ༀསྭསྟི། འདིར་ྋསྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་ྋརྗེ་བཙུན་ངག་དབང་རྣམ་དག་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཛད་རྣམ་སྙིང་བསྡུས་ཤིག་དང་། དགོངས་རྫོགས་སྒྲུབ་ཚུལ། གདུང་རྟེན་ཆེན་མོ་ཇི་ལྟར་བཞེངས་ཚུལ་བཅས་མདོར་བསྡུས་སུ་འགོད་པ་ལ།
མཛད་རྣམ་སྙིང་བསྡུས།
༧སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་༧རྗེ་བཙུན་ངག་དབང་རྣམ་དག་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་རྟ། ཕྱི་ལོ་ ༡༩༣༠ བོད་ལྷོ་ཁ་གྲ་ནངཞེས་པའི་སར། བལ་པོའི་མི་རིགས་ཡིན་པའི་ཡབ་ཚེ་བརྟན་དབང་རྒྱལ་དང་། ཡུམ་བདེ་སྐྱིད་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གྲོད་འཐུམས་སུ་སྐུ་བལྟམས། ཐོག་མའི་མཚན་ཡོན་ཏན་ནོར་བུ་ཞེས་གསོལ། ཁྱབ་བདག་བཀའ་འགྱུར་རིན་པོ་ཆེ་མཆོག་ནས། ཁྱེའུ་དེ་ཉིད་ཡབ་ཡུམ་གཉིས་ཀྱིས་རིང་ནས་བསྙེན་བཀུར་ཞབས་ཏོག་ཞུས་པའི་དཔལ་རྟ་མགྲིན་གྱི་རྣལ་འབྱོར་པ་ཆེན་པོ་དེའི་སྐུ་སྐྱེ་ཕྱི་མ་ཡིན་པའི་ལུང་བསྟན་དབུགས་དབྱུང་སྩལ།
དགུང་ལོ་བདུན་པར་ཡོན་ཏན་གྱི་གཞི་མ་ཀ་ཁ་ནས་བཟུང་ཡི་གེ་འབྲི་ཀློག་སྦྱོང་བའི་དབུ་བརྩམས།
དགུང་ལོ་དགུ་པའི་ཐོག་ལྷོ་པ་མཁན་རིན་པོ་ཆེར་གསར་མཇལ་དང་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་དང་ཁྱབ་ཁོངས་གུ་གེ་ཁང་ཚན་བཅས་པར་སྒྲིག་ཞུགས་གནང་།
དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་༧སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་༧རྗེ་བཙུན་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོའི་དྲུང་ནས་བར་མ་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས་ཏེ་མཚན་ངག་དབང་རྣམ་དག་ཞེས་སྩལ། ཡོངས་ཀྱི་དགེ་བའི་བཤེས་རྒན་པདྨ་རྒྱལ་མཚན་རིན་པོ་ཆེ་མཆོག་དང་། མི་ཉག་རྒན་བློ་བཟང་ཚེ་དབང་རིན་པོ་ཆེ་རྣམ་པ་གཉིས་དཔེ་ཁྲིད་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་ནས་བཟུང་གཞུང་ཆེན་ཁག་ལ་གསན་བསམ་གནང་།
དགུང་ལོ་བཅུ་བདུན་སྟེང་བཀའ་འགྱུར་རིན་པོ་ཆེའི་བཀའ་འབྲེལ་ ༧སྐྱབས་རྗེ་གདན་མ་རྭ་སྒྲེང་རིན་པོ་ཆེ་འཇམ་དབྱངས་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་དཔལ་རྟ་མགྲིན་ཡང་གསང་གི་དབང་དང་ལས་ཚོགས་ཞལ་ཤེས་མན་ངག་མཐོང་བརྒྱུད་ཕྱག་བཞེས་དང་བཅས་པ་དཔྱིས་ཕྱིན་ཞུས་ཤིང་ཡི་དམ་དེ་ཉིད་ཀྱི་མཚན་མའི་བསྙེན་པ་མཐར་ཕྱིན་མཛད་པས་ཡི་དམ་དེ་ཉིད་ལ་བརྟེན་པའི་ལས་བཞིའི་ནུས་པ་ཀུན་མངོན་དུ་གྱུར་ཏེ་ཉམ་ཐག་འགྲོ་བ་དུ་མའི་མགོན་སྐྱབས་དཔུང་གཉེན་དམ་པར་གྱུར།
རྒྱལ་ཡུམ་ཆེན་མོ་བསོད་ནམས་མཚོ་མོ་མཆོག་སྐབས་ཤིག་ཀླུ་གདོན་གྱིས་བསྙུན་གནར་ཆེ་བ་རིན་པོ་ཆེ་དམ་པ་འདིས་གྲོལ་བར་མཛད་པས། ཡབ་གཞིས་ནས་སྦྱིན་བདག་ཞུས་ཏེ་གྲྭ་ཚང་ཆོས་མཛད་ཀྱི་གོ་སར་ཕེབས།
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས་བསྟན་སྲིད་མི་རིགས་དང་བཅས་པ་འཇོམས་པར་རྩོམ་སྐབས། རིན་པོ་ཆེ་མཆོག་ཀྱང་རྒྱ་ཡི་བཙོན་འོག་ཏུ་བཞུགས་དགོས་བྱུང་ཞིང་། སྐུ་སྲོག་ལ་བདོ་བའི་སྦྱོར་བ་ལན་མང་བརྩམས་ཀྱང་གླགས་མ་རྙེད་པར་མཐར་ལོ་གཉིས་རྗེས་བཙོན་ལས་གྲོལ།
ཕྱི་ལོ་ ༡༩༦༢ ལོར་དགུང་ལོ་སུམ་ཅུ་སོ་གསུམ་ཐོག་སྣ་ཐོད་ལ་བརྒྱུད་རྒྱ་གར་བཀའ་བློན་སྦུག་ཏུ་ཕེབས་ཏེ་བཀའ་འགྱུར་རིན་པོ་ཆེ་དང་སླར་ཡང་ཞལ་འཛོམས་བྱུང་། ལོ་དེར་རྡ་ས་བཞུགས་སྒར་དུ་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་མཁན་པོ་མཛད་ནས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ལེགས་པར་མནོས་ཏེ་སོ་སོར་ཐར་པའི་སྡོམ་པས་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད། དེ་་སྐབས་ཡོངས་འཛིན་གླིང་སྤྲུལ་ར྄ོ་རྗེ་འཆང་ཆེན་པོའི་དྲུང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་ཟབ་ཁྲིད་སོགས་བཀའ་ཆོས་མང་པོ་དང་། ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་རིམ་གཉིས་ཀྱི་ཟབ་ཁྲིད་སོགས་ཆོས་བཀའ་མང་དུ་གསན།
ཕྱི་ལོ་ ༡༩༦༣ ལོར་བལ་ཡུལ་དུ་ཕེབས་ཏེ་དུས་ཡུན་རིང་པོར་བསྙེན་མཚམས་ལ་བཞུགས་ཤིང་། དེའི་གསེང་དབར་ནས་ཉམ་ཐག་སྐྱེ་བོ་མང་པོའི་རེ་འབྲས་དོན་སྨིན་མཛད་བཞིན་ཐུགས་དམ་འཕེལ་བར་བཞུགས། སྐབས་ཤིག་རིང་བལ་ཡུལ་ཁུལ་དུ་བོད་གཞུང་ཆོས་དོན་གྱི་ཕྱག་ལས་ཐུགས་འགན་བཞེས་སྐབས་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལ་ཉམས་གསོ་གཞི་རྒྱ་ཧ་ཅང་ཆེ་བ་ཞིག་ཞུས་པ་དེ་ཡིས་གཙོ་འགན་བཞེས་ཏེ་བོད་འབངས་སྤྱིའི་བསོད་ནམས་བླ་ནས་བླར་སྤེལ་བའི་མཛད་འཕྲིན་བསྐྱངས།
ཕྱི་ལོ་ ༡༩༧༥ ལོར་བསྟན་པ་རྒྱས་མིན་དགེ་འདུན་གྱི་སྡེ་ལ་རག་ལུས་པར་གཟིགས་ནས་ཕྱག་མཛོད་ཐུབ་བསྟན་རྣམ་རྒྱལ་ལགས་ནས་དབུ་འོག་དཔུང་འདེགས་ཞུས་ཏེ། དད་ཅན་སྦྱིན་བདག་མང་པོའི་མཐུན་སྦྱོར་བཅས་ཀྱིས་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་དང་འདབས་ཆགས་པར་འཇམ་དཔལ་རི་བོའི་རྩེར་རྒྱལ་བའི་ལུང་གིས་ཟིན་པའི་འོད་ཅན་ཐུགས་རྗེ་ཆོས་གླིང་ཞེས་པའི་དགེ་འདུན་གྱི་སྡེ་གསར་དུ་ཕྱག་བཏབ། འབྲས་སྤུངས་བློ་གསལ་གླིང་ནས་དགེ་བའི་བཤེས་གཉེན་མང་པོ་དང་འདི་ནས་གསར་ཞུགས་བཅས་དགེ་འདུན་ཞལ་གྲངས་བཞི་བཅུ་ཙམ་གྱིས་གཞི་གསུམ་ཉམས་བཞེས་དང་། རྒྱུན་གྱི་ཆོས་སྤྱོད་ཀྱི་མཛད་བཟང་། ལྷག་པར་ལོ་ལྟར་ས་ཟླའི་དུས་ཆེན་སྐབས་༧སྐྱབས་རྗེ་དམ་པ་ཉིད་ཀྱིས་དབུ་མཛད་ནས་བལ་ཡུལ་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཐུན་མོང་དུ་ཐུགས་རྗེ་ཆེན་པོའི་སྨྱུང་གནས་ཀྱི་ཆོ་ག་དཀར་པོ་ཆ་བརྒྱད་དུ་སྐྱོང་བར་མཛད་པས་སྐྱེ་འགྲོ་དུ་མར་བྱམས་སྙིང་རྗེའི་ས་བོན་གྲུང་པོ་ཐེབས་པར་མཛད། དེ་ནས་བཟུང་ཕྱག་མཛོད་ཐུབ་བསྟན་རྣམ་རྒྱལ་ལགས་ནི་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཆེ་ཕྲ་མཐའ་དག་མཐར་ཕྱིན་པའི་འཕྲིན་ལས་ཀྱི་བྱེད་པ་པོར་གྱུར་ཅིང་ད་ལྟ་ཡང་དེ་ཡི་རྒྱུན་སྐྱོང་བཞིན་པ་འདི་ལགས།
དེ་བཞིན་ཡང་ལེ་ཤོད་དུ་རྗེ་བཙུན་སྒྲོལ་མའི་སྣང་བརྙན་རྡོའི་ངོས་སུ་རང་བྱོན་དུ་ཕེབས་པ་ཁྲིམས་མཐུན་བདག་གིར་བཞེས་ཏེ་སྒྲུབ་གནས་རྟེན་བརྟེན་པ་གསར་བཞེངས་བཀྲིན་བསྐྱངས་ཏེ་དགེ་འདུན་བཞི་གྲྭ་ལས་མི་ཉུང་བས་ཉིན་རེ་བཞིན་སྒྲོལ་མའི་ཆོ་ག་དང་འབྲེལ་བར་སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་རྒྱུན་འདོན་གྱི་སྲོལ་བཟང་བཙུགས།
ཕྱི་ལོ་ ༡༩༩༦ ལོར་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་དང་མཐུན་པར་འཇམ་དབྱངས་དྷཱིཿ ཅན་ནང་ཆོས་སློབ་གཉེར་ཁང་འདི་བཞིན་གསར་བཙུགས་གནང་སྟེ་འདབ་གཤོག་གཉིས་ལྡན་གྱི་ན་གཞོན་ཤེས་ཅན་བརྒྱ་ཕྲག་བརྒལ་བ་བསྐྱེད་བསྲིངས་བྱས་དང་བྱེད་བཞིན་པ་འདི་ལགས།
ཕྱི་ལོ་ ༢༠༠༢ ལོར་ཀ་ཐ་མན་ཌུའི་གྲོང་ཁྱེར་གྱི་དབུས་འཕགས་པ་ཤཱ་རིའི་བུའི་རིང་བསྲེལ་སྙིང་པོར་བཞུགས་པའི་མཆོད་རྟེན་ཆེན་པོ་ཀ་ཊ་ཤིང་ཀུན་དང་འདབས་ཆགས་པར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་༧སྐྱབས་རྗེ་དམ་པས་མཉམ་གཞག་ཏུ་གཟིགས་པའི་སྣང་བ་དང་མཐུན་པར་སྐྱེ་དགུའི་བསོད་ནམས་ཞིང་ས་དམ་པར་གསར་བཞེངས་བཀའ་དྲིན་བསྐྱངས།
༧སྐྱབས་རྗེ་དམ་པ་འདི་པ་དང་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་དབར་འབྲེལ་ལམ་ཁྱད་པར་བ་ཡོད་པ་གྲགས་ཤིང་གྲུབ་པར་བརྟེན། གཞུང་གནས་ནས་དགོངས་སྐོར་ཇི་ཞུས་ལ་ཆོས་སྐྱོང་ཆེན་པོའི་ཕྱིར་ཕེབས་བཀའ་ལུང་བརྒྱུད་སྩལ་གནང་བ་སོགས་བོད་བསྟན་སྲིད་མི་རིགས་དང་བཅས་པ་ལ་སྨན་པའི་མཛད་བཟང་ཇི་ལྟར་བསྐྱངས་པ་རྣམས་གཞུང་ཞབས་རྒན་གྲས་རྣམ་པ་དྲན་ལམ་གསལ་གཤིས་འདིར་སྨོས་པའི་ངལ་བ་བསྟེན་རྒྱུ་མིན།
གྲུབ་དབང་དམ་པ་ཉིད་དཔལ་རྟ་མཆོག་རོལ་པའི་རྣལ་འབྱོར་པ་ཆེན་པོར་སོང་གཤིས་ལོ་རབས་དགུ་བཅུ་པའི་སྨད་དུ་༧གོང་ས་སྐྱབས་མགོན་ཆེན་པོ་བཀའ་འབྲེལ་༧རྒྱལ་བའི་ཕོ་བྲང་དུ་རིན་པོ་ཆེ་མཆོག་གྲུབ་དཔོན་མཛད་དེ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་ལྷན་ཅིག་པར་དམ་སྲི་དོལ་རྒྱལ་གྱིས་ཐོག་དྲངས་བསྟན་སྲིད་ལ་གནོད་ཅིང་འཚེ་བའི་མི་དང་མི་མིན་གྱི་ཞིང་བཅུ་ཚང་བའི་དགྲ་བགེགས་གདུག་པ་ཅན་ཚར་བཅད་པའི་གྲུབ་པ་རྟགས་ཐོན་པ་ཞག་གྲངས་དུ་མའི་བར་བསྐྱངས།
དགོན་འདི་ནས་གྲྭ་ས་ཁག་ཏུ་སློབ་གཉེར་ལ་ཕྱིན་ཏེ་བསླབ་པ་མཐར་སོན་ཏེ་བསྟན་པ་དང་འགྲོ་བའི་དོན་མཛད་ངེས་ཤེས་པའི་དགེ་བཤེས་དང་། སྔགས་རམས་པ། གཙུག་ལག་སློབ་ཐོན་པ་གང་མང་བྱུང་ཞིང་། ད་ལྟ་ཡང་མ་འོངས་བསྟན་པའི་སོན་རྩ་གྲྭ་ས་ཁག་གཙོས་སློབ་གཉེར་ཁང་དེ་དང་དེར་སློབ་གཉེར་ལ་བཙོན་བཞིན་ཡོད་པ་འདི་མཐའ་དག་༧སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ལགས།
དེ་མཚུངས་དད་ལྡན་སྐྱེ་བོ་དུ་མས་གསོལ་འདེབས་རེ་འདུན་ལྟར་མ་ལེ་ཤི་ཡ་དང་། ཐ་ཡེ་ཝན། ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་ཞབས་སོར་བཀོད་དེ་དམ་པའི་ཆོས་ཀྱི་སྣང་བ་ཆེན་པོས་སྨིན་གྲོལ་གྱི་ལམ་བཟང་རྒྱུད་ལ་སྐྱེ་བའི་མཛད་པ་རྒྱ་ཆེར་བསྐྱངས།
མདོར་ན་༧སྐྱབས་རྗེ་རིན་པོ་ཆེ་དམ་པ་དེ་ཉིད་སྐུ་ཚེ་ཧྲིལ་པོར་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་ཐུགས་ལ་བརྣགས་ཏེ་ཐོག་མཐའ་བར་གསུམ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་གི་བཀའ་སློབ་ཇི་གནང་གི་རྗེས་སུ་ཤར་བསྐྱོད་ཐོག སྐྱེ་བོ་དབུལ་ཕྱུག་དང་གོ་བབ་དང་མིང་གྲགས་ཡོད་མེད་སོགས་གང་ལ་ཡང་ལྟོས་པ་མེད་པར་གང་ལ་དེ་འཚམས་ཀྱི་བཀའ་སློབ་ལམ་སྟོན་དང་ལུང་བསྟན་དབུགས་དབྱུང་སྩལ་བ་བཅས་སྐུ་ཚེ་མཐར་ཕྱིན་པར་མཛད།
དེ་ལྟར་སྐུ་ཚེ་འདིའི་དབང་དུ་བྱས་པའི་མཛད་པ་མཐའ་དག་མཐར་ཕྱིན་པ་ན། ཀ་ཊ་ཤིང་ཀུན་དགོན་པའི་ཡང་ཐོག་གཟིམ་ཆུང་དུ། དགུང་ལོ་བརྒྱད་ཅུ་གྱ་གསུམ་དུ་ཕེབས་པ། བོད་རྒྱལ་ལོ་ ༢༠༣༩ རབ་གནས་ཆུ་འབྲུག་ལོའི་ཟླ་བ་ ༡ ཚེས་ ༡༦ དང་། ཕྱི་ལོ་ ༢༠༡༢ ཟླ་བ་ ༣ ཚེས་ ༩ དགོང་དྲོའི་ཆུ་ཚོད་༧:༠༠ ཐོག་ཐུགས་དམ་འོད་གསལ་གྱི་ངང་དུ་སྙོམས་པར་ཞུགས་ཤིང་། དེ་སྐབས་གཟིམ་ཆུང་ཐོག་ཁར་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ་སོགས་ཡ་མཚན་གྱི་ལྟས་བཟང་མང་པོ་དེར་འཁོད་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་། དེ་ནས་ཞག་གྲངས་བཅུ་བདུན་འདས་པ་ན་འོད་གསལ་གྱི་དབྱིངས་ལས་བཞེངས་ཏེ་རེ་ཞིག་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ།།
དགོངས་རྫོགས་སྒྲུབ་ཚུལ།
དེ་ནས་སྐུ་གདུང་རིན་པོ་ཆེ་འཕགས་ཤིང་མཆོད་རྟེན་ཆེན་མོར་གཡས་བསྐོར་གྱིས་འོད་ཅན་དགོན་པར་གདན་ཞུ། དེ་ནས་ཡང་ལེ་ཤོད་སློབ་གྲྭར་གདན་ཞུས་དང་སྐུ་གདུང་ཞུགས་འབུལ་སྐབས་རིང་བསྲེལ་མང་དུ་ཕེབས་ཤིང་། དུས་མ་ཡིན་པར་མེ་ཏོག་མང་པོ་ཁ་ཕྱེ་བ་སོགས་ངོ་མཚར་བའི་ལྟས་བཟང་མང་དུ་བྱུང་། དགོངས་པ་རྫོགས་མ་ཐག་༧གོང་ས་སྐྱབས་མགོན་ཆེན་པོར་སྙན་སེང་སྐྱབས་འཇུག་ཇི་ཞུས་ལྟར། བཀའ་ལན་དུ་ཡང་སྲིད་མྱུར་བྱོན་གསོལ་འདེབས་ཆེད་སྩལ་དང་། འཇམ་དཔལ་མཚན་བརྗོད་འབུམ་ཐེར། རྒྱལ་བའི་བཀའ་འགྱུར་དག་སྒྲོགས། སྟོང་མཆོད་ཚར་མང་པོ། བླ་མཆོད་དང་འབྲེལ་བའི་ཚོགས་མཆོད་འབུམ་ཐེར་སོགས་ཞབས་རིམ་ཕེབས་རིགས་ཆེ་ཕྲ་མཐའ་དག་པ་ཚེམ་ལུས་མེད་པར་བསྒྲུབས་ཤིང་། ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དང་། བསྟན་པའི་ཁུར་འཛིན་པའི་སྐྱེས་བུ་དམ་པ་རྣམས་ལ་ཡང་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་སྐྱབས་འཇུག་ཞུས། དེ་བཞིན་གདན་ས་ཆེན་པོ་རྣམ་པ་གསུམ་དང་རྒྱུད་གྲྭ་རྣམ་གཉིས་བཅས་པར་མང་འགྱེད་ཀྱི་བསྙེན་བཀུར་དང་། བལ་ཡུལ་སྨོན་ལམ་ཆེན་མོར་མང་འགྱེད་ཀྱི་བསྙེན་བཀུར་དང་། རིས་སུ་མ་མཆིས་པའི་བལ་ཡུལ་དགོན་སྡེ་ཁག་ཀུན་དང་རྒྱ་གར་ནང་གི་དགོན་སྡེ་ཁག་དུ་མར་མང་འགྱེད་དང་བསྙེན་བཀུར་མཆོད་དོད་ཅི་རིགས། ཆོས་སྡེ་ཁག་དང་ཚོགསི་པ་ཁག་ལ་ཐེབས་རྩ་འཇོག་པ། བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་དབུ་དཀར་དང་ཤམ་བུ་བླ་བྲེ་གསར་྄སྒྲོན། གཞན་ཡང་ཉམ་ཐག་དབུལ་ཕོངས་ལ་སྦྱིན་གཏོང་། སྲོག་ཆགས་སྟོང་ཕྲག་མང་པོའི་སྲོག་བླུ་སོགས་ཐུགས་དགོངས་རྫོགས་ཐབས་ལྷག་ལུས་མེད་པ་ཞུས།
གདུང་རྟེན་བཞེངས་ཚུལ།
དེ་ནས་རིང་པོ་མ་ལོན་པར་གདུང་རྟེན་རིན་པོ་ཆེ་བཞེངས་རྒྱུར་ས་བརྟག་བསླང་སྦྱངས་ནས་བཟུང་གོང་མའི་བཀའ་སྲོལ་དང་མཐོང་བརྒྱུད་ཕྱག་བཞེས་རྣམས་ཉམས་སུ་བསྟར་ཏེ། མ་ཎི་དུང་འཁོར་གྱི་གཟུངས་གཞུག་ལ། མ་ཎི་གྲངས་དུང་ཕྱུར་བཅོ་ལྔ་ལྷག་དང་། ༧གོང་ས་མཆོག་གི་མཚན་སྔགས་ས་ཡ་ལྔ། དེ་བཞིན་འཇམ་དཔལ་མཚན་བརྗོད་དང་གདུགས་དཀར་སོགས་འགྲོ་གང་ཆེ་ཕུལ་ཞིང་། རྟེན་གཙོར་༧སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་སྐུ་བརྙན་ཞལ་འད྄་ལོན་པ་ཞིག །རིགས་གསུམ་མགོན་པོ་བཞེངས་སྟབས་ཅན་མི་ཚད་མ། སྟེང་གི་ཆར་མཉམ་མེད་ཐུབ་པའི་དབང་པོ་ལ་འཕགས་ཡུལ་པཎ་གྲུབ་བཅུ་བདུན་གྱིས་བསྐོར་བ། དེ་བཞིན་ཡི་དམ་གསང་བདེ་འཇིགས་གསུམ། ལྟུང་བཤགས་སངས་རྒྱས་སོ་ལྔ། སྨན་བླ་བདེ་གཤེགས་བརྒྱད། འཕགས་པ་གནས་བརྟན་བཅུ་དྲུག་སོགས་བཞུགས་སུ་གསོལ། གདུང་རྟེན་གྱི་བུམ་པའི་ནང་། སྲོག་ཤིང་གི་མཐའ་སྐོར་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་གྲངས་ལྔ། ཡུམ་རྒྱས་འབྲིང་བསྡུས་གསུམ་ཚར་གྲངས་བཅུ། བསྟན་འགྱུར་ཚར་གྲངས་གཉིས། རྗེ་ཙོང་ཁ་པ་ཡབ་སྲས་སོགས་བླ་མ་མང་པོའི་གསུང་འབུམ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་དཔར་འབུམ་བརྒྱ། ༧སྐྱབས་རྗེ་རིན་པོ་ཆེའི་གདུང་ཐལ་ལས་བཞེངས་་པའི་སཙྪ་སྟོང་ཕྲག་བདུན་ཅུ། ད་དུང་གཟུངས་ཆེ་ཕྲ་ཧ་ཅང་མང་ཡང་འདིར་བརྗོད་མི་དགོས་པ་ཞུ་གི་ཡིན། གདུང་རྟེན་གྱི་ཆོས་འཁོར་བཅུ་གསུམ་བཞེངས་ཉེའི་སྐབས་ཉིན་དགུང་ཞིག་མཆོད་རྟེན་གྱི་སྟེང་གི་ནམ་མཁར་འཇའ་འོད་ཀྱི་གུར་ཁྱིམ་ཡུན་རིང་ཕུབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་སོགས་མཚན་མ་བཟང་པོའང་མི་ཉུང་བ་ཞིག་བྱུང་།
དེ་ལྟར་༧སྐྱབས་རྗེ་དམ་པའི་སྐུ་གདུང་རིང་བསྲེལ་སྙིང་པོར་བཞུགས་པའི་མཐོང་གྲོལ་མཆོད་རྟེན་ཆེན་པོ་འདིའི་ཕྱི་ནང་བཀོད་པ་མཐའ་དག་ད་ཆ་ལེགས་གྲུབ་ཟིན་པ་ན། འཇམ་མགོན་རྒྱལ་བའི་གདུང་འཚོབ་ྋཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་ྋརྗེ་བཙུན་ཐུབ་བསྟན་ཉི་མ་དཔལ་བཟང་པོ་དབུ་བཞུགས་ཐོག་སྨད་རྒྱུད་པའི་བྱང་འདྲེན་ཆེན་མོས་གཙོས་རྒྱུད་གྲྭ་མང་པོས་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་ལྷག་གནས་ཀྱི་སྟོན་མོ་ཉིན་གསུམ་གྱི་བར་དུ་བསྐྱངས་སོ༎
དེ་ཡང་བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་བྱིན་རླབས་དང་། ཆོས་སྐྱོང་སྲུང་མའི་འཕྲིན་ལས། སྦྱིན་བདག་དད་ཅན་རྣམས་ཀྱི་མཐུན་རྐྱེན་སྦྱར་བ་དང་། ལས་བྱེད་པ་པོ་རྣམས་ཀྱིས་དཀའ་སྤྱད་ལ་བརྟེན་ནས་བསྒྲུབས་པ་ཡིན་སྟབས། དགེ་བ་འདིས་མཚོན་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། འཇིག་རྟེན་ཞི་བདེའི་དདེ་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྱུབ་པ་དང་། བོད་རང་དབང་གི་བདེན་མཐའ་མྱུར་གསལ་བ། ༧སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་༧རྗེ་བཙུན་ངག་དབང་རྣམ་དག་དཔལ་བཟང་པོ་མཆོག་གི་ཡང་སྲིད་མཆོག་སྤྲུལ་བསྟན་འཛིན་ཡེ་ཤེས་རིན་པོ་ཆེ་མཆོག་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་གསན་བསམ་སྒོམ་པ་མཐར་སོན་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཐུབ་པའི་བསྔོ་བ་ལགས་སོ༎
འདི་ནི་བཙུན་པ་དབྱངས་ཅན་འབངས་ཀྱིས་ཕྱི་ལོ་ ༢༠༡༣ གདུང་རྟེན་མཛད་སྒོར་དངོས་བཅར་སྐབས་འོད་ཅན་ཐུགས་རྗེ་ཆོས་གླིང་དགོན་པའི་་གཞུང་འབྲེལ་གསུང་བཤད་སླད་ཆེད་ཟིན་བྲིས་སུ་བཏབ་པ་ལ། སླར་ཡང་ཕྱི་ལོ་ ༢༠༢༠ ཟླ་བ་ ༩ ཚེས་ ༢༡ ཉིན་སྣོན་འཕྲི་དང་བཅས་ཐའེ་ཝན་མཚོ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
No comments:
Post a Comment