག་བརྒྱས་ལྷག་ཆད་ཁ་བསྐངས།  ཐུན་མཚམས་སུ་གཏོར་མ་)ཨ་མྲི་ཏ(ས་བསངས།)  སྭ་བྷ་ཝ(ས་སྦྱངས།)  སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།  ཨོཾ་ཨཱཿཧཱུཾ།  (ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས།)  རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས།  འཕགས་པ་ཛམྦྷ་ལ་མདུན་གྱི་ནམ་མཁར་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟཾ།  (ཞེས་གདན་ཕུལ།)  མདུན་བསྐྱེད་ཀྱི་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ།()  ཨོཾ་ཨཱརྱ་ཛམྦྷ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།  (ལན་བདུན་གྱིས་གཏོར་མ་ཕུལ།  སྔར་ལྟར་མཆོད་བསྟོད་མདོར་བསྡུས་བྱ།  གཏོར་མགྲོན་གྱི་ལྷ་)ཨོཾ་ཨཱཿབཛྲ་མུ།  (ཞེས་བརྗོད་ལ་རང་གནས་སུ་གཤེགས་པའམ།  བྲིས་སྐུ་ཡོད་ན།)  འདིར་ནི་གཟུགས་དང་ལྷན་ཅིག་ཏུ།།  (ཞེས་པའི་མཇུག་ཏུ།)  ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།  (ཞེས་པས་བརྟན་བཞུགས་བྱ།       ༈     གཉིས་པ་མདུན་བསྐྱེད་ནི།  གའུ་འམ་སྒྲོམ་བུ་)ཨ་མྲི་ཏ(ས་བསངས།)  སྭ་བྷཱ་ཝ(ས་སྦྱངས།)  སྟོང་པའི་ངང་ལས་རིན་


4B པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་གཏེར་གྱིས་གང་བའི་ནང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་ཡིག་སེར་པོ།  དེ་ལས་འོད་ཟེར་འཕྲོས།  འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ།  འོད་ཟེར་ཚུར་འདུས།  ཡོངས་སུ་གྱུར་པ་ལས་འཕགས་པ་ཛམྦྷ་ལ།  (ཞེས་པ་ནས།)  དེའི་སྤྱི་བོར་ཨོཾ་དཀར་པོ།  མགྲིན་པར་ཨཱཿདམར་པོ།  ཐུགས་ཀར་ཧཱུཾ་སྔོན་པོ་དང་ཛཾ་ཡིག་སེར་པོས་མཚན་པར་གྱུར།  (ཞེས་པའི་བར་བརྗོད།  མཆོད་པ་བདག་བསྐྱེད་ཀྱི་སྐབས་ལྟར་བྱིན་གྱིས་བརླབས་ལ།)  འཇིག་རྟེན་ཁམས་ནི་དཔག་མེད་ན།། མཆོད་ཡོན་ཇི་སྙེད་ཡོད་པ་རྣམས།། འཕགས་མཆོག་ཛམྦྷ་ལ་ལ་འབུལ།། ནོར་གྱི་དངོས་གྲུབ་སྩལ་དུ་གསོལ།། ཨོཾ་ཨཱརྱ་ཛམྦྷ་ལ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ།  (དེ་བཞིན་དུ་ཞབས་བསིལ་སོགས་ལ་ཚིགས་བཅད་དང་སྔགས་འདོན་པ་བསྒྱུར་ཏེ་ཕུལ།)  ཉིན་བྱེད་མདངས་ཆགས་གསེར་ཞུན་ལྷུན་པོ་ལ།། འགྲན་བཟོད་རབ་བརྗིད་འཕགས་མཆོག་ནོར་གྱི་ལྷ།། འདོད་དགུའི་དངོས་གྲུབ་ཆར་དུ་འབེབས་མཛད་པའི།། གནོད་སྦྱིན་ནོར་གྱི་དབང་ཕྱུག་ཁྱོད་ལ་བསྟོད།།  (ཅེས་པས་བསྟོད།)   མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཟླ་བའི་སྟེང་དུ་ཛཾ་ཡིག་གསེར་གྱི་མདོག་ཅན་གྱི་མཐར་སྔགས་འཕྲེང་སེར་པོའ་བསྐོར་བ་ལས་འོད་ཟེར་སེར་པོའི་ཚོགས་འཕྲོས།  ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས།  གཞན་ཡང་བླ་མ་


5A དགེ་བའི་བཤེས་གཉེན།  པཎྜིཏ།  གྲུབ་པ་ཐོབ་པ་རྣམས་ཀྱི་མཁས་བཙུན་བཟང་གསུམ།  ནུས་མཐུ།  འཇིག་རྟེན་ཁམས་ཀྱི་རྒྱལ་བློན་དྲེགས་ལྡན་ཡོངས་ཀྱི་ཚེ་དང་།  བསོད་ནམས།  གཟི་བརྗིད།  དཔལ་གཡང་།  མདོར་ན་སྲིད་པ་དང་ཞི་བའི་ཕུན་ཚོགས་ཐམས་ཅད་དང་།  ཁྱད་པར་དུ་ཡང་མཁོ་དགུའི་ལོངས་སྤྱོད་ཟས་ནོར་ལོངས་སྤྱོད་རྟ་ཕྱུགས་འཕེལ་བ་ལ་སོགས་པའི་དཔལ་འབྱོར་ཟད་མི་ཤེས་པས་རང་གི་གནས་ཁང་བང་མཛོད་ཕྱུག་ལྷས་ཐམས་ཅད་དུ་ནམ་མཁའ་མཛོད་བཞིན་དུ་ཕྱུར་བུར་ཁེངས་པར་(བསམ་ལ།)  ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཁམས་གསུམ་སྣོད་བཅུད་ཀྱི་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་(བདག་གམ་སྦྱིན་པའི་བདག་པོའི་)དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ།  (ཅེས་པ་ལྟ་བུ་གང་རུང་རྟགས་མ་བྱུང་གི་བར་དུ་བཟླ།  ཐུན་མཐར་ཡིག་བརྒྱས་ལྷག་ཆད་ཁ་བསྐངས།  མཆོད་བསྟོད་མདོར་བསྡུས་བྱས་ལ།       གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ནི།  གཏོར་མ་བདག་བསྐྱེད་ཀྱི་སྐབས་ལྟར་བྱིན་གྱིས་བརླབས།)  མདུན་བསྐྱེད་ཀྱི་ལྷའི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར།  (ཞེས་སོགས་ཀྱིས་གཏོར་འབུལ། མཆོད་བསྟོད་སྔར་ལྟར་བྱ།  དེ་ནས་གཡང་འབོད་བྱ་བའི་ཚུལ་ནི།  འདི་ལྟར།)   ཧཱུཾ༑ བསམ་པའི་རེ་བ་མ་ལུས་ཡིད་བཞིན་ནོར།། དབང་གི་རྒྱལ་པོ་ལྟ་བུར་ལྷུན་གྲུབ་ཏུ།། སྩོལ་མཛད་ནོར་གྱི་དབང་ཕྱུག་ལྷག་པའི་ལྷ།། བརྩེ་ཆེན་ཐུགས་རྗེའི་ཤུགས་ཀྱིས་བདག་ལ་དགོངས།། སྣང་སྟོང་ལྷ་སྐུའི་རྣལ་འབྱོར་བརྟན་པའི་ངང་།། བཟླས་བརྗོད་


5B མཐར་ཕྱིན་གཉིས་མེད་ཡེ་ཤེས་ཀྱིས།། སྲིད་ཞིའི་འདོད་དགུ་ཡོངས་ལ་དབང་བསྒྱུར་བའི།། དགེ་ལེགས་ཕུན་ཚོགས་དཔལ་དང་གཡང་དུ་སྩོལ།། ཞིང་མཆོག་བདེ་ལྡན་མགོན་པོ་འོད་མཐའ་ཡས།། རིག་འཛིན་ཚེ་ལ་དབང་བའི་ལྷ་ཚོགས་ཀྱི།། བྱིན་ཆེན་མི་ཤིགས་ཐིག་ལེར་ཉེར་སིམ་པའི།། དགེ་ལེགས་ཕུན་ཚོགས་x།། སྐབས་གསུམ་བདག་པོ་གདེངས་ཅན་འཁོར་ལོས་བསྒྱུར།། དྲེགས་ལྡན་ཡོངས་ཀྱི་དཔལ་འབྱོར་གཟི་བརྗིད་དང་།། སྙན་པའི་གྲགས་པས་ཕྱོགས་ཀྱི་མཐར་ཁྱབ་པའི།། དགེ་ལེགས་ཕུན་ཚོགས་x།། སྟོབས་བཅུའི་དབང་ཕྱུག་ཟས་གཙང་སྲས་པོ་ཡིས།། རྒུད་པ་ཀུན་སེལ་ཤིས་པའི་རྫས་མཆོག་གི། དངོས་པོར་བྱིན་བརླབས་བཀྲ་ཤིས་རྫས་བརྒྱད་ཀྱི།། དགེ་ལེགས་ཕུན་ཚོགས་x།། ཕྱི་ནང་འགལ་རྐྱེན་ཉེར་འཚེ་མ་ལུས་པ།། རྟ་བདུན་འོད་ཀྱིས་མུན་ཚོགས་ཕྱོགས་ཀྱི་མཐར།། སྐྱོད་པ་ཇི་བཞིན་ཞི་བའི་ལས་འགྲུབ་པའི།། དགེ་ལེགས་ཕུན་ཚོགས་x།། ཚེ་བསོད་དཔལ་འབྱོར་མཁོ་དགུའི་ཡོན་ཏན་ཀུན།། དབྱར་གྱི་དཔལ་མོ་དང་འགྲོགས་ཆུ་གཏེར་བཞིན།། གོང་དུ་འཕེལ་བ་རྒྱས་པའི་ལས་འགྲུབ་པའི།། དགེ་ལེགས་ཕུན་ཚོགས་x།། རྒྱལ་བློན་འབངས་གསུམ་མི་ནོར་ཟས་གསུམ་ཀུན།། པདྨའི་དཔལ་ལ་བུང་བའི་ཚོགས་འདུ་བཞིན།། མྱུར་དུ་འགུགས་པ་དབང་གི་ལས་འགྲུབ་


6A པའི།། དགེ་ལེགས་ཕུན་ཚོགས་དཔལ་དང་གཡང་དུ་སྩོལ།། བསམ་སྦྱོར་ལོག་ལྟའི་ནག་ཕྱོགས་དགྲ་ཡི་སྡེ།། འཐོར་རླུང་དྲག་པོའི་ཤུགས་ཀྱིས་སྤྲིན་ཚོགས་བཞིན།། མྱུར་དུ་ཚར་གཅོད་དྲག་པོའི་ལས་འགྲུབ་པའི།། དགེ་ལེགས་ཕུན་ཚོགས་དཔལ་དང་གཡང་དུ་སྩོལ།། མདོར་ན་ཇི་ལྟར་བསམ་པའི་རེ་བ་ཀུན།། དཔག་བསམ་ཡོངས་འདུའི་ལྗོན་པའི་དཔེ་ལྟ་བུར།། ལྷུན་གྱིས་འགྲུབ་པའི་དཔལ་གཡང་ཕུན་ཚོགས་ཀུན།། རབ་རྒྱས་ཤིས་པ་རྒྱ་མཚོས་ས་ཁྱབ་ཤོག།  (ཅེས་གཡང་འབོད་ཀྱི་ཚིགས་བཅད་འདི་རྣམས་བརྗོད།  ཐུན་བཞིར་གཅོད་པའི་དབང་དུ་བྱས་ན།  ཕྱི་མ་གསུམ་གྱི་སྐབས་སུ་སྔོན་དུ་བདག་བསྐྱེད་གོང་ལྟར་ལ།  མདུན་བསྐྱེད་ཀྱི་སྐབས་ས་བོན་དོར་ཏེ་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་མཆོད་བསྟོད་ཀྱི་བར་གོང་བཞིན་བྱ་ཞིང་།  གཏོར་འབུལ་དང་གཡང་འབོད་ཐུན་ཐ་མའི་མཐར་བྱ།  དེ་ལྟར་ཞག་ལྔའམ་བདུན་ནམ་ཉེར་གཅིག་གི་བར་སྒྲུབ་པའི་གྲོལ་རྒྱུའི་ཐུན་སྔ་མའི་སྔ་དྲའི་ཐུན་གྱི་མཐར།)  གང་ཡང་བདག་བློ་(སོགས་དང་།)  མ་རྙེད་ཡོངས་སུ་(སོགས་ཀྱིས་ནོངས་པ་བཟོད་པར་གསོལ།  མདུན་བསྐྱེད་ཀྱི་ལྷ།)  འདིར་ནི་གཟུགས་དང་ལྷན་ཅིག་ཏུ།།  (ཞེས་པ་ནས།)  ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།  (ཞེས་པའི་བར་བརྗོད་དེ་རྟེན་ལ་བརྟན་བཞུགས་བྱ།)  བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས།  དམ་ཚིག་པ་སྐུའི་སྟོད་སྨད་ནས་རིམ་གྱི་འོད་དུ་ཞུ་སྟེ་མི་དམིགས་པ་སྟོང་པར་གྱུར།  སྟོང་པའི་ངང་ལས་


6B འཕགས་པ་ཛམྦྷ་ལའི་སྐུར་བཞེངས་པའི་སྤྱི་བོར་ཨོཾ།  མགྲིན་པར་ཨཱཿ  ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར།  (ཞེས་བརྗོད།  གའུ་འམ་སྒྲོམ་རྟེན་དང་བརྟེན་པར་བཅས་པ་མཛོད་ཕུགས་སོགས་སུ་སྤྱན་འདྲེན་པའི་ཚེ།  སྤོས་དུད་དང་རོལ་མོའི་སྒྲས་མདུན་བསུས་ཏེ་སྤྱན་དྲངས་ལ།  སྐར་མ་རྒྱལ་སོགས་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མཆོད་བསྟོད་བཟླས་པ་མདོར་བསྡུས་གཡང་འབོད་དང་བཅས་པ་དུས་དུས་སུ་བྱ་ཞིང་།  བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཐའ་བརྒྱན་པར་བྱའོ།།  ཞེས་ནོར་བདག་འཕགས་པ་ཛམྦྷ་ལ་སེར་པོའི་གཏེར་སྒྲུབ་བྱེད་ཚུལ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི་ཁྲོམ་ཐོག་དགོན་གྱི་མཁན་ཟུར་བློ་བཟང་འཇམ་དབྱངས་ཀྱིས་ལྷ་དར་དང་བཅས་ཏེ་བསྐུལ་བ་ལྟར། ༧ཤཱཀྱའི་བཙུན་པ་བློ་བཟང་རྒྱལ་མཚན་སེངྒེས་སྦྱར་བའི་ཡི་གེ་བ་ནི་མཛོད་པ་ཆོས་རྗེའི་ཚ་བོ་བསྟན་པ་རྒྱལ་མཚན་གྱིས་བགྱིས་པ་ཛ་ཡནྟུ།།      །།)       ༈  པར་འདི་ས་དམར་གུ་རུས་ལྷག་བསམ་གྱིས།། བསྐྲུན་པའི་དགེ་བས་བདག་སོགས་འགྲོ་བ་ཀུན།། འཕགས་མཆོག་ཛམྦྷ་ལ་ཡིས་རྗེས་བཟུང་སྟེ།། ཆོས་འབྱོར་བདེ་སྐྱིད་དཔལ་ལ་རོལ་གྱུར་ཅིག།       །།



ལྷ་མོའི་འབྱུང་ཁུངས་ལོ་རྒྱུས།

 





༄༅།  །ལྷ་མོའི་འབྱུང་ཁུངས་ལོ་རྒྱུས་བཞུགས་སོ།། མཛད་པ་པོ། རྟ་ཚག་བསྟན་པའི་མགོན་པོ། 


1B ༄༅།  །དཔལ་ལྡན་ལྷ་མོ་དམག་ཟོར་མ་ནི།  ལྷ་མོ་དབྱངས་ཅན་མ་བསྟན་པ་བསྲུང་ཞིང་བསྟན་དགྲ་སྒྲོལ་བའི་ཕྱིར་དུ་དྲག་མོར་སྤྲུལ་པ་ཡིན་ཅིང་།  ལྷ་མོ་དབྱངས་ཅན་མ་ཡང་དོན་དུ་རྗེ་བཙུམ་སྒྲོལ་མའི་སྤྲུལ་པར་གསུངས།  རྗེ་བཙུམ་སྒྲོལ་མ་ནི་སྔོན་ཐོག་མ་མེད་པའི་དུས་ཤིག་ན།  འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་ཅེས་བྱ་བར་སངས་རྒྱས་རྔ་སྒྲ་ཞེས་བྱ་བ་བྱུང་སྟེ།  དེའི་བསྟན་པ་ལ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད།  དེས་སངས་རྒྱས་དེ་འཁོར་བཅས་ལ་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་མཆོད་པར་བྱས་ཏེ་མཐར་བྱང་ཆུབ་ཏུ་སེམས་བསྐྱེད།  དེའི་ཚེ་དགེ་སློང་རྣམས་ཀྱིས།  ཁྱེད་དགེ་བ་འདིས་ལུས་འདི་ཉིད་དུ་སྐྱེས་པའི་ལུས་སུ་གྱུར་ཏེ་བསྟན་པ་ལ་བྱ་བ་བྱེད་པར་སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་རོ།།  ཞེས་སྨྲས་པར།  སྐྱེས་པའི་ལུས་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི།  བུད་མེད་ཀྱི་ལུས་རྟེན་གྱིས་འགྲོ་དོན་བྱེད་པ་མིན་འདུག་པས།  ངས་འཁོར་བ་མ་སྟོང་གི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ།།  ཞེས་དམ་བཅས།  དེ་ནས་ལོ་བྱེ་བ་བརྒྱ་སྟོང་བར་དུ་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འདུག་ཅིང་ཏིང་འཛིན་བསྒོམས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་།  འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ།  ཏིང་འཛིན་དེའི་ནུས་པས་སྔ་དྲོའི་དུས་སུ་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་ཟ་བར་མི་བྱེད།  ཉི་མ་ཕྱི་དྲོ་ཡང་དེ་དང་འདྲ་བར་འགོད་དོ།།  དེ་ནས་བཟུང་སྟེ་སྔར་གྱི་མིང་འགྱུར་ནས་སྒྲོལ་མ་ཞེས་བྱ་བར་གྱུར།  དེ་ནས་བསྐལ་པ་བི་ཤུདྡྷ་རྣམ་པར་རྒྱལ་བ་ལ་སངས་རྒྱས་དོན་ཡོད་གྲུབ་པའི་དྲུང་དུ།  སེམས་ཅན་ཐམས་ཅད་ཀྱི་ཉེར་འཚེ་


2A བསལ་ཞིང་སྲུང་སྐྱོབ་མཛད་པར་དམ་བཅས།  བདུད་རྣམས་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བསྐལ་པ་དགུ་བཅུ་རྩ་ལྔའི་བར་དུ་ཉིན་རེ་བཞིན་འགྲོ་བ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་རེ་བསམ་གཏན་ལ་ཡང་དག་པར་བཀོད།  ནུབ་རེ་བཞིན་བདུད་བྱེ་བ་བརྒྱ་སྟོང་རེ་བཏུལ་བས།  གདུང་མ།  མྱུར་མ།  དཔའ་མོ་ཞེས་མཚན་དུ་བཏགས།  དེ་ནས་བསྐལ་པ་ཐོགས་པ་མེད་པ་ཞེས་བྱ་བ་ལ།  དགེ་སློང་དྲི་མ་མེད་པའི་འོད་ཀྱི་སྣང་བ་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་དབང་བསྐུར་བས་དེ་འཕགས་པ་སྤྱན་རས་གཟིགས་སུ་གྱུར་པ་ལ།  སླར་ཡང་སངས་རྒྱས་ཐམས་ཅད་ ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་འོད་ཟེར་ཆེན་པོའི་དབང་བསྐུར་བས།  འོད་ཟེར་སྔ་ཕྱི་གཉིས་ཡབ་ཡུམ་གྱི་ཚུལ་དུ་གྱུར་ནས་འདྲེས་པ་ལས།  ལྷ་མོ་སྒྲོལ་མར་གྱུར་ནས་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་བྱུང་བས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྐངས། སེམས་ཅན་ཐམས་ཅད་འཇིགས་པ་བཅུ་དྲུག་ལས་སྐྱོབ་པར་མཛད་པ་སོགས་བསྐལ་པ་མང་པོར་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ།  སེམས་ཅན་ཚེ་ཐུང་བ་ལ་ཚེའི་དངོས་གྲུབ་གནང་ཕྱིར་སྒྲོལ་མ་དཀར་མོར་སྤྲུལ།  དབང་ཆུང་བ་ལ་དབང་གི་དངོས་གྲུབ་སྩོལ་ཕྱིར་རིག་བྱེད་མར་སྤྲུལ།  ཤེས་རབ་ཆུང་བ་རྣམས་བསྐྱེད་ཕྱིར་དབྱངས་ཅན་མར་སྤྲུལ་པ་སོགས་བསམ་གྱིས་མི་ཁྱབ།  ཁྱད་པར་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་ཕྱིར་ཆོས་སྐྱོང་གི་རྣམ་པར་སྤྲུལ་བར་བཞེད་ནས།  དེའི་ཕྱིར་དུ་ཐ་མལ་འཇིག་རྟེན་པའི་སྐྱེ་རྒྱུད་དང་མཐུན་པར་


2B སྟོན་པའི་ཕྱིར་མི་རྣམས་ཚེ་ལོ་བཞི་ཁྲིའི་དུས་སངས་རྒྱས་འཁོར་བ་འཇིག་བྱོན་དུས་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བར་གྱུར་ནས་དགེ་བ་བཅུ་ཤ་སྟག་སྤྱད།  ཚེ་ལོ་སུམ་ཁྲིའི་དུས་སངས་རྒྱས་གསེར་ཐུབ་ཀྱི་དུས་སུ་ལྷ་མོ་དཔལ་བརྟན་མ་ཞེས་པར་སྐྱེས་ནས་ཞེ་སྡང་ཆེ་བའི་ཚུལ་དུ་བསྟན།  ཚེ་ལོ་ཉི་ཁྲི་པར་སངས་རྒྱས་འོད་སྲུང་དུས་ལྷ་མོ་མན་ཛུ་ཞེས་པར་གྱུར་ནས།  དེ་དུས་ཤཱཀྱ་ཐུབ་པ་དགེ་སློང་དབང་ཕྱུག་འོད་ཅེས་པར་གྱུར་པ་ལ་ལྷ་མོ་དེའི་མཆོད་གནས་བྱས་ཤིང་།  མ་འོངས་ཚེ་ལོ་བརྒྱ་པ་ན་དགེ་སློང་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་དུས།  ལྷ་མོ་དཔལ་ལྡན་ལྷ་མོར་གྱུར་ནས་བསྟན་པ་བསྲུང་བར་སྨོན་ལམ་བཏབ།  དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་མ་བྱོན་གོང་ཙམ་དུ།  ལྷ་དང་ལྷ་མིན་འཁྲུགས་ནས་ལྷ་ཕམ་པ་ན།  ཕྱག་ན་རྡོ་རྗེས་ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར་དུ་ཐུགས་ཀ་ནས་ཧཱུཾ་ཡིག་སྤྲུལ་ནས་བརྒྱ་བྱིན་གྱི་བཙུན་མོའི་དཔྲལ་བར་ཕོག་པ་ལས་ལྕགས་ཀྱི་འཛེར་པར་གྱུར་ནའ་དེ་བརྡོལ་བ་ལས།  ལྷ་མོ་སྔོན་མོ་མཛེས་ཤིང་ཡིད་དུ་འོང་བ་བྱུང་བ་ལྷ་རྣམས་ཀྱིས་ལྷ་མོ་ཨུ་མ་དེ་བར་བཏགས་ནས།  དེ་ཕྱག་ན་རྡོ་རྗེའི་བཀས་ལྷ་དབང་ཕྱུག་ཆེན་པོའི་ཆུང་མར་སྦྱིན་པས།  དེར་ལྷ་དབང་ཕྱུག་དང་ཨུ་མ་གཉིས་འདུས་པ་ལ་བུ་ཚ་མིང་སྲིང་གཉིས་བྱུང་བ་བུ་གཤིན་རྗེ་མཧཱ་ཀཱ་ལ་ཞེས་པ་བྱུང་བ་ནི་དེང་སང་གི་མགོན་པོ་རྣམས་ཀྱི་སྤྲུལ་གཞི་རྩ་བ་དང་།  བུ་མོ་ཙ་མུནྜི་ནི་ལྷ་མོ་རྣམས་ཀྱི་སྤྲུལ་གཞི་དེ་ཡིན།  དེ་གཉིས་ལ་ཕྱག་ན་རྡོ་རྗེས་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར།  དེ་ནས་ལྷ་ལྷ་མིན་གཉིས་འཐབ་པའི་ཚེ་མཧཱ་ཀཱ་ལས་གསལ་ཤིང་རི་རབ་ཙམ་བསྒྲིལ་ནས་ལྷ་མིན་གྱི་གཡུལ་བཟློག།  ཙ་མུནྜིས་རལ་གྲིས་ལྷ་མིན་གྱི་མགོ་བཅད།  ལྷ་མིན་གྱི་ཁྲག་ལས་ལྷ་མིན་མང་པོ་འཕེལ་བ་ལྷ་མོས་ལྷ་མིན་གྱི་ཐོད་པས་བཅུས་ཤིང་འཐུང་པས་འཕེལ་མ་ནུས།  ལྷ་རྣམས་ཀྱིས་ལྷ་མོའི་སྐུ་ཆེན་པོར་སྤྲུལ་པའི་ལྟེ་བར་རྫོང་བྱས་


3A ནས་འཐབ་པས་ལྷ་རྒྱལ་བར་བྱས།  དེ་ནས་ལྷ་མོ་དེ་རི་ཁྲོད་མདངས་དགའ་བྱ་བར་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས་ལྷ་མོ་པརྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་དུ་གྲགས།  དེ་ནས་ལྷ་མོས་ཀླུ་དུང་གི་མཛེར་པ་ཅན་བྱ་བའི་བྱང་སེམས་ཞིག་ཡོད་པ་བྱ་ཁྱུང་གི་འཇིགས་ལས་བསྐྱབས་ནས་བསྐྱངས་པས་དུང་སྐྱོང་མར་གྲགས།  དེ་ནས་དེ་ལྷ་ཡུལ་དུ་ལྷའི་ལོངས་སྤྱོད་ཀྱིས་བདེ་སྐྱིད་དུ་གནས་པའི་སྐབས་སྲིན་པོའི་ཡུལ་རྣམས་ལྷའི་དམག་གིས་བཅོམ་པས།  སྲིན་པོ་ད་ཤ་གྲི་བ་དང་སྲིན་མོ་ན་ལ་རྩེ་གཉིས་ལུས་ན།  སྲིན་པོ་ད་ཤ་གྲི་བས་ལྷ་མིན་འདུལ་བའི་དོན་དུ་སྲིང་མོ་དབང་ཕྱུག་ཆེན་པོར་བཙུན་མོར་ཕུལ་བ་ལས།  དེ་གཉིས་འདུས་པས་སྲས་ཆགས་པ་མ་ཡིས་བུ་མོར་འགྱུར་བར་སྨོན་ལམ་བཏབ་པས་བུ་མོར་གྱུར་ནས་བུ་མོ་ཡ་མཚན་ཅན་གཅིག་བྱུང་བ་ནི་ལྷ་མོ་དམག་ཟོར་མའི་རྩ་བ་དེའོ།།  དེའི་ཕ་ཁྲོས་ནས་ཐལ་ཁུང་དུ་བོར་བར་མས་བླངས་ནས་གསོས་པས།  ཕས་མིང་སྦས་པ་ཐལ་མདོག་ཏུ་བཏགས།  མས་མི་ཕམ་ཁྲོ་གཉེར་རོ་ལངས་མར་བཏགས།  ཕྱག་ན་རྡོ་རྗེས་གནོད་སྦྱིན་རེ་མ་ཏིར་མིང་བཏགས།  སངས་རྒྱས་ཀྱི་བསྟན་པའི་སྲུང་མར་འགྱུར་བར་དམོད་བོར།  དེ་ལ་ཆེ་ཞེ་དུང་སྐྱོང་མས་མིང་བཏགས་པ་སྲིང་མོ་དམར་འདབ་ཕུར་པའི་ལྷར་བཏགས།  དེས་ན་ལྷ་མོ་དུང་སྐྱོང་དང་ལྷ་མོ་རེ་མ་ཏི་གཉིས་ངོ་བོ་གཅིག་ཀྱང་རྣམ་པར་ཕ་གཅིག་མ་མི་གཅིག་པའི་སྤུན་ཡིན།  དུང་སྐྱོང་ནི་ལྷ་མོ་དུད་སོལ་མ་ཡིན།  དེ་ནས་སྲིན་པོ་ད་ཤ་གྲི་བས་ལྷ་མོ་དུང་སྐྱོང་མ་ཆུང་མར་འདོད་ནས་རང་གི་སྲིང་མོ་ན་ལ་རྩེ་ལ་སྨྲས་པས།  དེས་གཡོ་བྱས་ནས་རང་གི་ཚ་མོ་རེ་མ་ཏི་དུང་སྐྱོང་མའི་གཡོག་ཏུ་ཕུལ་བས།  དེ་ནས་དུང་སྐྱོང་མ་ལ་རྗེ་མོ་དང་རེ་མ་ཏི་ལ་ཁོལ་མོར་གྲགས།  དུང་སྐྱོང་མས་ཀྱང་གཡོག་མོ་རེ་མ་ཏི་ལ་བརྩེ་བར་བྱེད།  དེ་ནས་སྲིན་པོ་ད་ཤ་གྲི་བས་གཟུགས་མཛེས་པར་


3B སྤྲུལ་ཞིང་།  ཞོན་པ་བོང་བུ་རི་དྭགས་སུ་སྤྲུལ་ནས་རོལ་མོ་མང་པོས་ལྷ་མོ་དུང་སྐྱོང་མ་མཉེས་པར་བྱས་པས་ལྷ་མོ་འཛུམ་བྱུང་བ་དང་།  ལྕགས་ཀྱི་ལྷམ་སྒྲོག་བཀྲོལ་ནས་ཞབས་ལ་རྒྱན་དུ་ཕུལ།  དེ་ནས་གཡོག་མོས།  བདག་གི་ཞུ་བ་གཅིག་ཡོད་པ་གནང་ངམ་ཟེར་བ་ལ།  ལྷ་མོ་རྗེ་མོས།  ཁྱོད་ང་ལ་གུས་ཤིང་སྙིང་ཉེ་བས་བྱེད་དོ་སྨྲས་པས།  ལྕགས་སྒྲོག་འབུལ་མཁན་དེའི་གཏན་གྲོགས་མཛད་པར་ཞུས་པས།  རྗེ་མོས།  སྔར་ཁས་བླངས་པས་མི་བྱ་བའི་དབང་མེད་ནས།  དེ་ལྟར་བྱ་བས་དེ་གང་ནས་ཡིན་སྨྲས་པས།  དེ་བདག་གི་ཞང་པོ་ཡིན།  སྲིན་ཡུལ་ན་ཡོད་བྱས་ནས།  རྗེ་མོ་དབང་མེད་དུ་སྲིན་ཡུལ་དུ་སྲིན་པོའི་ཆུང་མར་སོང་།  དེ་ནས་རང་གི་མ་ལྷ་མོ་ཨུ་མ་མ་མཉེས་ནས་དམོད་བོར་བས།  ལྷའི་ལུས་ཉམས་ནས་སྲིན་པོའི་གཟུགས་ཅན་མི་ཤ་ཟ་ཞིང་མི་ལྤགས་གྱོན།  བོང་བུ་ཞོན་པ་འཇིགས་སུ་རུང་བར་གྱུར།  རེ་མ་ཏི་ལ་ཡང་ཨུ་མ་དེ་བས།  ང་ཡི་བུ་མོ་བསླུས་པས་སྲིན་མོ་མི་སྡུག་གཟུགས་སུ་གྱུར་ནས་ཚེ་རབས་ཀུན་ཏུ་ཁྱོ་དང་མ་ཕྲད་ཅིག་ཅེས་དམོད་བོར་བས།  རྗེ་ཁོལ་གཉིས་སྲིན་མོ་ལྟ་བུར་གྱུར། དེ་ནས་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་བརྐུས་ནས་ཞོན།  རལ་གྲི་ཐོག་ཅིང་བྲོས་ནས་དུར་ཁྲོད་དུ་ཕྱིན།  དེ་ནས་རྗེ་མོས་བོང་བུ་ཞོན་ཁོལ་མོས་ཁྲིད་ནས་ཕྱིན་པས།  གཤིན་རྗེ་རླུང་གི་འཁོར་ལོས་རླུང་ནག་འཚུབ་མ་ཕུལ།  དེ་ནས་དེགཉིས་ཀྱིས་ཚེ་འཕོས་མ་ཐག་སྔགས་ཀྱི་སྒྲུབ་པ་ཐོབ་ཅིང་སངས་རྒྱས་ཀྱི་ཞལ་མཐོང་བའི་སྨོན་ལམ་བཏབ།  དེ་ནས་རྗེ་ཁོལ་གཉིས་རྒྱ་མཚོ་བསྐོར་ཞིང་རྒྱུག་ནས་རླུང་བ་ཡ་བ་བོས་པས་རླུང་བྱུང་ནས་ཁོང་གཉིས་རྒྱ་མཚོར་བསྐྱུར།  དེ་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྗེ་མོ་གཤིན་རྗེའི་ལྷ་མཐུ་ཆེན་གྱི་བུ་མོར་སྐྱེས།  བོང་བུ་གྭ་དམར་རླུང་གི་གཤོག་པ་ཅན་ཞོན་ནས་འཇིགས་སུ་རུང་བར་གྱུར།  ཁོལ་མོ་ནི་རྒྱ་མཚོའི་ནང་དུ་བུད་མེད་ཆུ་སྲིན་གྱི་མགོ་ཙན་དུ་སྐྱེ་བ་བླངས་ནས་ཀླུ་མོ་རེ་མ་


4A ཏིར་གྲགས།  དེ་ནས་ཚེ་འཕོས་ནས་དྲི་ཟའི་ཡུལ་དུ་བདུད་རེ་ཏི་འགོང་ཡག་དང་བདུད་མོ་དྲན་པ་དབང་མེད་གཉིས་ཀྱི་བུ་མོར་སྐྱེས་ནས་སྲིད་གསུམ་བློ་འཕྲོག་ཏུ་མིང་བཏགས།  དེ་ཕ་མ་གཉིས་ཀྱིས་ཤིན་ཏུ་སྦས་ཤིང་བསྐྱང་པ་རྗེ་མོ་རེ་མ་ཏིས་སྔར་གྱི་ཁོལ་མོ་འདོད་ནས་ཕྱག་རྡོར་གྱི་སྔགས་བྱེ་བ་བཅོ་བརྒྱད་བཟླས་པས།  སྲིད་གསུམ་བློ་འཕྲོག་མ་ཡང་སྔར་གྱི་རྗེ་མོ་དྲན་ནས་ཕ་མའི་ལག་ཆ་བརྐུས་ཏེ་བྲོས་ནས་ཕྱིན་པའི་ལམ་དུ་ཁྱིམ་བདག་རབ་གསལ་གྱི་ཁོལ་མོའི་གོས་རེ་བ་བཤུས་ནས་གྱོན།  དེ་བསད་ཅིང་ཤ་ཟོས་ལྤགས་པ་རྐེད་པར་དཀྲིས་ནས་ཕྱིན་པའི་ལམ་ཁར་སྲིན་པོ་བུམ་སྣ་ཤི་བའི་ལྷུ་ཕྲག་ན་ནད་ཀྱི་རྫིང་ཡོད་པ་འཐུང་།  ནད་རྫིང་གི་ཆུ་པགས་པའི་ནང་དུ་བླུགས་ནས་ཁུར་བས་རླངས་པ་གང་ཕོག་ཏུ་ནད་རིམས་བྱུང་།  བཙན་རྡོ་རྗེ་ཟླ་བ་དང་ཕྲད་ནས་དེས་གང་ལ་བཏབ་ཀྱང་ཕུང་བའི་ཤོ་རྡེ་སྦྱིན།  དེ་ནས་རྒྱ་མཚོའི་འགྲམ་དུ་རྗེ་མོའི་རྩར་ཕྱིན་པས།  དཔོན་གཡོག་གཉིས་སྟོབས་ཤུགས་ཆེ་བས་ས་སྟེང་གི་སེམས་ཅན་ཟད་པ་ཙམ་ཟོས་ཤིང་།  དེ་དུས་རྗེ་མོའི་ཞོན་པ་བོང་བུ་གྭ་དམར་དང་སྲིན་མོ་ན་ལ་རྩེའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཆགས་པ་སྤྱད་པས།  དྲེའུ་སྔོན་མོ་རླུང་གཤོག་ཅན་བྱུང་བ་དེ་ཁོལ་མོ་ལ་བྱིིན་པས།  ལྷ་མོ་དམག་ཟོར་མ་ཞོན་པ་དྲེའུ་དང་།  རྗེ་མོ་དུང་སྐྱོང་དུད་སོལ་མ་བོང་བུ་ལ་ཆིབས་པའི་རྒྱུ་མཚན་དེ་ཡིན།  དེ་ནས་ཁོང་གཉིས་ཀྱིས་སེམས་ཅན་མང་པོ་ཟ་ཞིང་ཕྱོགས་ཐམས་ཅད་དུ་འགྲོ་བ་ན།  སྔོན་གྱི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཤཱཀྱ་ཐུབ་པ་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་ནས་བཞུགས་པའི་མདུན་དུ་སླེབས་ནས་ལྷ་མོ་གཉིས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད།  སངས་རྒྱས་ལ་ཕྱག་འཚལ་ཞིང་རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས།  དེ་ནས་བཟུང་སྟེ་སངས་རྒྱས་བསྟན་པའི་སྲུང་མར་གྱུར།  ལྷ་མོ་འདི་


4B རྒྱ་གར་ཡུལ་དུ་མ་མོ་ཝ་ཤཾ་ཀུ་རུར་གྲགས་པ་དང་།  རྒྱ་ནག་ཏུ་རྒྱ་མོ་སྔོན་མོ་མགྲིན་བཟང་དུ་གྲགས་པ་དེང་སང་ནཻ་དང་གཅིག།  བོད་ཀྱི་ཡུལ་དུ་སྔོན་མིའི་བུ་མོར་སྤྲུལ་ནས་རྫུ་འཕྲུལ་མང་པོ་བསྟན་ཅིང་།  དེ་ཡི་མི་བརྒྱུད་འབྲི་ཁུང་སྐྱུ་རའི་གདུང་བྱུང་།  དེ་འདས་ནས་སླར་ལྷ་ཡི་ཚུལ་དུ་བྱུང་བ་འབྲི་ཁུང་གི་མ་ཅིག་ཨ་ཕྱི་མ་ཟེར་བ་འདི་ལྷ་རྣམས་ཀྱི་གཙོ་མོར་སྤྲུལ་དུས་བརྒྱ་བྱིན་སྲས་མོ་ཨུ་མ་དེ་བ་དང་།  ཀླུ་ཡི་གཙོ་མོར་སྤྲུལ་དུས་ཀླུ་གཙུག་ནའི་བུ་མོ་ནོར་འཛིན་མ་དང་།  གནོད་སྦྱིན་གཙོ་མོར་སྤྲུལ་དུས་གང་བ་བཟང་པོའི་བུ་མོ་གཟུགས་ལེགས་མ་སོགས་བསམ་གྱིས་མི་ཁྱབ།  སངས་རྒྱས་ཀྱི་ཞལ་མཐོང་ནས་དེས་སྔགས་ཀྱི་ལམ་ལ་ཞུགས་པས་རྗེ་མོ་ས་བཅུའི་བྱང་ཆུབ་སེམས་མར་གྱུར།  ཁོལ་མོ་ས་བདུན་པའི་བྱང་སེམས་སུ་གྱུར་པའི་ཚུལ་མཛད།  གཞན་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་གསུང་དུས་ཡུམ་རྡོ་རྗེ་རོ་ལངས་མར་གྱུར་པ་དང་།  རྡོ་རྗེ་ཕག་མོ་དང་རྡོ་རྗེ་བདག་མེད་མ་སོགས་ཀྱི་ཚུལ་བསྟན་པར་འདུག།  ལྷ་མོ་གདུགས་དཀར་མོ་ནི་འདི་དང་དོན་དུ་ཐུགས་རྒྱུད་གཅིག་པ་འདྲ་ཡང་།  རྣམ་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རིམ་གྲོ་བ་ཀུན་དགའ་བོ་མུ་སྟེགས་མོས་ངན་སྔགས་ཀྱིས་བཀུག་ནས་ཆགས་པ་སྤྱད་དགོས་གྲབས་བྱུང་དུས་སངས་རྒྱས་ཀྱིས་མཁྱེན་ནས།  གཙུག་ཏོར་ནས་གདུགས་དཀར་མོ་ཅན་གྱི་སྐུ་དང་དེའི་གཟུངས་གསུངས་པས་ཀུན་དགའ་བོ་འཇིགས་པ་ལས་སྐྱོབ་པ་སོགས་མཛད་ཅིང་།  གཞན་གྱི་ཡང་བགེགས་དང་བར་ཆད་ཉེར་འཚེ་ཐམས་ཅད་འཇོམས་པར་བྱེད་པའི་ལྷ་ཡིན།  རྣམ་རྒྱལ་མ་ནི་འོད་དཔག་མེད་ཀྱིས་སེམས་ཅན་རྣམས་ཀྱི་ཚེ་འཕེལ་བ་དང་སྡིག་སྒྲིབ་སྦྱང་ཕྱིར་དུ་ལྷ་མོའི་རྣམ་པར་བསྟན་པ་ཡིན་འདུག།  དཔལ་ལྡན་ལྷ་མོ་རེ་མ་ཏི་རྗེ་ཁོལ་ནི་དང་པོར་ལྷ་མོ་དབྱངས་ཅན་མས་ཐ་མལ་པ་་དང་མཚུངས་པའི་སྐྱེ་བརྒྱུད་བསྟན་ནས་མཐར་གསང་སྔགས་ཀྱི་


5A ལམ་ལ་བརྟེན་ནས་སྒྲོལ་མ་དང་དབྱངས་ཅན་མ་གཉིས་སུ་མེད་པའི་གོ་འཕང་ཐོབ་པའི་ཚུལ་ཙམ་བསྟན་པ་ཡིན་པས།  དོན་དུ་སྒྲོལ་མ་དང་དབྱངས་ཅན་མ་སོགས་དང་ཁྱད་མེད་པར་སངས་རྒྱས་ཟིན་ཀྱང་།  སྙིགས་མའི་སེམས་ཅན་གདུལ་དཀའ་བ་ཞི་བས་མི་ཐུལ་བ་རྣམས་ལ་གདུག་ཅིང་རྩུབ་པའི་ཚུལ་དུ་བསྟན་པ་ཡིན་པར་རྒྱུད་དང་གཞན་ཡང་བསྟན་བཅོས་མང་པོ་ལས་གསུངས་འདུག།  ལྷ་མོ་འདི་གཉིས་ལ་རྒྱ་གར་དང་བོད་ཀྱི་གྲུབ་ཐོབ་གོང་མ་རྣམས་ཀྱིས་གཟིགས་སྣང་མི་འདྲ་བ་དང་།  ལས་སྒྲུབ་ཚུལ་མི་འདྲ་བའི་སྒོ་ནས་རྒྱུད་སོ་སོ་ནས་སྐུ་མདོག་ཕྱག་མཚན་མི་འདྲ་བ།  སྔགས་མི་འདྲ་བ།  འཁོར་མི་འདྲ་བ་སོགས་རྣམ་འགྱུར་མང་ཞིང་།  དཔལ་ལྡན་ལྷ་མོ་དུད་སོལ་མ།  ལྷ་མོ་དམག་ཟོར་རྒྱལ་མོ།  ལྷ་མོ་དུས་མཚན་མ།  ལྷ་མོ་རང་བྱུང་མ།  ལྷ་མོ་ནམ་གྲུ་མ།  ལྷ་མོ་གཤོག་རྒོད་མ།  ལྷ་མོ་འདོད་ཁམས་དབང་མོ།  ལྷ་མོ་ནམ་མཁའི་གོས་ཅན་མ།  ལྷ་མོ་རལ་གཅིག་མ།  ལྷ་མོ་ཙཎྜིཀ།  ལྷ་མོ་རེ་མ་ཏི།  ཀླུ་མོ་རེ་མ་ཏི།  གནོད་སྦྱིན་རེ་མ་ཏི།  བདུད་མོ་རེ་མ་ཏི།  དཔྱིད་ཀྱི་རྒྱལ་མོ། དབྱར་གྱི་རྒྱལ་མོ།  སྟོན་གྱི་རྒྱལ་མོ།  དགུན་གྱི་རྒྱལ་མོ།  ཡང་ལྷ་སའི་སྲུང་མ་མཛད་ཕྱིར་ཅུང་ཟད་ཞི་བའི་ཚུལ་དུ་དཔལ་གྱི་ལྷ་མོ་སོགས་མང་བས།  ལྷ་མོའི་བསྟོད་པ་སོགས་ལའང་།  མིང་བརྒྱ་མ་ལ་མཚན་སྟོང་མ།།  ཞེས་སོགས་འབྱུང་བའི་དོན་ཡིན།  དེ་ལྟར་རྣམ་འགྱུར་རྣམས་ཀྱི་ནང་ནས་དེང་དུས་རི་བོ་དགའ་ལྡན་པའི་སྲུང་མ་ཐུན་མོང་མ་ཡིན་པར་མཛད་པ་དམག་ཟོར་མ་ནི།  བསྟན་འགྲ་སྒྲོལ་བ་དང་།  དམག་དྲངས་པ་དང་།  ཟོར་སོགས་དྲག་པོའི་ལས་ལ་མཐུ་སྟོབས་གཞན་ལས་མྱུར་ཞིང་།  རྟགས་མཚན་མྱུར་བ་ཡིན་གསུངས།  དེ་ལྟར་ལྷ་མོའི་ལོ་རྒྱུས་རྣམ་ཐར་དགོངས་བདེ་བའི་ཕྱིར་དུ་རག་བསྡུས་ཙམ་ཕུལ་བ་ཡིན།  

ཞེས་དཔལ་ལྡན་དམག་ཟོར་རྒྱལ་མོའི་ལོ་རྒྱུས་རྐྱེ་བརྒྱུད་གསལ་བར་འབྲི་དགོས་ཞེས་ ༧གོང་མ་ཆེན་པོའི་བཀས་མངགས་ཕུ་ཨམ་བན་གྱི་གསུང་གིས་བསྐུལ་བར།  སྒྲོལ་མའི་ཆོས་འབྱུང་དང་ལྷ་མོ་མེ་ལྕེ་འབར་མའི་རྒྱུད་སོགས་བཀའ་བསྟན་བཅོས་ཀྱི་ནང་ནས་ཐོར་བུར་བསྡུས་ནས་རྟ་ཚག་པས་བཀོད་པའོ།།     །།    མངྒ་ལཾ།།



ྋསྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བའི་བསྟོད་པ་དབྱངས་ཅན་རྒྱུད་མངས། (འཕྲོ་ཅན།)




 ཨོཾ་བདེ་ལེགས་སུ་གྱུར་ཅིག།  ངག་གི་དབང་ཕྱུག་ཡབ་ཡུམ་ལ་ཕྱག་འཚལ་ལོ།།


ངག་གི་དབང་ཕྱུག་གངས་ཅན་ལྷ་གཅིག་༸སྐྱབས་མགོན་ཕྱག་ན་པདྨོ་ཡི།།

འཕྲིན་ལས་རྣམ་བཞི་ལྔ་ལྡན་ཡུལ་དུ་ཐུགས་རྗེའི་སྟོབས་ཀྱིས་དྲངས་མཛད་ཅིང་།།

འགྲོ་ལ་བྱམས་པའི་ཐུགས་རྒྱུད་དག་པས་མཛད་པའི་ཁུར་གྱིས་མི་ངལ་བ།།

གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་སྲིད་ཞི་ཡོངས་ཀྱི་གཙུག་ན་རྒྱལ།།༡


ཁམས་གསུམ་དགྲ་བགེགས་ཟ་བར་ནུས་པ་ཁྲོ་རྒྱལ་རྟ་མཆོག་རོལ་པ་ཆེའི།།

སྒྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཀྱང་སྦས་པའི་བརྟུལ་ཞུགས་མཆོག་གནས་པ།།

སྐུ་སྐྱེ་སྔ་མའི་སྐྱེས་བུ་མཆོག་དེ་དད་པ་ཅན་གྱིས་བསྙེན་པ་ན།།

མ་འོངས་སྨན་གྱི་ལྗོན་ཤིང་ཆེན་པོའི་སྐྱེད་བྱེད་འགྱུར་བའི་དབུགས་དབྱུང་བསྩལ།།༢


ཇི་ལྟར་པདྨོ་འདམ་ལས་སྐྱེས་ཀྱང་དྲི་མས་མ་བསླད་ཡིད་འོང་བཞིན།།

མངལ་ལས་བལྟམས་ཀྱང་སྐྱོན་གྱིས་མ་གོས་དམ་པའི་རང་བཞིན་ལྷན་ཅིག་འགྲོགས།།

ཚེ་རབས་ཕྲེང་བར་དམ་ཚིག་འབྲེལ་བས་སྐྱབས་མཆོག་བླ་མས་ཡོངས་བཟུང་སྟེ།།

སྲིད་འདིར་མཛད་པ་རྒྱ་ཆེར་སྐྱོང་བའི་བདེན་པའི་གླུ་དབྱངས་ཐོག་མར་གྱེར།།


སྐུ་བགེགས་མཚན་མས་ལྷ་ལྡན་ཞིང་དུ་མི་སྤོའི་དབང་མེད་ཆོ་འཕྲུལ་གྱེས།།

བཟང་པོའི་མཛད་པས་འགྲོ་བ་གདུལ་ཕྱིར་ཁྱིམ་གྱི་གནས་ནས་མངོན་བྱུང་སྟེ།།

ཕྱོགས་ལས་རྣམ་རྒྱལ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་འདུས་སྡེ་ཆེར།།

པད་མོའི་མཚོ་ལ་ངང་མོ་བཞིན་དུ་དྲན་དབང་རྒྱ་མཚོའི་རྗེས་སུ་ཞུགས།།༤


ཕལ་པའི་ཚུལ་ལས་རིང་དུ་འདས་པའི་བརྟུལ་ཞུགས་མཆོག་གིས་ལེགས་བསྡམས་ཤིང་།།

བཤེས་གཉེན་མཆོག་དམན་གང་ལྟར་གྲགས་ཀྱང་སངས་རྒྱས་དངོས་སུ་གུས་པས་བསྟེན།།

གཞན་གྱི་དུ་ཁར་གཡོལ་བར་མི་སྤྱོད་དེ་བས་སྙིང་རྗེས་དམ་དུ་འཁྱུད།།

གཞོན་ནུ་ཉིད་ནས་རྒྱལ་སྲས་ཐུ་བོའི་མ་སྨད་མཛད་པ་འདི་རྨད་བྱུང་།།༥


སྐུ་ཡི་མཛད་པ་མཐོང་བ་དོན་ལྡན་བསོད་ནམས་བྱེ་བའི་འབྱུང་གནས་ཉིད།།

གསུང་ནི་ཚངས་དབྱངས་དཔལ་ལ་ཅོ་འདྲི་མཉན་པས་མི་ངོམས་བརྟན་པ་འཕྲོག།

ཐུགས་ནི་གཉིས་མེད་ཡེ་ཤེས་དབྱིངས་ལས་དག་པའི་སྣང་བ་འགོག་མེད་ཤར།།

བྱམས་བརྩེའི་སྒོམ་པ་ཀློང་དུ་བརྡོལ་བས་གསང་གསུམ་མཛད་པ་བརྗོད་ལས་འགོངས།།༦


ཉི་གཞོན་དབང་ཕྱོགས་ས་འཛིན་བརྒལ་ཚེ་སྨག་རུམ་མིང་ཙམ་ལུས་པ་ལྟར།།

སྐུ་ཡི་ན་ཚོད་ཕྲ་བར་མི་ལྟོས་རིག་འཛིན་སྐྱབས་མགོན་བླ་མ་ཡིས།།

ཧ་ཡ་གྲི་བའི་དཀྱིལ་འཁོར་ཆེན་པོར་དབང་གི་ཆུ་བོས་ལེགས་སྨིན་པས།། 

ས་བདག་ཀླུ་དང་མི་མིན་བཙན་སོགས་དེ་ཡི་མོད་ལ་བྲན་དུ་བཀོལ།།༧


གསང་གསུམ་ཡོན་ཏན་ཀློང་དུ་རྡོལ་ཚེ་ཉི་ཤར་སྦར་མོས་ཁེབས་མིན་ལྟར།། 

སྦས་པར་མི་སྤྱོད་མགོན་མེད་སྐྱེ་བོའི་གཉེན་དང་སྐྱབས་སུ་བཞེངས་པ་ན།། 

སྙན་པའི་བ་དན་ལྷ་ཉིན་དཀར་པོ་སྲིད་པའི་ཁོང་ལས་ཡོངས་བརྒལ་ཏེ།།

རབ་འབྱམས་ཞིང་གི་རྒྱལ་དང་དེ་སྲས་བསྔགས་པའི་ལྗགས་ཡངས་ཅིར་ཡང་གྲོལ།།༨


༧རྒྱལ་བའི་ཡུམ་མཆོག་གདུག་ཅན་ཀླུ་དང་ས་བདག་གདོན་གྱིས་ཉེན་པ་ན།།

ཉིན་བྱེད་དབང་པོས་མུན་ནག་སྨག་དང་འཐོར་རླུང་དྲག་པོས་སྤྲིན་ལ་བཞིན།།

ཁྱེད་ཞབས་བསྙེན་པས་ཉིད་ཀྱི་བྱིན་མཐུས་དེ་ཡི་མོད་ལ་གྲོལ་མཛད་པས།།

བཀའ་དྲིན་བསབ་སླད་མཆོད་སྦྱིན་ཡངས་པོས་ཆོས་མཛད་གོ་སར་མངའ་གསོལ་ལོ།།༩


གངས་ཅན་བསྟན་སྲིད་མི་རིགས་བཅས་པ་ཉམ་ངའི་གནས་སུ་གྱར་བ་ན།།

དམར་པོའི་དམག་གིས་སྐུ་ལ་བདོ་བའི་སྦྱོར་བ་ལན་བརྒྱར་བརྩམས་མོད་ཀྱང་།།

གླགས་རྙེད་མ་གྱུར་བལ་པོའི་མི་ཞེས་ཁྱེད་ལས་གཡོལ་བའི་བརྫུ་བསྟེན་པས།།

གངས་ཅན་མགོན་པོའི་ཞབས་རྗེས་བསྙེགས་ཏེ་འཕགས་ཡུལ་ཉེ་ཞོ་མེད་པར་བགྲོད།།༡༠


དྲིན་ཅན་བླ་མ་རྡོ་རྗེ་འཆང་དབང་སླར་ཡང་མཇལ་བའི་སྐབས་རྙེད་དེ།།

དམ་ཆོས་བདུད་རྩི་ངོམ་མེད་འཐུངས་ཤིང་སྤྲུལ་པའི་ཆོས་རྒྱལ་ཆེན་པོར་ཡང་།།

སྔོན་གྱི་དམ་ཚིག་གཉེན་པོ་སྒྲོག་བཞིན་ཐུགས་དམ་གནད་ནས་བསྐུལ་བའི་ཚེ།།

དངོས་སུ་ཞལ་བསྟན་རྣམ་བཞིའི་འཕྲིན་ལས་སྒྲུབ་པའི་གཡར་དམ་ཁྱེད་ལ་ཕུལ།།྄༡ 



གྲིབ་སྐྱོན་འགོག་པའི་སྔགས།

༄༅།   །བཅོམ་ལྡན་འདས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ།།

 ཨོཾ་ཏུམ་བྷུ་ལི་ཏུམ་བྷུ་ལི་བྷིག་ཐུམ་མི་ཤིག་སུ་སྭཱཧཱ།   ཨོཾ་སུ་སུ་མི་མི་ཤིག་ཤིག་སྭཱཧཱ།

གྲིབ་སྐྱོན་འགོག་པའི་སྔགས་འདི་ཉིན་རེར་ཉེར་གཅིག་རེ་ཆག་མེད་གཏོན་ན་མི་ཚེ་ཧྲིལ་བོར་གྲིབ་སྐྱོན་མི་ཡོང་བ་ཇོ་བོ་རྗེས་གསུངས།   ཞེས་རྒན་རིན་པོ་ཆེའི་ཞལ་སྔ་ནས་ལས་ཐོས་ལགས་སོ།། 


ྋརྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

 



   ༀསྭསྟི།  འདིར་ྋསྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་ྋརྗེ་བཙུན་ངག་དབང་རྣམ་དག་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཛད་རྣམ་སྙིང་བསྡུས་ཤིག་དང་། དགོངས་རྫོགས་སྒྲུབ་ཚུལ། གདུང་རྟེན་ཆེན་མོ་ཇི་ལྟར་བཞེངས་ཚུལ་བཅས་མདོར་བསྡུས་སུ་འགོད་པ་ལ། 


མཛད་རྣམ་སྙིང་བསྡུས།

    ༧སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་༧རྗེ་བཙུན་ངག་དབང་རྣམ་དག་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་རྟ། ཕྱི་ལོ་ ༡༩༣༠ བོད་ལྷོ་ཁ་གྲ་ནངཞེས་པའི་སར། བལ་པོའི་མི་རིགས་ཡིན་པའི་ཡབ་ཚེ་བརྟན་དབང་རྒྱལ་དང་། ཡུམ་བདེ་སྐྱིད་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གྲོད་འཐུམས་སུ་སྐུ་བལྟམས། ཐོག་མའི་མཚན་ཡོན་ཏན་ནོར་བུ་ཞེས་གསོལ། ཁྱབ་བདག་བཀའ་འགྱུར་རིན་པོ་ཆེ་མཆོག་ནས། ཁྱེའུ་དེ་ཉིད་ཡབ་ཡུམ་གཉིས་ཀྱིས་རིང་ནས་བསྙེན་བཀུར་ཞབས་ཏོག་ཞུས་པའི་དཔལ་རྟ་མགྲིན་གྱི་རྣལ་འབྱོར་པ་ཆེན་པོ་དེའི་སྐུ་སྐྱེ་ཕྱི་མ་ཡིན་པའི་ལུང་བསྟན་དབུགས་དབྱུང་སྩལ། 

    དགུང་ལོ་བདུན་པར་ཡོན་ཏན་གྱི་གཞི་མ་ཀ་ཁ་ནས་བཟུང་ཡི་གེ་འབྲི་ཀློག་སྦྱོང་བའི་དབུ་བརྩམས། 

    དགུང་ལོ་དགུ་པའི་ཐོག་ལྷོ་པ་མཁན་རིན་པོ་ཆེར་གསར་མཇལ་དང་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་དང་ཁྱབ་ཁོངས་གུ་གེ་ཁང་ཚན་བཅས་པར་སྒྲིག་ཞུགས་གནང་། 

     དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་༧སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་༧རྗེ་བཙུན་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོའི་དྲུང་ནས་བར་མ་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས་ཏེ་མཚན་ངག་དབང་རྣམ་དག་ཞེས་སྩལ། ཡོངས་ཀྱི་དགེ་བའི་བཤེས་རྒན་པདྨ་རྒྱལ་མཚན་རིན་པོ་ཆེ་མཆོག་དང་། མི་ཉག་རྒན་བློ་བཟང་ཚེ་དབང་རིན་པོ་ཆེ་རྣམ་པ་གཉིས་དཔེ་ཁྲིད་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་ནས་བཟུང་གཞུང་ཆེན་ཁག་ལ་གསན་བསམ་གནང་། 

    དགུང་ལོ་བཅུ་བདུན་སྟེང་བཀའ་འགྱུར་རིན་པོ་ཆེའི་བཀའ་འབྲེལ་ ༧སྐྱབས་རྗེ་གདན་མ་རྭ་སྒྲེང་རིན་པོ་ཆེ་འཇམ་དབྱངས་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་དཔལ་རྟ་མགྲིན་ཡང་གསང་གི་དབང་དང་ལས་ཚོགས་ཞལ་ཤེས་མན་ངག་མཐོང་བརྒྱུད་ཕྱག་བཞེས་དང་བཅས་པ་དཔྱིས་ཕྱིན་ཞུས་ཤིང་ཡི་དམ་དེ་ཉིད་ཀྱི་མཚན་མའི་བསྙེན་པ་མཐར་ཕྱིན་མཛད་པས་ཡི་དམ་དེ་ཉིད་ལ་བརྟེན་པའི་ལས་བཞིའི་ནུས་པ་ཀུན་མངོན་དུ་གྱུར་ཏེ་ཉམ་ཐག་འགྲོ་བ་དུ་མའི་མགོན་སྐྱབས་དཔུང་གཉེན་དམ་པར་གྱུར།

    རྒྱལ་ཡུམ་ཆེན་མོ་བསོད་ནམས་མཚོ་མོ་མཆོག་སྐབས་ཤིག་ཀླུ་གདོན་གྱིས་བསྙུན་གནར་ཆེ་བ་རིན་པོ་ཆེ་དམ་པ་འདིས་གྲོལ་བར་མཛད་པས། ཡབ་གཞིས་ནས་སྦྱིན་བདག་ཞུས་ཏེ་གྲྭ་ཚང་ཆོས་མཛད་ཀྱི་གོ་སར་ཕེབས། 

    ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས་བསྟན་སྲིད་མི་རིགས་དང་བཅས་པ་འཇོམས་པར་རྩོམ་སྐབས། རིན་པོ་ཆེ་མཆོག་ཀྱང་རྒྱ་ཡི་བཙོན་འོག་ཏུ་བཞུགས་དགོས་བྱུང་ཞིང་། སྐུ་སྲོག་ལ་བདོ་བའི་སྦྱོར་བ་ལན་མང་བརྩམས་ཀྱང་གླགས་མ་རྙེད་པར་མཐར་ལོ་གཉིས་རྗེས་བཙོན་ལས་གྲོལ།

    ཕྱི་ལོ་ ༡༩༦༢ ལོར་དགུང་ལོ་སུམ་ཅུ་སོ་གསུམ་ཐོག་སྣ་ཐོད་ལ་བརྒྱུད་རྒྱ་གར་བཀའ་བློན་སྦུག་ཏུ་ཕེབས་ཏེ་བཀའ་འགྱུར་རིན་པོ་ཆེ་དང་སླར་ཡང་ཞལ་འཛོམས་བྱུང་། ལོ་དེར་རྡ་ས་བཞུགས་སྒར་དུ་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་མཁན་པོ་མཛད་ནས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ལེགས་པར་མནོས་ཏེ་སོ་སོར་ཐར་པའི་སྡོམ་པས་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད། དེ་་སྐབས་ཡོངས་འཛིན་གླིང་སྤྲུལ་ར྄ོ་རྗེ་འཆང་ཆེན་པོའི་དྲུང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་ཟབ་ཁྲིད་སོགས་བཀའ་ཆོས་མང་པོ་དང་། ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་རིམ་གཉིས་ཀྱི་ཟབ་ཁྲིད་སོགས་ཆོས་བཀའ་མང་དུ་གསན།

    ཕྱི་ལོ་ ༡༩༦༣ ལོར་བལ་ཡུལ་དུ་ཕེབས་ཏེ་དུས་ཡུན་རིང་པོར་བསྙེན་མཚམས་ལ་བཞུགས་ཤིང་། དེའི་གསེང་དབར་ནས་ཉམ་ཐག་སྐྱེ་བོ་མང་པོའི་རེ་འབྲས་དོན་སྨིན་མཛད་བཞིན་ཐུགས་དམ་འཕེལ་བར་བཞུགས། སྐབས་ཤིག་རིང་བལ་ཡུལ་ཁུལ་དུ་བོད་གཞུང་ཆོས་དོན་གྱི་ཕྱག་ལས་ཐུགས་འགན་བཞེས་སྐབས་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལ་ཉམས་གསོ་གཞི་རྒྱ་ཧ་ཅང་ཆེ་བ་ཞིག་ཞུས་པ་དེ་ཡིས་གཙོ་འགན་བཞེས་ཏེ་བོད་འབངས་སྤྱིའི་བསོད་ནམས་བླ་ནས་བླར་སྤེལ་བའི་མཛད་འཕྲིན་བསྐྱངས། 

    ཕྱི་ལོ་ ༡༩༧༥  ལོར་བསྟན་པ་རྒྱས་མིན་དགེ་འདུན་གྱི་སྡེ་ལ་རག་ལུས་པར་གཟིགས་ནས་ཕྱག་མཛོད་ཐུབ་བསྟན་རྣམ་རྒྱལ་ལགས་ནས་དབུ་འོག་དཔུང་འདེགས་ཞུས་ཏེ། དད་ཅན་སྦྱིན་བདག་མང་པོའི་མཐུན་སྦྱོར་བཅས་ཀྱིས་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་དང་འདབས་ཆགས་པར་འཇམ་དཔལ་རི་བོའི་རྩེར་རྒྱལ་བའི་ལུང་གིས་ཟིན་པའི་འོད་ཅན་ཐུགས་རྗེ་ཆོས་གླིང་ཞེས་པའི་དགེ་འདུན་གྱི་སྡེ་གསར་དུ་ཕྱག་བཏབ། འབྲས་སྤུངས་བློ་གསལ་གླིང་ནས་དགེ་བའི་བཤེས་གཉེན་མང་པོ་དང་འདི་ནས་གསར་ཞུགས་བཅས་དགེ་འདུན་ཞལ་གྲངས་བཞི་བཅུ་ཙམ་གྱིས་གཞི་གསུམ་ཉམས་བཞེས་དང་། རྒྱུན་གྱི་ཆོས་སྤྱོད་ཀྱི་མཛད་བཟང་། ལྷག་པར་ལོ་ལྟར་ས་ཟླའི་དུས་ཆེན་སྐབས་༧སྐྱབས་རྗེ་དམ་པ་ཉིད་ཀྱིས་དབུ་མཛད་ནས་བལ་ཡུལ་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཐུན་མོང་དུ་ཐུགས་རྗེ་ཆེན་པོའི་སྨྱུང་གནས་ཀྱི་ཆོ་ག་དཀར་པོ་ཆ་བརྒྱད་དུ་སྐྱོང་བར་མཛད་པས་སྐྱེ་འགྲོ་དུ་མར་བྱམས་སྙིང་རྗེའི་ས་བོན་གྲུང་པོ་ཐེབས་པར་མཛད། དེ་ནས་བཟུང་ཕྱག་མཛོད་ཐུབ་བསྟན་རྣམ་རྒྱལ་ལགས་ནི་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཆེ་ཕྲ་མཐའ་དག་མཐར་ཕྱིན་པའི་འཕྲིན་ལས་ཀྱི་བྱེད་པ་པོར་གྱུར་ཅིང་ད་ལྟ་ཡང་དེ་ཡི་རྒྱུན་སྐྱོང་བཞིན་པ་འདི་ལགས། 

    དེ་བཞིན་ཡང་ལེ་ཤོད་དུ་རྗེ་བཙུན་སྒྲོལ་མའི་སྣང་བརྙན་རྡོའི་ངོས་སུ་རང་བྱོན་དུ་ཕེབས་པ་ཁྲིམས་མཐུན་བདག་གིར་བཞེས་ཏེ་སྒྲུབ་གནས་རྟེན་བརྟེན་པ་གསར་བཞེངས་བཀྲིན་བསྐྱངས་ཏེ་དགེ་འདུན་བཞི་གྲྭ་ལས་མི་ཉུང་བས་ཉིན་རེ་བཞིན་སྒྲོལ་མའི་ཆོ་ག་དང་འབྲེལ་བར་སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་རྒྱུན་འདོན་གྱི་སྲོལ་བཟང་བཙུགས། 

    ཕྱི་ལོ་ ༡༩༩༦ ལོར་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་དང་མཐུན་པར་འཇམ་དབྱངས་དྷཱིཿ ཅན་ནང་ཆོས་སློབ་གཉེར་ཁང་འདི་བཞིན་གསར་བཙུགས་གནང་སྟེ་འདབ་གཤོག་གཉིས་ལྡན་གྱི་ན་གཞོན་ཤེས་ཅན་བརྒྱ་ཕྲག་བརྒལ་བ་བསྐྱེད་བསྲིངས་བྱས་དང་བྱེད་བཞིན་པ་འདི་ལགས། 

    ཕྱི་ལོ་ ༢༠༠༢ ལོར་ཀ་ཐ་མན་ཌུའི་གྲོང་ཁྱེར་གྱི་དབུས་འཕགས་པ་ཤཱ་རིའི་བུའི་རིང་བསྲེལ་སྙིང་པོར་བཞུགས་པའི་མཆོད་རྟེན་ཆེན་པོ་ཀ་ཊ་ཤིང་ཀུན་དང་འདབས་ཆགས་པར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་༧སྐྱབས་རྗེ་དམ་པས་མཉམ་གཞག་ཏུ་གཟིགས་པའི་སྣང་བ་དང་མཐུན་པར་སྐྱེ་དགུའི་བསོད་ནམས་ཞིང་ས་དམ་པར་གསར་བཞེངས་བཀའ་དྲིན་བསྐྱངས།  

       ༧སྐྱབས་རྗེ་དམ་པ་འདི་པ་དང་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་དབར་འབྲེལ་ལམ་ཁྱད་པར་བ་ཡོད་པ་གྲགས་ཤིང་གྲུབ་པར་བརྟེན། གཞུང་གནས་ནས་དགོངས་སྐོར་ཇི་ཞུས་ལ་ཆོས་སྐྱོང་ཆེན་པོའི་ཕྱིར་ཕེབས་བཀའ་ལུང་བརྒྱུད་སྩལ་གནང་བ་སོགས་བོད་བསྟན་སྲིད་མི་རིགས་དང་བཅས་པ་ལ་སྨན་པའི་མཛད་བཟང་ཇི་ལྟར་བསྐྱངས་པ་རྣམས་གཞུང་ཞབས་རྒན་གྲས་རྣམ་པ་དྲན་ལམ་གསལ་གཤིས་འདིར་སྨོས་པའི་ངལ་བ་བསྟེན་རྒྱུ་མིན། 

     གྲུབ་དབང་དམ་པ་ཉིད་དཔལ་རྟ་མཆོག་རོལ་པའི་རྣལ་འབྱོར་པ་ཆེན་པོར་སོང་གཤིས་ལོ་རབས་དགུ་བཅུ་པའི་སྨད་དུ་༧གོང་ས་སྐྱབས་མགོན་ཆེན་པོ་བཀའ་འབྲེལ་༧རྒྱལ་བའི་ཕོ་བྲང་དུ་རིན་པོ་ཆེ་མཆོག་གྲུབ་དཔོན་མཛད་དེ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་ལྷན་ཅིག་པར་དམ་སྲི་དོལ་རྒྱལ་གྱིས་ཐོག་དྲངས་བསྟན་སྲིད་ལ་གནོད་ཅིང་འཚེ་བའི་མི་དང་མི་མིན་གྱི་ཞིང་བཅུ་ཚང་བའི་དགྲ་བགེགས་གདུག་པ་ཅན་ཚར་བཅད་པའི་གྲུབ་པ་རྟགས་ཐོན་པ་ཞག་གྲངས་དུ་མའི་བར་བསྐྱངས། 

    དགོན་འདི་ནས་གྲྭ་ས་ཁག་ཏུ་སློབ་གཉེར་ལ་ཕྱིན་ཏེ་བསླབ་པ་མཐར་སོན་ཏེ་བསྟན་པ་དང་འགྲོ་བའི་དོན་མཛད་ངེས་ཤེས་པའི་དགེ་བཤེས་དང་། སྔགས་རམས་པ། གཙུག་ལག་སློབ་ཐོན་པ་གང་མང་བྱུང་ཞིང་། ད་ལྟ་ཡང་མ་འོངས་བསྟན་པའི་སོན་རྩ་གྲྭ་ས་ཁག་གཙོས་སློབ་གཉེར་ཁང་དེ་དང་དེར་སློབ་གཉེར་ལ་བཙོན་བཞིན་ཡོད་པ་འདི་མཐའ་དག་༧སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ལགས། 

    དེ་མཚུངས་དད་ལྡན་སྐྱེ་བོ་དུ་མས་གསོལ་འདེབས་རེ་འདུན་ལྟར་མ་ལེ་ཤི་ཡ་དང་། ཐ་ཡེ་ཝན། ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་ཞབས་སོར་བཀོད་དེ་དམ་པའི་ཆོས་ཀྱི་སྣང་བ་ཆེན་པོས་སྨིན་གྲོལ་གྱི་ལམ་བཟང་རྒྱུད་ལ་སྐྱེ་བའི་མཛད་པ་རྒྱ་ཆེར་བསྐྱངས།

    མདོར་ན་༧སྐྱབས་རྗེ་རིན་པོ་ཆེ་དམ་པ་དེ་ཉིད་སྐུ་ཚེ་ཧྲིལ་པོར་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་ཐུགས་ལ་བརྣགས་ཏེ་ཐོག་མཐའ་བར་གསུམ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་གི་བཀའ་སློབ་ཇི་གནང་གི་རྗེས་སུ་ཤར་བསྐྱོད་ཐོག  སྐྱེ་བོ་དབུལ་ཕྱུག་དང་གོ་བབ་དང་མིང་གྲགས་ཡོད་མེད་སོགས་གང་ལ་ཡང་ལྟོས་པ་མེད་པར་གང་ལ་དེ་འཚམས་ཀྱི་བཀའ་སློབ་ལམ་སྟོན་དང་ལུང་བསྟན་དབུགས་དབྱུང་སྩལ་བ་བཅས་སྐུ་ཚེ་མཐར་ཕྱིན་པར་མཛད། 

    དེ་ལྟར་སྐུ་ཚེ་འདིའི་དབང་དུ་བྱས་པའི་མཛད་པ་མཐའ་དག་མཐར་ཕྱིན་པ་ན། ཀ་ཊ་ཤིང་ཀུན་དགོན་པའི་ཡང་ཐོག་གཟིམ་ཆུང་དུ། དགུང་ལོ་བརྒྱད་ཅུ་གྱ་གསུམ་དུ་ཕེབས་པ། བོད་རྒྱལ་ལོ་ ༢༠༣༩ རབ་གནས་ཆུ་འབྲུག་ལོའི་ཟླ་བ་ ༡ ཚེས་ ༡༦ དང་། ཕྱི་ལོ་ ༢༠༡༢ ཟླ་བ་ ༣ ཚེས་ ༩ དགོང་དྲོའི་ཆུ་ཚོད་༧:༠༠ ཐོག་ཐུགས་དམ་འོད་གསལ་གྱི་ངང་དུ་སྙོམས་པར་ཞུགས་ཤིང་། དེ་སྐབས་གཟིམ་ཆུང་ཐོག་ཁར་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ་སོགས་ཡ་མཚན་གྱི་ལྟས་བཟང་མང་པོ་དེར་འཁོད་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་། དེ་ནས་ཞག་གྲངས་བཅུ་བདུན་འདས་པ་ན་འོད་གསལ་གྱི་དབྱིངས་ལས་བཞེངས་ཏེ་རེ་ཞིག་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ།།


དགོངས་རྫོགས་སྒྲུབ་ཚུལ།

      དེ་ནས་སྐུ་གདུང་རིན་པོ་ཆེ་འཕགས་ཤིང་མཆོད་རྟེན་ཆེན་མོར་གཡས་བསྐོར་གྱིས་འོད་ཅན་དགོན་པར་གདན་ཞུ། དེ་ནས་ཡང་ལེ་ཤོད་སློབ་གྲྭར་གདན་ཞུས་དང་སྐུ་གདུང་ཞུགས་འབུལ་སྐབས་རིང་བསྲེལ་མང་དུ་ཕེབས་ཤིང་། དུས་མ་ཡིན་པར་མེ་ཏོག་མང་པོ་ཁ་ཕྱེ་བ་སོགས་ངོ་མཚར་བའི་ལྟས་བཟང་མང་དུ་བྱུང་།  དགོངས་པ་རྫོགས་མ་ཐག་༧གོང་ས་སྐྱབས་མགོན་ཆེན་པོར་སྙན་སེང་སྐྱབས་འཇུག་ཇི་ཞུས་ལྟར། བཀའ་ལན་དུ་ཡང་སྲིད་མྱུར་བྱོན་གསོལ་འདེབས་ཆེད་སྩལ་དང་། འཇམ་དཔལ་མཚན་བརྗོད་འབུམ་ཐེར། རྒྱལ་བའི་བཀའ་འགྱུར་དག་སྒྲོགས། སྟོང་མཆོད་ཚར་མང་པོ། བླ་མཆོད་དང་འབྲེལ་བའི་ཚོགས་མཆོད་འབུམ་ཐེར་སོགས་ཞབས་རིམ་ཕེབས་རིགས་ཆེ་ཕྲ་མཐའ་དག་པ་ཚེམ་ལུས་མེད་པར་བསྒྲུབས་ཤིང་། ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དང་། བསྟན་པའི་ཁུར་འཛིན་པའི་སྐྱེས་བུ་དམ་པ་རྣམས་ལ་ཡང་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་སྐྱབས་འཇུག་ཞུས། དེ་བཞིན་གདན་ས་ཆེན་པོ་རྣམ་པ་གསུམ་དང་རྒྱུད་གྲྭ་རྣམ་གཉིས་བཅས་པར་མང་འགྱེད་ཀྱི་བསྙེན་བཀུར་དང་། བལ་ཡུལ་སྨོན་ལམ་ཆེན་མོར་མང་འགྱེད་ཀྱི་བསྙེན་བཀུར་དང་། རིས་སུ་མ་མཆིས་པའི་བལ་ཡུལ་དགོན་སྡེ་ཁག་ཀུན་དང་རྒྱ་གར་ནང་གི་དགོན་སྡེ་ཁག་དུ་མར་མང་འགྱེད་དང་བསྙེན་བཀུར་མཆོད་དོད་ཅི་རིགས། ཆོས་སྡེ་ཁག་དང་ཚོགསི་པ་ཁག་ལ་ཐེབས་རྩ་འཇོག་པ། བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་དབུ་དཀར་དང་ཤམ་བུ་བླ་བྲེ་གསར་྄སྒྲོན། གཞན་ཡང་ཉམ་ཐག་དབུལ་ཕོངས་ལ་སྦྱིན་གཏོང་། སྲོག་ཆགས་སྟོང་ཕྲག་མང་པོའི་སྲོག་བླུ་སོགས་ཐུགས་དགོངས་རྫོགས་ཐབས་ལྷག་ལུས་མེད་པ་ཞུས། 


གདུང་རྟེན་བཞེངས་ཚུལ།

     དེ་ནས་རིང་པོ་མ་ལོན་པར་གདུང་རྟེན་རིན་པོ་ཆེ་བཞེངས་རྒྱུར་ས་བརྟག་བསླང་སྦྱངས་ནས་བཟུང་གོང་མའི་བཀའ་སྲོལ་དང་མཐོང་བརྒྱུད་ཕྱག་བཞེས་རྣམས་ཉམས་སུ་བསྟར་ཏེ། མ་ཎི་དུང་འཁོར་གྱི་གཟུངས་གཞུག་ལ། མ་ཎི་གྲངས་དུང་ཕྱུར་བཅོ་ལྔ་ལྷག་དང་། ༧གོང་ས་མཆོག་གི་མཚན་སྔགས་ས་ཡ་ལྔ། དེ་བཞིན་འཇམ་དཔལ་མཚན་བརྗོད་དང་གདུགས་དཀར་སོགས་འགྲོ་གང་ཆེ་ཕུལ་ཞིང་།   རྟེན་གཙོར་༧སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་སྐུ་བརྙན་ཞལ་འད྄་ལོན་པ་ཞིག །རིགས་གསུམ་མགོན་པོ་བཞེངས་སྟབས་ཅན་མི་ཚད་མ། སྟེང་གི་ཆར་མཉམ་མེད་ཐུབ་པའི་དབང་པོ་ལ་འཕགས་ཡུལ་པཎ་གྲུབ་བཅུ་བདུན་གྱིས་བསྐོར་བ། དེ་བཞིན་ཡི་དམ་གསང་བདེ་འཇིགས་གསུམ། ལྟུང་བཤགས་སངས་རྒྱས་སོ་ལྔ། སྨན་བླ་བདེ་གཤེགས་བརྒྱད། འཕགས་པ་གནས་བརྟན་བཅུ་དྲུག་སོགས་བཞུགས་སུ་གསོལ།   གདུང་རྟེན་གྱི་བུམ་པའི་ནང་། སྲོག་ཤིང་གི་མཐའ་སྐོར་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་གྲངས་ལྔ། ཡུམ་རྒྱས་འབྲིང་བསྡུས་གསུམ་ཚར་གྲངས་བཅུ། བསྟན་འགྱུར་ཚར་གྲངས་གཉིས། རྗེ་ཙོང་ཁ་པ་ཡབ་སྲས་སོགས་བླ་མ་མང་པོའི་གསུང་འབུམ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་དཔར་འབུམ་བརྒྱ། ༧སྐྱབས་རྗེ་རིན་པོ་ཆེའི་གདུང་ཐལ་ལས་བཞེངས་་པའི་སཙྪ་སྟོང་ཕྲག་བདུན་ཅུ། ད་དུང་གཟུངས་ཆེ་ཕྲ་ཧ་ཅང་མང་ཡང་འདིར་བརྗོད་མི་དགོས་པ་ཞུ་གི་ཡིན། གདུང་རྟེན་གྱི་ཆོས་འཁོར་བཅུ་གསུམ་བཞེངས་ཉེའི་སྐབས་ཉིན་དགུང་ཞིག་མཆོད་རྟེན་གྱི་སྟེང་གི་ནམ་མཁར་འཇའ་འོད་ཀྱི་གུར་ཁྱིམ་ཡུན་རིང་ཕུབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་སོགས་མཚན་མ་བཟང་པོའང་མི་ཉུང་བ་ཞིག་བྱུང་།


     དེ་ལྟར་༧སྐྱབས་རྗེ་དམ་པའི་སྐུ་གདུང་རིང་བསྲེལ་སྙིང་པོར་བཞུགས་པའི་མཐོང་གྲོལ་མཆོད་རྟེན་ཆེན་པོ་འདིའི་ཕྱི་ནང་བཀོད་པ་མཐའ་དག་ད་ཆ་ལེགས་གྲུབ་ཟིན་པ་ན། འཇམ་མགོན་རྒྱལ་བའི་གདུང་འཚོབ་ྋཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་ྋརྗེ་བཙུན་ཐུབ་བསྟན་ཉི་མ་དཔལ་བཟང་པོ་དབུ་བཞུགས་ཐོག་སྨད་རྒྱུད་པའི་བྱང་འདྲེན་ཆེན་མོས་གཙོས་རྒྱུད་གྲྭ་མང་པོས་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་ལྷག་གནས་ཀྱི་སྟོན་མོ་ཉིན་གསུམ་གྱི་བར་དུ་བསྐྱངས་སོ༎ 

      དེ་ཡང་བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་བྱིན་རླབས་དང་། ཆོས་སྐྱོང་སྲུང་མའི་འཕྲིན་ལས། སྦྱིན་བདག་དད་ཅན་རྣམས་ཀྱི་མཐུན་རྐྱེན་སྦྱར་བ་དང་། ལས་བྱེད་པ་པོ་རྣམས་ཀྱིས་དཀའ་སྤྱད་ལ་བརྟེན་ནས་བསྒྲུབས་པ་ཡིན་སྟབས། དགེ་བ་འདིས་མཚོན་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། འཇིག་རྟེན་ཞི་བདེའི་དདེ་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྱུབ་པ་དང་། བོད་རང་དབང་གི་བདེན་མཐའ་མྱུར་གསལ་བ། ༧སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་༧རྗེ་བཙུན་ངག་དབང་རྣམ་དག་དཔལ་བཟང་པོ་མཆོག་གི་ཡང་སྲིད་མཆོག་སྤྲུལ་བསྟན་འཛིན་ཡེ་ཤེས་རིན་པོ་ཆེ་མཆོག་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་གསན་བསམ་སྒོམ་པ་མཐར་སོན་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཐུབ་པའི་བསྔོ་བ་ལགས་སོ༎ 

       འདི་ནི་བཙུན་པ་དབྱངས་ཅན་འབངས་ཀྱིས་ཕྱི་ལོ་ ༢༠༡༣ གདུང་རྟེན་མཛད་སྒོར་དངོས་བཅར་སྐབས་འོད་ཅན་ཐུགས་རྗེ་ཆོས་གླིང་དགོན་པའི་་གཞུང་འབྲེལ་གསུང་བཤད་སླད་ཆེད་ཟིན་བྲིས་སུ་བཏབ་པ་ལ། སླར་ཡང་ཕྱི་ལོ་ ༢༠༢༠ ཟླ་བ་ ༩ ཚེས་ ༢༡ ཉིན་སྣོན་འཕྲི་དང་བཅས་ཐའེ་ཝན་མཚོ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།།     །།




མཁས་པའི་ཁ་རྒྱན་གྱི་དྲིས་་ལན་འགའ་ཞིག

དྲི་བ། ༡ ལེགས་བཤད་འདོམས་ངག་འབྲུག་སྒྲ་སྒྲོག་པ་ཡིས༎ དྲན་དབང་རྨ་བྱའི་བློ་ལ་དགའ་སྐྱེད་ཅིང་༎ དམ་ཆོས་དགུང་ཆར་ཕབ་པའི་བཅུད་བཟང་པོས༎ ཐུབ་བསྟན་འཛིན་མ་གསོ་མཛད་བླ་མ་རྒྱལ༎  ཞེས་པའི་ཤོ་ལོ་ཀ་འདིས་མཆོད་པ་བརྗོད་ཡུལ་ངོས་བཟུང་ནས། ཚིག་འགྲེལ་བྲིས། 

ལན། ཤོ་ལོ་ཀ་འདིསའི་མཆོད་བརྗོད་ཀྱི་ཡུལ་ནི། གཞུང་འདི་རྩོམ་པ་པོ་བསྟན་དར་ལྷ་རམས་པའི་རྩ་བའི་བླ་མ་ཀློང་རྡོལ་བླ་མ་རིན་པོ་ཆེ་ངག་དབང་བློ་བཟང་མཆོག་ཡིན། ཚིག་འགྲེལ་ནི། (མདོ་སྔགས་ཀྱི་)ལེགས་བཤད་འདོམས་(པའི་གསུང་)ངག་(གི་)འབྲུག་སྒྲ་སྒྲོག་པ་(དེ་)ཡིས་དྲན་དབང་(སྟེ་མཁས་པ་)རྨ་བྱའི་བློ་ལ་དགའ་(བ་)སྐྱེད་(པར་བྱེད་)ཅིང་། དམ་(པའི་)ཆོས་(ཀྱི་བློ་བསྐྱེད་ཀྱི་)དགུང་ཆར་ཕབ་པའི་བཅུད་བཟང་པོསས་ཐུབ་(པ་སངས་རྒྱས་ཀྱི་)བསྟན་(པའི་)འཛིན་མ་(ཉམས་པ་)གསོ་(ཞིང་མི་ཉམས་པ་འཕེལ་བར་)མཛད་(པའི་དྲིན་ཅན་རྩ་བའི་)བླ་མ་(ངག་དབང་བློ་བཟང་དཔལ་བཟང་པོ་)རྒྱལ་(གྱུར་ཅིག) ཅེས་པའོ༎ 


དྲི་བ། ༢ ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་པའི་རིན་པོ་ཆེ་གསུམ་གང་དང་གང་ཡིན་ནམ། 

ལན། རིན་པོ་ཆེ་གསུམ་ནི། རྗེ་རིན་པོ་ཆེས། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། 

རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་༎ 

གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་༎ 

ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ༎ 

ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་༎ ཞེས་གསུངས་པ་ལྟར། 

༡༽ གཞུང་ཆེན་མོའི་་ཚིག་དོན་རིགས་ལམ་གྱི་སྒོ་ནས་ཤེས་པའི་ཤེས་རབ། 

༢༽ གཞུང་དོན་ཤེས་པ་རྣམསརང་གི་ཉམས་སུ་ལེན་པའི་ཉམས་ལེན། 

༣༽ གཞུང་དོན་རང་གིས་ཤེས་ཤིང་ཉམས་སུ་ལེན་པ་དེ་གཞན་ལ་སྤེལ་བའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་རྩོམ་སྟེ་གསུམ་ཡོན་ནོ༎ 


དྲི་བ། ༣ ཡི་གེའི་ངོ་བོ་དང་། དབྱེ་བ། ངེས་ཚིག །བཅས་གསལ་བར་བྲིས། 

ལན། ཡི་གེའི་ངོ་བོ་ནི། མིང་ཚིག་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་སོ། །

ཡི་གེ་ལ་དབྱེ་ན། དབྱངས་དང་གསལ་བྱེད་གཉིེས་ཡོད། 

ངེས་ཚིག་ནི། ཡི་གེའི་སྐད་དོད་ཨ་ཀྴར་ཞེས་པ་འགྱུར་མེད་ལ་འཇུག་པས། ཡུལ་སོ་སོའི་སྐད་མི་འདྲ་ཡང་། དབྱངས་གསལ་གྱི་ཡི་གེ་རྣམས་གང་ཟག་སུས་བརྗོད་ཀྱང་སྒྲའི་གདངས་ཀྱི་རྣམ་པ་མི་འགྱུར་བར་གནས་པས་ན་ཡི་གེ་ཞེས་བྱའོ༎


དྲི་བ། ༤ ཡི་གེའི་རྒྱུ་བཞི་་གང་དང་གང་ཡིན་དྲིལ་བུ་དང་དཔེ་དོན་སྦྱར་ནས་གསལ་བར་བྲིས། 

ལན། ཡི་གེའི་རྒྱུ་ལ། གནས་དང་། བྱེད་པ་དང་། རླུང་དང་། རྣམ་པར་རྟོག་པའམ་རྣམ་ཤེས་པ་བཞིའོ།། དེ་དག་གིས་རྒྱུ་ཅི་ལྟར་བྱེད་ཅེ་ན། གནས་ནི་གཞིའི་རྒྱུ་སྟེ། དྲིལ་བུའི་ཁོག་པ་ལྟ་བུའོ། །བྱེད་པ་ནི་ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ། དྲིལ་བུའི་ལྕེ་ལྟ་བུ། རླུང་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ། དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུའོ། །རྣམ་རྟོག་དང་རྣམ་ཤེས་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུ་སྟེ། དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུའོ།། 


དྲི་བ། ༥ ཡི་གེའི་རྒྱུ་བཞི་ལས་ཡི་གེ་རྣམས་ཇི་ལྟར་འབྱུང་གསལ་བར་བྲིས། 

ལན། དང་པོ་རྣམ་རྟོག་གིས་རླུང་གཡོས་ཏེ་དབུགས་བྱུང་བ་དང་དེས་གནས་དང་བྱེད་པ་རྣམས་སྐྱོད་དེ་དེ་དག་མི་འདྲ་བའི་ཁྱད་པར་ལས་ཡི་གེ་སྣ་ཚོགས་འབྱུང་བ་ཡིན་ནོ།།


དྲི་བ། ༦ ཡི་གེའི་སྐྱེ་གནས་གང་དང་གང་ཡིན། སྐྱེ་གནས་དེ་དག་འདུ་ན་གང་དུ་བསྡུས་གསལ་བར་བྲིས། 

ལན། གནས་ནི་བརྒྱད་དེ། ཁོག་པ་དང། མགྲིན་པ་དང་། རྐན་དང་། ལྕེ་དང་། སྣ་དང་། སྤྱི་བོ་དང་། སོ་དང་། མཆུ་རྣམས་སོ། །གནས་དེ་རྣམས་ཀྱང་གཉིས་སུ་འདུ་སྟེ། ༡ དོག་པའི་གནས་དང་། ༢ ཡངས་པའི་གནས་སོ། །དེ་ལ་དོག་པའི་གནས་ནི། མགྲིན་པ་དང་། སྣ་དང་། སྤྱི་བོ་གསུམ་མོ༎ ཡངས་པའི་གནས་ནི། ཁོག་པ་དང་། རྐན་དང་། ལྕེ་དང་། སོ་དང་། མཆུ་ལྔའོ༎ 


དྲི་བ། ༧ ཡི་གེའི་བྱེད་པ་ལ་དབྱེ་ན་ག་ཚོད་ངོས་འཛིན་གྱིས། 

ལན། བྱེད་པ་ལ་དབྱེ་ན། ཕྲད་པ་དང་། ཅུང་ཟད་ཕྲད་པ་དང་། བཙུམ་པ་དང་། ཕྱེ་བ་དང་། དོག་པ་དང་། ཡངས་པ་དང་དྲུག། 


དྲི་བ། ༨ རྒྱ་གར་གྱི་ཡི་གེའི་དབྱངས་གསལ་ཇི་ཙམ་ཡོད། དེ་དག་ལ་མིང་ངམ་ཐ་སྙད་གང་བཏགས་བཅས་གསལ་བར་བྲིས། 

ལན། རྒྱ་གར་གྱི་ཡི་གེ་ལ་ཨཱ་ལིི་ཀཱ་ལི་གཉིས་ཡོད་ཅིང་། ཨཱ་ལི་ནི་ཨ་ཕྲེང་སྟེ་དབྱངས་ཡིག་དང་། ཀཱ་ལི་ནི་ཀ་ཕྲེང་སྟེ་གསལ་བྱེད་ཀྱི་ཡི་གེའོ། །དབྱངས་དེ་ལ་གྲངས་བཅུ་དྲུག་དང་། གསལ་བྱེད་སོ་བཞིར་ཡོད་དོ། །དེ་དག་ལ་ཐ་སྙད་འདོགས་པའི་ཚུལ་ནི། ཨ་ཨཱ་ཨི་ཨཱི་ཨ་ཨཱུ་རྀ་རཱྀལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་སྟེ་བཅུ་བཞི་ལ་དབྱངས་ཡིག་ཅེས་བྱ་ཞིང་། ཨཾ་ལ་སྣ་ལྡན་དང་། ཨཿལ་རྣམ་བཅད་ཅེས་བཏགས་ཤིང་། ཀ་ཁ་ག་གྷ་ང་་ལྔ་ལ་ཀ་སྡེ། ཙ་ཚ་ཛ་ཛྷ་ཉ་ལྔ་ལ་ཙ་སྡེ། ཊ་ཋ་ཌ་ཌྷ་ཎ་ལྔ་ལ་ཊ་སྡེ། ཏ་ཐ་ད་དྷ་ན་ ལྔ་ལ་ཏ་སྡེ། པ་ཕ་བ་བྷ་མ་ལྔ་ལ་པ་སྡེ་ཞེས་བྱ་ཞིང་། ཡ་ར་ལ་ཝ་བཞི་ལ་མཐར་གནས་ཀྱི་ཡི་གེ །ཤ་ཥ་་ས་ཧ་བཞི་ལ་དྲོ་བའི་ཡི་གེ །ཀྵ་ལ་མཐར་ཟད་ཀྱི་ཡི་གེ་ཞེས་བྱའོ༎ 

 

དྲི་བ། ༩ འཐུག་པོ་ལྔ་དང་ལོག་པ་ལྔའི་ངོས་འཛིན་གྱིས་དང་། 

ལན། འཐུག་པོ་ལྔ་ནི། གྷ་ཛྷ་ཌྷ་དྷ་བྷ་རྣམས་དང་། ལོག་པ་ལྔ་ནི། ཊ་ཋཌ་ཌྷ་ཎ་ལྔ་རྣམས་ཡིན། 


དྲི་བ། ༡༠ ཡ་ར་ལ་ཝ་བཞི་ལ་མཐར་གནས་དང་། ཤཥ་ས་ཧ་བཞི་ལ་དྲོ་བ། ཀྵ་ལ་མཐར་ཟད་ཅེས་བརྗོད་པའི་རྒྱུ་མཚན་གང་ཡིན་གསལ་བར་བྲིས། 

ལན། དེའི་རྒྱུ་མཚན་ནི། ཡ་ནི་ཀ་ཅའི་མཐའ། ར་ནི་ཊའི་མཐའ། ལ་ནི་ཏའི་མཐའ། ཝ་ནི་པའི་མཐའོ།། དེ་དག་གང་ནས་བྱུང་བའི་གནས་མཐུན་པའི་ཕྱིར་དེ་དག་གི་མཐར་གནས་སུ་བཞག་གོ། ཤ་ཥ་་ས་ཧ་བཞི་ལ་དྲོ་བའི་ཡི་གེ་ཞེས་བྱ་སྟེ། དབུགས་དྲོ་བར་བྱ་བའི་ཕྱིར་དྲོ་བ་ཞེས་བྱའོ། ཀྵ་ལ་མཐར་ཟད་ཀྱི་ཡི་གེ་ཞེས་བྱ་སྟེ། ཡི་གེ་རྣམས་ཀྱི་ཟད་མཐར་གནས་པའི་ཕྱིར་མཐར་ཟད་ཅེས་བྱའོ།། 


དྲི་བ། ༡༡ བོད་ཀྱི་རྒྱལ་པོ་སུའི་དུས་སུ་ཡི་གེའི་སྲོལ་གཏོད། སྲོལ་གཏོད་པ་པོ་སུ་ཡིན། ཡི་གེ་གང་ལ་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་གསལ་བར་བྲིས། 

ལན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ། ཐོན་མི་སམ་བྷོ་ཊ་མཆོག་གིས་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་གི་སྲོལ་གཏོད་པ་ཡིན། 


དྲི་བ། ༡༢རྒྱ་གར་གྱི་ཡི་གེ་ལ་འཕྲི་བསྣན་མཛད་ནས་བོད་ཀྱི་དབྱངས་གསལ་ཇི་ལྟར་གཏན་ལ་འབེབས་པ་རྣམས་གསལ་བར་བྲིས། 

ལན། དབྱངས་ཡིག་བཅུ་དྲུག་ལས། དང་པོ་ཨ་ནི་དགོས་དབང་གིས་གསལ་བྱེད་དུ་བཞག །བོད་ཡིག་ལ་ཡི་གེ་རིང་ཐུང་སོགས་ཀྱི་ཐ་སྙད་མི་དགོས་པས། ཨི་ཨུ་ཨེ་ཨོ་བཞི་ལ་བོད་སྐད་དུ་གུག་གུ་ཞབས་ཀྱུ་འགྲེང་བུ་ན་རུ་ཞེས་ཐ་སྙད་བཏགས་ནས་དབྱངས་ཡིག་བཞིར་མཛད་ཅིང་། ལྷག་མ་བཅུ་གཅིག་འཕྲི་བར་མཛད་དོ།། གསལ་བྱེད་སོ་བཞི་ལས་ཀྱང་། འཐུག་པོ་ལྔ་དང་ལོག་པ་ལྔ་ཀྵ་ཡིག་སྟེ་བཅུ་གཅིག་བོད་སྐད་ལ་མི་མཁོ་བས་ཕྲི་ཞིང་། རྒྱ་སྐད་ལ་མེད་ཀྱང་བོད་སྐད་ལ་ཉེ་བར་མཁོབའི་ཡི་གེ་སྟོད་དུ་ཅ་ཆ་ཇ་གསུམ་དང་།སྨད་དུ་ཞ་ཟ་འ་སྟེ་ཡི་གེ་དྲུག་གསར་དུ་བསྣན་ནས་གསལ་བྱེད་ཀྱི་ཡི་གེ་སུམ་ཅུར་གཏན་ལ་ཕབ་བོ༎ 


དྲ་ི་བ། ༡༣ ཡི་གེ་གསར་པ་རྣམས་རྙེད་པའི་རྐྱེན་གང་ཡིན་བཅས་གསལ་བར་བྲིས། 

ལན། ཡི་གེ་དེ་དག་རྙེད་པའི་རྐྱེན་ནི། རྒྱ་བོད་གཉིས་ཀྱི་སྐད་རིགས་མི་མཐུན་པའི་དབང་གིས་སྒྲ་འགའ་ཞིག་བསྒྱུར་དཀའ་བ་བྱུང་ནས་ཐོན་མི་སམྦྷོ་ཊ་རེ་ཞིག་ཐུགས་མུག་སྟེ་བཞུགས་པ་ན། མི་དཀར་པོ་ཞིག་བྱུང་བར། སློབ་དཔོན་གྱིས། ཁྱེད་གང་ནས་བྱོན་དྲིས་པར། དེ་ན་རེ། ‘ཞང་ཞུང་’ ནས་འོངས་ཟེར།  གང་དུ་འགྲོ་སྲིས་པས། ‘ཟ་འོར་’ དུ་འགྲོ་ཟེར། གང་བྱེད་དུ་འགྲོ་དྲིས་པས། ‘ཇ་’ ཉོ་རུ་འགྲོ་ཟེར། ནམ་སླེབ་དྲིས་པས། ‘ཅི་ཆ་’ ཟེར་བའི་མུ་ནས་མི་དེ་གར་སོང་ཆ་མེད་དུ་སོང་། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པས། ཞང་ཞུང་ཞེས་པའི་ཚིག་ཟུར་ལས་ ‘ཞ་’རྙེད། ཟ་འོར་ཞེས་པའི་ཚིག་ཟུར་ལས་ ‘ཟ་འ་’ གཉིས་རྙེད། ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ཟུར་ ’ཇ་’ རྙེད། ཅི་ཆ་ཞེས་པའི་ཚིག་ཟུར་ལས་ ‘ཅ་ཆ་’ གཉིས་རྙེད་ནས་རྒྱ་གར་ན་མེད་པའི་ཡི་གེ་དྲུག་བསྣན་པར་མཛད་དོ།། 


དྲི་བ། ༡༤ སྲོག་དང་རྐྱེན་གྱི་ཡི་གེ་གང་དང་གང་ཡིན་གསལ་བར་བྲིས། 

ལན། སྲོག་གི་ཡི་གེ་ནི། དབྱངས་བཞི་དང་ཚེག་ཡིན་ནོ༎ 


དྲི་བ། ༡༥ ཕ་མ་བུ་ཚའི་ཡི་གེ་གང་དང་གང་ཡིན་རྒྱུ་མཚན་བཅས་བྲིས། 

ལན། ཡི་གེའི་མ་ནི་ཨ་ཡིན་ཏེ༎ 

ཡི་གེ་རྣམས་ཀྱི་འབྱུང་གནས་ཡིན༎ 

ཕ་ནི་གསལ་བྱེད་ཉི་ཤུ་དགུ༎ 

བརྗོད་བྱ་སྟོན་པའི་གཙོ་བོ་ཡིན༎ 

བུ་ཡིག་ཕ་མའི་ཡི་གེར་ལྟོས༎ 

ངག་ཏུ་ཐོན་དགོས་དེ་ལ་གཉིས༎ 

སྟེང་ན་ཞྭ་ལྟར་མཛེས་པ་ནི༎ 

གུག་གུ་འགྲེང་བུ་རྣ་རུ་གསུམ༎

འོག་ན་གདན་ལྟར་མཛེས་པ་ནི༎ 

ཞབས་ཀྱུ་ཡ་བཏགས་ར་བཏགས་གསུམ༎ 


དྲི་བ། ༡༦ ཕོ་མོ་མ་ནིང་གི་ཡི་གེ་གང་དང་གང་ཡིན་གསལ་བར་བྲིས༎

ལན། 

སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ༎

གསལ་བྱེད་ནང་གསེས་དབྱེ་བ་ནི༎

ཀ་ཅ་ཏ་པ་ཙ་རྣམས་ཕོ༎

ཁ་ཆ་ཐ་ཕ་ཚ་མ་ནིང་༎

ག་ཇ་ད་བ་ཛ་ཝ་ཞ༎

ཟ་འ་ཡ་ཤ་ས་རྣམས་མོ༎

ང་ཉ་ན་མ་ཤིན་ཏུ་མོ༎ 

ར་ལ་ཧ་ནི་མོ་གཤམ་སྟེ༎

ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས༎ 

སྒྲ་གདངས་དྲག་ཞན་བར་མ་ཡིས༎ 

ཕོ་དང་མོ་དང་མ་ནིང་ངོ་༎ 


དྲི་བ། ༡༧ སྒྲའི་ང་རོའི་དབྱེ་བ་ཇི་ལྟར་ཡོད་དེ་དག་གི་མཚན་གཞི་བཅས་གསལ་བར་བྲིས༎ 

ལན། སྤྱིར་བོད་ཡིག་ལ་དབྱངས་ཀྱི་ང་རོ་ལྔ་ཡོད་དེ། དྲང་པོ་དང་། བཀུག་པ་དང་། སྨད་པ་དང། བསྒྲེང་བ་དང་། བསྟོད་པའོ༎ ༡ དྲང་པོ་ནི། ཀ་ནས་ཨ་ཡི་བར་གྱི་ཡི་གེ་སོ་ན་གནས་པ་རྣམས་དང་། ༢ བཀུག་པ་ནི། ཀི་སོགས་གུག་གུ་ཅན་རྣམས་དང་། ༣ སྨད་པ་ནི། ཀུ་སོགས་ཞབས་ཀྱུ་ཅན་རྣམས་དང་། ༤ བསྒྲེང་བ་ནི། ཀེ་སོགས་འགྲེང་བུ་ཅན་རྣམས་དང་། ༥ བསྟོད་པ་ནི། ཀོ་སོགས་རྣ་རུ་ཅན་ རྣམས་སོ༎ 

    

དྲི་བ། ༡༨ དབྱངས་ཀྱི་ང་རོའི་རྩ་བ་ཇི་ཡོད་དང་། དབྱངས་ཀྱི་ཤུགས་འབྱུང་བའི་གནས་ཀྱི་རྩ་བ་ཇི་ཡོད་ངོས་བཟུང་ནས། རྩ་བ་ཡིན་ཚུལ་བྲིས།

ལན། བོད་ཡིག་གི་ང་རོའི་རྩ་བ་གསུམ་ཡོད་དེ། ཧ་དང་ཨ་དང་འ་གསུམ་མོ༎ དབྱངས་ཀྱི་ཤུགས་འབྱུང་བའི་གནས་ཀྱི་རྩ་བ་ནི་གཉིས་སྟེ། ཁོག་པ། མགྲིན་པའོ༎ རྒྱུ་མཚན་ནི། 

གསལ་བྱེད་རྣམས་གདོན་པའི་ཚེ་ཁོག་པ་ནས་ཤུགས་སྐྱེད་ཚུལ་དང་། བགྲིན་པ་འབྱེད་བཙུམ་གྱི་སྒོ་ནས་ཕོ་ཡིག་ཧ་སྒྲའི་ཆ་དང་། མ་ནིང་རྣམས་ཨ་སྒྲའི་ཆ། མོ་ཡིག་རྣམས་འ་སྒྲའི་ཆ་དང་ལྡན་པར་གདོན་དགོས་པས་སོ༎ 


དྲི་བ། ༡༩ ཡི་གེ་སོ་སོའི་གནས་གྱི་ཁྱད་པར་མ་ནོར་བར་བྲིས། 

ལན། ཀ་ཁ་ག་ང་ཧ་ཨ་འ་བདུན་ནི་མགྲིན་པ་ལས་བྱུང་། ཅ་ཆ་ཇ་ཉ་ཞ་ཤ་ཡ་བདུན་རྐན་ལས་བྱུང་། ཏ་ཐ་ད་ན་ལ་ལྔ་ནི་སོ་ལས་བྱུང་། པ་ཕ་བ་མ་ཝ་ལྔ་ནི་མཆུ་ལས་བྱུང་། ཙ་ཚ་ཛ་ཟ་ས་ལྔ་ནི་སོ་དང་རྐན་ལས་བྱུང་། ར་ནི་སྤྱི་བོ་ལས་བྱུང་བའོ༎ 

དབྱངས་ཀྱི་ཨི་དང་ཨེ་ནི་མགྲིན་པ་ལས༎ 

ཨུ་དང་ཨོ་ནི་མགྲིན་དང་མཆུ་ལས་བྱུང་༎ 


དྲི་བ། ༢༠ རྐྱང་པའི་ཡི་གེ་ཞེས་པའི་གོ་དོན་གང་ཡིན་དང་། སྔོན་འཇུག་གི་དོན་དང་དབྱེབ། སྔོན་འཇུག་ལྔ་མིང་གཞི་གང་དང་གང་ལ་འཇུག འཕུལ་མེད་ཀྱི་ཡི་གེ་ཇི་ཙམ་ཡོད་བཅས་མ་ནོར་བར་བྲིས། 

ལན། མགོ་འདོགས་མ་སྦྱར་བའི་ཡི་གེ་ལ་རྐྱང་པའི་ཡི་གེ་ཞེས་བྱའོ༎ མིང་གཞི་སྔོན་དུ་འཇུག་པས་ན་སྔོན་འཇུག་ཅེས་བྱ་ཞིང་། དབྱེ་བ་ནི། ག་ད་བ་མ་འ་རྣམས་སོ༎ དེ་དག་མིང་གཞི་གང་དང་གང་ལ་འཇུག་པ་ནི། 

ཕོ་ཡིག་བ་ནི་ཀ་ཅ་ཏ། །

ཙ་ག་ང་ཇ་ཉ་ད་ན། །

ཛ་ཞ་ཟ་ར་ཤ་སར་འཇུག །

མ་ནིང་ག་ནི་ཅ་ཏ་ཙ། །

ཉ་ད་ན་ཞ་ཟ་ཡ་ཤ །

སར་འཇུག་མ་ནིང་ད་ཡིག་ནི། །

ཀ་པ་ག་བ་ང་མར་འཇུག །

མོ་ཡིག་འ་ནི་ག་ཇ་ད། །

བ་ཛ་ཁ་ཆ་ཐ་ཕ་ཚར། །

ཤིན་ཏུ་མོ་ཡི་མ་ཡིག་ནི། །

ཁ་ཆ་ཐ་ཚ་ག་ཇ་ད། །

ཛ་ང་ཉ་ན་རྣམས་ལ་འཇུག །

འཕུལ་མེད་ཀྱི་ཡི་གེ་ནི། ཝ་འ་ར་ལ་ཧ་ཨ་རྣམས་ཡིན། དེའི་ནང་ནས་ར་ལ་གཉིས་རྐྱང་པ་ལ་འཕུལ་མི་འཐོབ་ཀྱང་། བརྩེགས་འདོགས་ཅན་ལ་ཐོབ་པ་ཡོད་པས། ཕྱེད་འཕུལ་ཞེས་ཀྱང་བྱའོ༎ 


དྲི་བ། ༢༡ འདོགས་ཅན་གྱི་ཡི་གེེ་བཞི་འི་དབྱེ་བ་རེ་རེ་ནས་བྲིས། 

ལན། ཡ་ར་ལ་ཝའི་འདོགས་ཅན་བཞི་ལས། ཡ་བཏགས་བདུན་ནི། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་རྣམས་སོ༎ ར་བཏགས་བཅུ་གཅིག་ནི། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་རྣམས་སོ༎ ལ་བཏགས་བཞི་སྟེ། ཀླ་གླ་བླ་ཟླ་རྣམས་སོ༎ ཝ་བཏགས་བཅུ་གཉིས་ཏེ། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་རྣམས་སོ༎ དེ་ལྟར་ན་འདོགས་ཅན་གྱི་ཡི་གེ་སུམ་ཅུ་སོ་བཞི་ཡོད་དོ།།



དྲི་བ། ༢༢ མགོ་ཅན་གྱི་ཡི་གེ་གསུམ་གྱི་དབྱེ་བ་རེ་རེ་ནས་བྲིས། 

ལན། ཁ་རྒྱན་ལྟར་ན། ར་མགོ་ཅན་བཅུ་གསུམ་སྟེ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླ་ལྟ་བུའོ༎ ལ་མགོ་ཅན་བཅུ་སྟེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་ལྟ་བུའོ༎ ས་མགོ་ཅན་བཅུ་གཉིས་ཏེ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ་ལྟ་བུའོ༎ དེ་ལྟར་ན་མགོ་ཅན་གྱི་ཡི་གེ་སུམ་ཅུ་སོ་ལྔ་ཡོད་དོ༎


དྲི་བ། ༢༣ རྗེས་འཇུག་དང་ཡང་འཇུག་གི་གོ་དོན་དང་དབྱེ་བ་བཅས་མ་ནོར་བར་བྲིས།

ལན། མིང་གཞིའི་རྗེས་སུ་འཇུག་པས་ན་རྗེས་འཇུག རྗེས་འཇུག་གི་རྗེས་སུ་ཡང་བསྐྱར་འཇུག་པས་ན་ཡང་འཇུག་ཅེས་བྱའོ༎ རྗེས་འཇུག་གི་དབྱེ་བ་ནི། ག་ང་ད་ན་བ་མ་འ་ར་ལ་ས་རྣམས་སོ༎ ཡང་འཇུག་གི་དབྱེ་བ་ནི། ད་དང་ས་གཉིས་སོ༎ 


དྲི་བ། ༢༤ མིང་གི་ངོ་བོ་དང་དབྱེ་བ། ཚིག་གི་ངོ་བོ་དང་དབྱེ་བ་བཅས་ཁ་རྒྱན་ལྟར་བྲིས། 

ལན། ཡི་གེ་གཉིས་སོགས་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ། མིང་གི་མཚན་ཉིད། མཚན་གཞི་ནི། བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །དེ་ལ་དབྱེ་ན། དངོས་མིང་དང་། བཏགས་མིང་གཉིས། ཁྱད་གཞི་ཁྱད་ཆོས་སྦྱར་བའམ་རྣམ་དབྱེ་དང་ཚིག་ཕྲད་ལ་སོགས་པའི་རྐྱེན་ཀྱིས་དོན་གྱི་ཁྱད་པར་སྟོན་པའི་སྒྲ། ཚིག་གི་མཚན་ཉིད། མཚན་གཞི་ནི། བུམ་པ་མི་རྟག་གོ་ཞེས་བརྗོད་པའི་སྒྲ་ལྟ་བུའོ།།


དྲི་བ། ༢༥ རྣམ་དབྱེའི་ངོ་བོ་དང་དབྱེ་བ་མཚན་གཞི་བཅས་མ་ནོར་བྲིས། 

ལན། ངག་གཞན་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་བྱེད་དུ་རྣམ་པར་དབྱེ་བར་བྱ་བའི་སྒྲ་དེ། རྣམ་དབྱེའི་མཚན་ཉིན་ཡིིན། དེ་ལ་དབྱེ་ན། དང་པོ་དངོས་པོ་བརྗོད་པ། བླ་མ་ཞེས་པ་ལྟ་བུ། གཉིས་པ་ལས་སུ་བྱ་བ། བླ་མ་ལ་མཇལ་ལྟ་བུ། གསུམ་པ་བྱེད་པ། བླ་མས་གསུངས་ལྟ་བུ། བཞི་པ་དགོས་ཆེད། བླ་མ་ལ་འབུལ་ལྟ་བུ། ལྔ་པ་འབྱུང་ཁུངས། བླ་མ་ལས་ཐོས་ལྟ་བུ། དྲུག་པ་འབྲེལ་བ། བླ་མའི་བཀའ་ལྟ་བུ། བདུན་པ་གནས་གཞི། བླ་མ་ལ་ཡོད་ལྟ་བུ། བརྒྱད་པ་འབོད་པ། ཀྱེ་ཀྱེ་བླ་མ་ལྟ་བུའོ།།

ལམ་རིམ་བསྡུས་དོན་གྱི་བརྡ་བཀྲོལ།


• འཛམ་གླིང་། རི་རབ་ཀྱི་ལྷོ་ན་ཤིང་འཛམ་བུས་མཚོན་པ་དང་མཐའ་ཆུས་འཁོར་ཞིང་རང་གི་ངོ་བོ་སྐམ་སར་གནས་པས་འཛམ་བུའི་གླིང་སྟེ། (མཆིམས་མཛོད།) 
• མཁས་པ། ཐོས་བསམ་ཕྱོགས་སུ་མ་སོང་ཞིང་༎ གཞུང་ལུགས་གདམས་པར་ཤར་བ་ཡིས༎ མཉན་འོས་རིགས་པའི་ལམ་སྨྲ་བ༎ དེ་ཉིད་ལ་ནི་མཁས་པ་ཟེར༎ (ལྕང་སྐྱ་གྲུབ་མཐའ།)
• བ་དན། སྲོག་ཆགས་ཀྱི་མཚན་མ་མེད་པའི་འཕེན་ནོ༎
• བྱང་ཆུབ་ལམ་རིམ། རྫོགས་པའི་བྱང་ཆུབ་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་གྱི་རིམ་པ་བསྟན་པའི་གཞུང་། 
• སྐྱེ་དགུ། སྐྱེ་བོ་ཡོད་དོ་ཅོག
• གདམས་པ། མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་ཐབས་མ་ནོར་བར་སྟོན་པའི་ངག་གམ་གཞུང་། 
• རིན་ཆེན་དབང་གི་རྒྱལ་པོ། ནོར་བུའི་རིགས་ཤིག
• དཔལ་ལྡན། དཔལ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་བྱའོ༎ དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ༎ འཇིག་རྟེན་གྱི་དཔལ་ནི་ལྷ་དང་མིའི་འབྱོར་པ་ཐམས་ཅད་དང་ལྡན་པའོ༎ འཇིག་རྟེན་ལས་འདས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་བྱའོ༎ དེ་གཉིས་དང་ལྡན་པས་དཔལ་ལྡན་ཞེས་བྱའོ༎ (བདེ་བ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད།)
• ལེགས་བཤད། ལེགས་བཤད་ཅེས་བྱ་བ་སྟེ། བདེ་བླག་ཏུ་རྟོགས་པའི་ཐབས་སྟོན་ཅིང་གང་བརྗོད་པ་དེ་ནི་ལེགས་པར་བཤད་པའོ༎ (ཚོམས་འགྲེལ་ལས་སོ༎)
• བསྟན་པ། (སྤྱིར་ལུང་རྟོགས་གཉིས་ཡོད་ཀྱང་།)སྐབས་འདིར་རྒྱལ་བས་ལེགས་པར་བཤད་པ་ཇི་སྙེད་པའོ༎ (ལམ་རིམ་ཆེན་མོ།)
• གསུང་རབ། སྐྱེ་བོ་སྐལ་བ་དང་ལྡན་པ་འཁོར་བའི་བཙོན་རར་ཚུད་པ་ཚེ་རབས་བརྒྱུད་པས་བསྒྲིབས་པ་དག་རབ་ཏུ་ཐར་བར་མཛད་པའི་གསུང་གང་ཡིན་པ་དེ་ནི་གསུང་རབ་པོ།། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ།
• རྒྱལ་བ། སྒྲིབ་གཉིས་ཀྱི་གཡུལ་ལས་རྒྱལ་བ་སྟེ། སངས་རྒྱས།
• བདེ་བླག   བདེ་བླག་ཏུ་སྟེ་ཚེགས་ཆུང་ངུས་རྟོགས་པ། (གསེར་ཕྲེང་།)
• ཉེས་སྤྱོད། སྡིག་པ་མི་དགེ་བ།
• ལྐལ་ལྡན། སྐལ་ལྡན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་བམ། རིགས་ཕུན་སུམ་ཚོགས་པས་སོ༎ (ཚད་མ་རྒྱན་གྱི་འགྲེལ་བཤད།)
• སྐྱེས་བུ་གསུམ། ལམ་ལ་སློབ་པའི་རྒྱུད་ཚོད་ལ་ལྟོས་ནས་བཞག་པའི་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་སྟེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས༎ འཁོར་བའི་བདེ་བ་ཙམ་དག་ལ༎ རང་ཉིད་དོན་དུ་གཉེར་བྱེད་པ༎ དེ་ནི་སྐྱེས་བུ་ཐ་མར་ཤེས༎ སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་༎ སྡིག་པའི་ལས་ལས་ལྡོག་བདག་ཉིད༎ གང་ཞིག་རང་ཞི་ཙམ་དོན་གཉེར༎ སྐྱེས་བུ་དེ་ནི་འབྲིང་ཞེས་བྱ༎ རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས༎ གང་ཞིག་གཞན་གྱི་སྡུག་བསྔལ་ཀུན༎ ཡང་དག་ཟད་པར་ཀུན་ནས་འདོད༎ སྐྱེས་བུ་དེ་ནི་མཆོག་ཡིན་ནོ༎ ཞེས་གསུངས། 
• ཐུན། ཐུན་ཞེས་བྱ་བ་ནི་དུས་དྲུག་ལས་དུས་གཅིག་གོ། (དགོངས་འགྲེལ་རྒྱ་ནག་འགྲེལ་ཆེན།)
• རླབས་ཆེན། ནུས་པ་དང་ཡོན་ཏན་སོགས་ཧ་ཅང་ཆེན་པོ། ནུས་སྟོབས་ཆེ་བ། ལས་ཆོད་ཆེ་བ།
• རྟེན་འབྲེལ། ལྟོས་ནས་གྲུབ་པ། 
• རྩ་བ། རྩ་བ་ཞེས་བྱ་བ་ནི་སྐྱེས་པའི་གཞིའོ༎ (ཚོམས་ཀྱི་འགྲེལ་པ།)
• བཤེས་གཉེན། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཕན་པ་ཉེ་བར་སྟོན་པའོ༎ (ལུང་རྣམ་འབྱེད་ཀྱི་འགྲེལ་པ།) 
• སྲོག   སྲོག་ནི་ཚེ་ཡིན་དྲོད་དང་ནི༎ རྣམ་ཤེས་རྟེན་གང་ཡིན་པ་འོ༎ (ཆོས་མངོན་པ་མཛོད།)
• མཆོད་པ། མཆོད་པ་ཞེས་བྱ་བ་ནི། བཀུར་བའི་གནས་སུ་གྱུར་པ་རྣམས་ལ་སྒོ་གསུམ་ནས་བཀུར་ཞིང་མཆོད་པ་དང་། རྫས་ཀྱི་སྒོ་ནས་ཀྱང་མཉེས་པར་བྱས་པའི་ལས་ཀྱི་བདག་ཉིད་དེ། (གསང་སྙིང་འགྲེལ་པ།)
• རྣལ་འབྱོར་པ། རྣལ་འབྱོར་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་དམིགས་པའམ། འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པ་རང་གི་ངང་གིས་འཇུག་པ་དང་ལྡན་པ་ནི་རྣལ་འབྱོར་པ་སྟེ། དེ་སུ་དག་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་པའོ༎ (ཐེག་བསྡུས་བཤད་སྦྱར།)
• དལ་བའི་རྟེན། མི་ཁཔམ་པ་བརྒྱད་དང་བྲལ་བས། ཆོས་བྱེད་པ་ལ་དལ་བའམ་ཁོམ་པའི་མིའི་ལུས་རྟེན་ཁྱད་པར་ཅན།
• ཡིད་བཞིན་ནོར་བུ། ཚེ་འདིའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ནོར་བུ་ཞིག 
• ནམ་མཁའི་གློག བར་སྣང་དུ་སྤྲིན་འཐབས་པ་ལས་བྱུང་བའི་གློག 
• སྦུན་པ། འབྲུ་རིགས་ཀྱི་ཕྱི་ཤུན། 
• ངན་འགྲོ། སྡུག་བསྔལ་ཆེ་ཞིང་མང་བས་སྐྱེ་གནས་ངན་པར་སྐྱེས་པའི་འགྲོ་བའམ་གང་ཟག་སྟེ། དམྱལ་བ། ཡི་དྭགས། དུད་འགྲོ་གསུམ།
• དཀོན་མཆོག་གསུམ། དཀོན་པ་དང་། ་རིན་ཆེ་བ་དང་། དགའ་བར་བྱེད་པ་དང་། ཕན་འདོགས་པ་དང་། གནོད་པ་སེལ་བའི་མཆོག་ཏུ་གྱུར་པའི་སྒོ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་ན། དཀོན་མཆོག་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་གསུམ་མོ༎ 
• སྐྱབས་འགྲོ། འཇིགས་བྱ་གང་ཡང་རུང་བ་ལ་འཇིགས་ཏེ། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡིད་ཆེས་པའི་སྒོ་ནས་སྙིང་ཐག་པ་ནས་རེ་ལྟོས་འཆའ་བའི་བློ།
• བསླབ་བྱ། བླང་དོར་གང་འོས་པ་བཞིན་ལག་ཏུ་བླང་བར་བྱ་བ། 
• ལས་འབྲས། ལས་བཟང་ངན་ལས་བདེ་སྡུག་འབྱུང་བའི་འབྲེལ་བ།
• བླང་དོར། བྱ་བ་གང་ཞིག་བྱ་འོས་ཤིང་དགོས་པ་རྣམས་ཚུར་ཉམས་སུ་བླང་ཤིང་། བྱ་མི་འོས་པ་རྣམས་དང་དུ་མ་བླངས་པར་ཕར་དོར་བ། 
• ལམ། ཡེ་ཤེས་གང་གིས་བླ་ན་མེད་པའི་བྱང་ཆུབ་འགྲུབ་པའི་ཡེ་ཤེས་དེ་ལ་ལམ་ཞེས་བྱའོ།། (བློ་གྲོས་མི་ཟད་པའི་རྒྱ་ཆེར་འགྲེལ།) ཐར་པའི་ལམ་ནི་ཐེག་པ་གསུམ་གྱི་ལམ་ཡིན་ཏེ། བྱང་ཆུབ་རྣམ་པ་གསུམ་ནི་ཐེག་པ་གསུམ་ཡིན་ལ། དེ་ནི་ཐར་པའོ༎ དེའི་ལམ་ནི་ལམ་དུ་གྱུར་པའོ། །དེ་ཐོབ་པར་བྱེད་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ནི་ལམ་དངོས་ཡིན་ལ། (གསང་འདུས་བཤད་སྦྱར།)
• མཚན་ཉིད། ཆོས་གསུམ་ཚང་བའི་སྒོ་ནས་མཚོན་བྱ་མཚོན་པར་བྱེད་པའོ༎ ཡང་སྐབས་འགར་ཁྱད་ཆོས་ལ་གོ་དགོས་པའང་ཡོད། 
• རྒྱུ། འབྲས་བུ་སྐྱེད་པར་བྱེད་པའམ། དེ་ལ་ཕན་འདོགས་པ། 
• སྒོ་གསུམ། ལུས་ངག་ཡིད་གསུམ། 
• སྡིག་པ། ཅི་ཕྱིར་སྡིག་པ་ཞེ་ན། རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འབྱིན་པར་བྱེད་པས་ན་སྡིག་པའོ། །ཡང་ན་སྡིག་པ་ཞེས་བྱ་བ་ནི། ལུས་ལ་སོགས་པ་ལས་བྱུང་བ་མི་འདོད་པའི་བག་ཆགས་སེམས་ལ་ཡོད་པར་བྱའོ་ཞེས་གསུངས་སོ། །ཡང་ན་སྡིག་པ་ཞེས་བྱ་བ་ནི། སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་དེ། རབ་ཏུ་བྱུང་བ་ཉིད་ཀྱིས་ཤིན་ཏུ་འཇོམས་པ་ཉིད་ཡིན་པའི་ཕྱིར་ན། སྡིག་པ་ཞེས་གསུངས་སོ། ། (རྣམ་འཇོམས་ཀྱི་གཟུངས་ཀྱི་རྒྱ་ཆེར་འགྲེལ།) 
• ལྟུང་བ། ལྟུང་བ་ཙམ་གྱི་མཚན་ཉིད་ནི། སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ཆ་ནས་ཁ་ན་མ་ཐོ་བར་གྱུར་པའོ།། (མཚོ་ཊཱིཀ) 
• ལས་སྒྲིབ། ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལ་སོགས་པའི་ལས་ངན་སོང་དུ་ངེས་པ་གང་ཡིན་པའོ། ། (དབུས་མྱའི་འགྲེལ་བཤད།) 
• སྟོབས་བཞི། རྟེན་གྱི་སྟོབས། སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རྣམས་སོ༎
• སྡུག་བསྔལ་བདེན་པ། མཚན་ཉིད་ནི། རང་རྒྱུ་ལས་དང་ཉོན་མོངས་པའི་ལག་རྗེས་ལས་བྱུང་བའི་ཟག་བཅས་ཀྱི་དངོས་པོ། (བདེན་བཞིའི་རྩོད་ཡིག སྒིས་སྟེང་ཡོངས་འཛིན།) 
 • ཉེས་དམིགས། དངོས་པོ་གང་ཡོན་ཡང་དེ་འམ་དེ་ལ་བརྟེན་པའི་གནོད་པ་སྐྱོན་ལ་བྱ་སྟེ།  (ཚེཚོམས་ཀྱི་འགྲེལ་པ།) ཉེས་དམིགས་ཞེས་བྱ་བ་ནི་གནོད་པ་འདི་དག་གོ། ཞེས་པ་ལྟར་རོ༎ 
 • ཐར་པ། ཐར་པ་ཞེས་པ་ནི། བཅིངས་པ་ལས་གྲོལ་བ་སྟེ།  དེ་ཡང་ལས་དང་ཉོན་མོངས་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ།  དེ་གཉིས་ཀྱི་དབང་གིས། ཁམས་ཀྱི་དབང་གིས་འདོད་ཁམས་ལ་སོགས་པ་གསུམ་དང་།  འགྲོ་བས་ཕྱེ་ན་ལྷ་ལ་སོགས་པ་ལྔའམ་དྲུག་དང་།  སྐྱེ་གནས་ཀྱི་སྒོ་ནས་མངལ་ལ་སོགས་པ་བཞིར་ཕུང་པོ་ཉིང་མཚམས་སྦྱར་བ་ནི་བཅིངས་པའི་ངོ་བོ་ཡིན་པས། དེ་ལས་གྲོལ་བ་ནི་ཐར་པའོ།། (བྱང་ཆུབ་ལམ་རིམ་ཆེན་མོ།)
 • དོན་གཉེར། དོན་དུ་གཉེར་བ་ནི་མངོན་པར་འདོད་པའོ།། (འགྲེལ་བཤད་གང་སྤེལ།)
 • ཀུན་འབྱུང་བདེན་པ། མཚན་ཉིད་ནི། རང་འབྲས་སྡུག་
བདེན་སྐྱེད་པའི་ལས་ཉོན་ཅི་རིགས་ཀྱིས་བསྡུས་པའི་ཟག་བཅས་ཀྱི་དངོས་པོ། (བདེན་བཞིའི་རྩོད་ཡིག སྒིས་སྟེང་ཡོངས་འཛིན།) 
 • འཁོར་བ། ལས་ཉོན་གྱི་དབང་གིས་ཉེར་ལེན་གྱི་ཕུང་པོ་རྒྱུན་མ་ཆད་པར་ལེན་པའི་རྒྱུན་ལ་འཁོར་བ་ཞེས་བྱའོ།། མཁས་གྲུབ་ཊཱིཀ་ཆེན།)
 • འཁོར་བའི་རྩ་བ། འཁོར་བར་སྐྱེ་བ་ལེན་པའི་མཐར་ཐུག་གི་རྒྱུ་གང་ཡིན་པ་སྟེ། བདེན་འཛིན་གྱི་མ་རིག་པའོ༎ 
 • ངེས་འབྱུང་གི་བསམ་པ། སྡུག་ཀུན་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད་ཞིབ་ཏུ་ཤེས་པར་བྱས་པ་ན་དེ་འདོར་འདོད་པ་དང༌། དེ་རྣམས་ཉེ་བར་ཞི་བ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཡིན་མོད་ཀྱང་དེ་ཙམ་གྱིས་མི་ཆོག་པས། མེ་འབར་བའི་ཁྱིམ་དུ་ཚུད་པ་དང༌། བཙོན་རར་ཚུད་པའི་བཙོན་གནས་དེ་ལ་མི་འདོད་ཅིང་དེ་ནས་ཐར་བར་འདོད་པའི་བློ་ཅི་ཙམ་སྐྱེ་བ་དེ་ལྟ་བུའི་བློའི་ཚོད་ཙམ་དུ་བསྐྱེད་པར་བྱ་ཞིང་དེ་ནས་ཀྱང་ཇེ་འཕེལ་དུ་གཏང་དགོས་སོ།། (ལམ་རིམ་ཆུང་བ།)
སེམས་བསྐྱེད། སྤྱིར་ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་སེམས་བསྐྱེད་བཅས་གསུམ་གཙོ་ཆེར་ཐ་མ་ལ་གོ་ཞིང་། དེ་ནི། གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཝོབ་འདོད་ཀྱི་བསམ་པ་ཞིག་ཡིན། 
ཐེག་མཆོག ཐེག་པ་ཆེན་པོ་དང་དོན་འདྲ་ཞིང་། དེ་ཡང་དམིགས་པ་དང་། སྒྲུབ་པ། ཡེ་ཤེས། བརྩོན་འགྲུས། ཐབས་མཁས། འགྲུབ་པ། འཕྲིན་ལས་ཆེ་བ་སྟེ། ཆེན་པོ་བདུན་གྱིས་ཐེག་དམན་ལས་ཁྱད་པར་དུ་འཕགས་པས་ན་ཐེག་པ་ཆེན་པོ་ཞེས་བྱའོ༎ 
གཞུང་ཤིང་། ཁང་པ་དང་། སྦྲ་གུར་སོགས་ཀྱི་གཞུང་དུ་བཏང་བའི་གདུང་མ་དང་། སྲོག་ཤིང་། (ཚིག་མཛོད་ཆེན་མོ།)
རླབས་ཆེན། ནུས་པ་དང་ཡོན་ཏན་སོགས་ཧ་ཅང་ཆེན་པོ། ནུས་སྟོབས་ཆེ་བ། ལས་ཆོད་ཆེ་བ།
ཚོགས་གཉིས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས། 
གསེར་འགྱུར་རྩི། དངུལ་ཆུ་གསེར་དུ་སྣང་བ་ཞེས་པའི་རྩི་ཞིག་ཡོད་ལ། དེ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་བར་ནུས་པར་གསུངས། 
རབ་འབྱམས། གྲངས་མེད་ལས་མཐོ་བའི་གྲངས་སྣེ་ཞིག་ཡིན་གསུངས། 
བསོད་ནམས། ༡ བསོད་ནམས་ཞེས་བྱ་བ་ནི་དགེ་བ་ལ་བྱའོ༎ (ཆོས་མངོན་པ་ལ་འཇུག་པ།) ༢ བསོད་ནམས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་དགེ་བ་སྟེ། (འགྲེལ་བཤད་གང་སྤེལ།) ཞེས་པ་གཉིས་ལས་འདིར་སྔ་མ་ལྟར་དགེ་བ་སྤྱི་ཙམ་པ་ལ་བྱའོ༎ 
གཏེར། དངོས་པོ་གང་ཞིག་ཟད་པ་མེད་པར་འབྱུང་བའི་གནས་སམ་གཞི། ཆུ་ཡི་གཏེར་ལྟ་བུ། 
རྒྱལ་སྲས། བྱང་ཆུབ་སེམས་དཔའི་མིང་གི་རྣམ་གྲངས། 
དཔའ་བོ། ཕ་རོལ་གྱི་སྡེ་ལས་རྒྱལ་བར་བྱེད་པ་ལ་སྙིང་སྟོབས་དང་ལྡན་པ་སྟེ། སྒྲུབ་ཐབས་ཀུན་བཟང་ལས། དཔའ་བོ་ཞེས་བྱ་བ་ནི་བགེགས་མ་ལུས་པ་རྣམ་པར་འཇིག་པར་མཛད་པའོ༎ ཞེས་གསུངས་པ་ལྟར་རོ༎ 
རིན་ཆེན་སེམས། གོང་གི་སེམས་བསྐྱེད་དང་དོན་གཅིག
ཐུགས་དམ། ཉམས་ལེན་གྱི་ཞེ་ས། ཡང་ན་ཐུགས་ཀྱི་དམ་བཅའི་བསྡུས་མིང་། 
སྦྱིན་པ། གཏོང་བའི་སེམས་པ་དགེ་བ་དང་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་སོ།། (ལམ་རིམ་ཆེན་མོ།) 
ཡིད་བཞིན་ནོར་བུ། ཚེ་འདིའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ནོར་བུ་ཞིག 
སེར་སྣ། འདོད་ཆགས་ཀྱི་ཆར་གཏོགས་གང་ཞིག །རྙེད་བཀུར་ལ་ཆགས་ནས་ཡོ་བྱད་གཏོང་མི་འདོད་པར་འཛིན་འདོད་པས་རབ་ཏུ་ཕྱེ་བའི་རིག་པའོ༎ (ཀུན་བཏུས་དར་ཊཱིཀ)
སྙན་གྲགས། གྲགས་པ་ཕུན་སུམ་ཚོགས་པའམ། ལེགས་པའི་ཕྱོགས་ཀྱི་གྲགས་པ། 
ལུས། སྤྱིར་གོ་དོན་མང་ཡང་སྐབས་འདིར་རང་རྒྱུད་ཀྱི་གཟུགས་ལུང་ལ་འཇུག
ལོངས་སྤྱོད། ལོངས་སྤྱོད་ཅེས་བྱ་བ་ནི་ཉེ་བར་སྤྱད་པར་བྱ་བའི་དངོས་པོ་རྣམས་ཏེ། (ཤེར་འབྱུང་གི་སྤྱོད་འཇུག་གི་དཀའ་འགྲེལ།)
དགེ་བ། ལུང་དུ་བསྟན་པ་གང་ཞིག །བདེ་བ་སྐྱེད་བྱེད་ཀྱི་རིགས་སུ་གནས་པ། དགེ་བའི་མཚན་ཉིད། (པཎ་ཆེན་ཕར་ཕྱིན་མཐའ་དྱོད།) 
མཁས་པ། ཐོས་བསམ་ཕྱོགས་སུ་མ་སོང་ཞིང་༎ གཞུང་ལུགས་གདམས་པར་ཤར་བ་ཡིས༎ མཉན་འོས་རིགས་པའི་ལམ་སྨྲ་བ༎ དེ་ཉིད་ལ་ནི་མཁས་པ་ཟེར༎ (ལྕང་སྐྱ་གྲུབ་མཐའ།) 
ཚུལ་ཁྲིམས། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་སེམས་ནི་ཚུལ་ཁྲིམས་ཡིན། (ལམ་རིམ་ཆེན་མོ།)
ཉེས་སྤྱོད། སྡིག་པ་མི་དགེ་བ།
ཉོན་མོངས། མཚན་ཉིད་གང་ཞེ་ན། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ།། (མངོན་པ་ཀུན་བཏུས།)
སྐྱེ་དགུ། སྐྱེ་བོ་ཡོད་དོ་ཅོག
ལྷུན་པོ། རིའི་རྒྱལ་པོ་རི་རབ་ཀྱི་མིང་། 


རབ་བྱུང་གིས་བསྐྱེད་པའི་ལྟུང་བ།

༄༅།   །ནམོབུདྡྷཡ།  སོར་བཤགས་ཡན་ཆད་ཀྱི་ལྟུང་བ་ (༡༤༡) ལས། རབ་བྱུང་གིས་བསྐྱེད་པ། (༦༥) ཡོད། སྡེ་ཚན་གྱི་ཐད་དུ་བཀོད་པའི་ཨང་གྲངས་རྣམས་སྡེ་ཚན་དེ་ལ་རབ་བྱུང་གིས་བསྐྱེད་པ་ཇི་ཡོད་ཀྱི་བསྡོམས་གྲངས་ཡིན། 1 རྟགས་ཅན་རྣམས་རབ་བྱུང་གིས་བསྐྱེད་པ་ཡིན། 1/2 རྟགས་ཅན་རྣམས་ཕྱེད་རབ་བྱུང་གིས་བསྐྱེད་པ་ཡིན། 


ཕམ་པའི་སྡེ།

མི་ཚངས་སྤྱོད་ཀྱི་ཕམ་པ། 

མ་བྱིན་ལེན་གྱི་ཕམ་པ།

སྲོག་གཅོད་པའི་ཕམ་པ།

རྫུན་དུ་སྨྲ་བའི་ཕམ་པ། 


ལྷག་མའི་སྡེ། 7

འབྱིན་པའི་ལྷག་མ།

རེག་པའི་ལྷག་མ།

འཁྲིག་ཚིག་སྨྲ་བའི་ལྷག་མ།

བསྙེན་བཀུར་བསྔགས་པའི་ལྷག་མ།

གཉེན་བྱེད་པའི་ལྷག་མ།

ཁང་པའི་ལྷག་མ།

ཁང་ཆེན་གྱི་ལྷག་མ། 1/2

གཞི་མེད་ཀྱི་ལྷག་མ། 1

བག་ཙམ་གྱི་ལྷག་མ། 1

དབྱེན་བྱེད་པའི་ལྷག་མ། 1

དེའི་རྗེས་སུ་ཕྱོགས་པའི་ལྷག་མ། 1

ཁྱིམ་སུན་འབྱིན་པའི་ལྷག་མ། 1

བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ། 1


ལྟུང་བྱེད་ཀྱི་སྡེ། 

སྤང་ལྟུང་སུམ་ཅུ་ལས་བཅུ་ཚན་དང་པོ། 2

འཆང་བའི་སྤང་ལྟུང་།

འབྲལ་བའི་སྤང་ལྟུང་། 

ཟླ་བས་སྤང་ལྟུང་། 

འཁྲུར་འཇུག་གི་སྤང་ལྟུང་། 1

ལེན་པའི་སྤང་ལྟུང་། 1

སློང་བའི་སྤང་ལྟུང་། 

སློང་བར་རིགས་པའི་སྤང་ལྟུང་། 

སྤགས་པ་སློང་བའི་སྤང་ལྟུང་། 

སོ་སོ་ནས་སྤགས་པ་སློང་བའི་སྤང་ལྟུང་།

བསྐུར་བའི་སྤང་ལྟུང་། 


བཅུ་ཚན་གཉིས་པ། 1

སྲིན་བལ་ལས་གྱུར་པའི་སྤང་ལྟུང་།

བལ་ནག་པོ་འབའ་ཞིག་གི་སྤང་ལྟུང་།

ཆ་གཉིས་བསྲེ་བའི་སྤང་ལྟུང་།

ལོ་དྲུག་ཏུ་བཅང་བའི་སྤང་ལྟུང་། 

མཐོ་གང་གི་སྤང་ལྟུང་། 

བལ་ཁུར་བའི་སྤང་ལྟུང་།

བལ་རྨེལ་བའི་སྤང་ལྟུང་། 1

གསེར་དངུལ་ལ་རེག་པའི་སྤང་ལྟུང་། 

མངོན་ཚན་ཅན་གྱི་སྤྱོད་པའི་སྤང་ལྟུང་། 

ཉོ་ཚོང་བྱེད་པའི་སྤང་ལྟུང་།


བཅུ་ཚན་གསུམ་པ། 2

ལྷུང་བཟེད་འཆང་བའི་སྤང་ལྟུང་། 

ལྷུང་བཟེད་ལྷག་པོར་འཚོལ་བའི་སྤང་ལྟུང་།

འཐག་འཇུག་གི་སྤང་ལྟུང་། 

འཐག་བསྐྱེད་ཀྱི་སྤང་ལྟུང་། 

བྱིན་འཕྲོག་གི་སྤང་ལྟུང་། 1

ཞག་བདུན་ན་འབྲལ་བའི་སྤང་ལྟུང་།

དབྱར་གྱི་རས་ཆེན་གྱི་སྤང་ལྟུང་། 

བརྟད་པ་ལས་བྱུང་བའི་སྤང་ལྟུང་།

བསྔོས་བསྒྱུར་གྱི་སྤང་ལྟུང་། 1

གསོག་འཇོག་གི་སྤང་ལྟུང་།


ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས། 

བཅུ་ཚན་དང་པོ། 6

རྫུན་དུ་སྨྲ་བའི་ལྟུང་བྱེད།

སྐྱོན་ནས་སྨྲ་བའི་ལྟུང་བྱེད། 1

ཕྲ་མ་བྱེད་པའི་ལྟུང་བྱེད། 1

སྐྱོ་སྔོགས་བྱེད་པའི་ལྟུང་བྱེད། 1

སྟོན་པའི་ལྟུང་བྱེད། 

འདོན་པའི་ལྟུང་བྱེད། 

གནས་ངན་ལེན་བརྗོད་པའི་ལྟུང་བྱེད། 1

མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད།

བཤེས་ངོར་བྱེད་པའི་ལྟུང་བྱེད། 1

ཁྱད་དུ་གསོད་པའི་ལྟུང་བྱེད། 1


བཅུ་ཚན་གཉིས་པ། 8

ས་བོན་སྐྱེ་འཇིག་གི་ལྟུང་བྱེད།

འཕྱ་བའི་ལྟུང་བྱེད། 1

བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད། 1

གནས་མལ་གྱི་ལྟུང་བྱེད། 1

གདིང་བའི་ལྟུང་བྱེད། 1

སྐྲོད་པའི་ལྟུང་བྱེད། 1

ཕྱིས་གནོན་བྱེད་པའི་ལྟུང་བྱེད། 1

རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད། 1

སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད།

གཙུག་ལག་ཁང་གི་ལྟུང་བྱེད། 1/2


བཅུ་ཚན་གསུམ་པ། 9

མ་བསྐོས་པར་སྟོན་པའི་ལྟུང་བྱེད། 1

ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད། 1

ཟས་ཅུང་གིས་སྐུར་བ་འདེབས་པའི་ལྟུང་བྱེད། 1

གོས་བྱེད་པའི་ལྟུང་བྱེད། 1

གོས་སྦྱིན་པའི་ལྟུང་བྱེད། 1

ལམ་དུ་འཇུག་པའི་ལྟུང་བྱེད། 1

གྲུར་འཇུག་པའི་ལྟུང་བྱེད། 1

དབེན་པར་འདུག་པའི་ལྟུང་བྱེད།

དབེན་པར་འགྲེང་བའི་ལྟུང་བྱེད། 1

དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད། 1


བཅུ་ཚན་བཞི་པ། 2

ཡང་ཡང་ཟ་བའི་ལྟུང་བྱེད། 

འདུག་གནས་སུ་ཟ་བའི་ལྟུང་བྱེད།

ལྷུང་བཟེད་དོ་གསུམ་ལས་ལྷག་ལེན་པའི་ལྟུང་བྱེད།

སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད། 

སྤངས་པ་ལ་སྟོབས་པའི་ལྟུང་བྱེད། 1

འདུས་ཤིང་ཟ་བའི་ལྟུང་བྱེད། 1

དུས་མིན་པར་ཟ་བའི་ལྟུང་བྱེད། 

གསོག་འཇོག་ཟ་བའི་ལྟུང་བྱེད། 

བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད།

བསོད་པ་སློང་བའི་ལྟུང་བྱེད། 


བཅུ་ཚན་ལྔ་པ། 3

སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད།

ཉལ་གཤོམ་ཁྱིམ་ན་འདུག་པའི་ལྟུང་བྱེད། 

ཉལ་གཤོམ་ཁྱིམ་ན་འགྲེང་བའི་ལྟུང་བྱེད།

གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད། 

དམག་ལ་བལྟ་བའི་ལྟུང་བྱེད། 

དམག་གི་ནང་ན་གནས་པའི་ལྟུང་བྱེད།

དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད། 

བརྡེག་པའི་ལྟུང་བྱེད། 1

གཟས་པའི་ལྟུང་བྱེད། 1

གནས་ངན་ལེན་འཆབ་པའི་ལྟུང་བྱེད། 1


བཅུ་ཚན་དྲུག་པ། 5

ཟན་གཅོད་དུ་བཅུག་པའི་ལྟུང་བྱེད། 1

མེ་ལ་རེག་པའི་ལྟུང་བྱེད།

འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད། 1

མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད།

སྡིག་ལྟ་མི་གཏོང་བའི་ལྟུང་བྱེད། 1

སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད། 1

བསྙིལ་བ་སྡུད་པའི་ལྟུང་བྱེད། 1

ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད། 

ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད།

ཁྲུས་བྱེད་པའི་ལྟུང་བྱེད།


བཅུ་ཚན་བདུན་པ། 6

དུད་འགྲོ་གསོད་པའི་ལྟུང་བྱེད།

འགྱོད་པ་བསྐྱེད་པའི་ལྟུང་བྱེད། 1

ག་ག་ཚིལ་བྱེད་པའི་ལྟུང་བྱེད། 1

ཆུ་ལ་རྩེ་བའི་ལྟུང་བྱེད།

བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད། 

དངངས་པར་བྱེད་པའི་ལྟུང་བྱེད། 1

སྦེད་པའི་ལྟུང་བྱེད། 1

གདེང་མེད་སྤྱོད་པའི་ལྟུང་བྱེད། 1

ལྷག་མས་སྐུར་བ་འདེབས་པའི་ལྟུང་བྱེད། 1

བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད།


བཅུ་ཚན་བརྒྱད་པ། 6

རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད། 

མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད། 1

ས་བརྐོ་བའི་ལྟུང་བྱེད། 

མགྲོན་གཉེར་རིང་འདུག་གི་ལྟུང་བྱེད།

བསླབ་པ་ཉེར་འཇོག་སྤང་བའི་ལྟུང་བྱེད། 1

ཉན་རྣ་ལས་གྱུར་པའི་ལྟུང་བྱེད། 1

མི་སྨྲ་བར་འགྲོ་བའི་ལྟུང་བྱེད། 1

མ་གུས་པའི་ཚུལ་གྱི་ལྟུང་བྱེད། 1

མྱོས་པར་འགྱུར་བ་འཐུངས་པའི་ལྟུང་བྱེད། 

དུས་མིན་པར་འགྲོ་བའི་ལྟུང་བྱེད། 1


བཅུ་ཚན་དགུ་པ། 4

གྲོང་རྒྱུ་བའི་ལྟུང་བྱེད། 1/2

རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད།

བསླབ་པ་ཁྱད་དུ་གསོད་པའི་ལྟུང་བྱེད། 1

ཁབ་རལ་འཆོས་པའི་ལྟུང་བྱེད། 

ཁྲི་རྐང་འཆོས་པའི་ལྟུང་བྱེད། 1

ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད། 1

གདིང་བ་ལས་གྱུར་པའི་ལྟུང་བྱེད། 

གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད། 

དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད། 

བདེ་གཤེགས་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད།


སོར་བཤགས་ཀྱི་སྡེ། 4

དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས། 1

གྲལ་རིམ་སུ་ཕེབས་པ་མ་བཟློག་པའི་སོར་བཤགས། 1

བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས། 1

ནགས་བརྟག་པ་ལས་གྱུར་པའི་སོར་བཤགས། 1


ཉེས་བྱས་ཀྱི་སྡེ།