Sunday, September 20, 2020

གྲྭ་ཇའི་ཚོགས་གཏམ།

 དེ་ཡང་ཇི་སྐད་དུ།

བཀྲ་ཤིས་གཡང་ཆགས་གཟའ་སྐར་འཕྲོད་སྦྱོར་དགེ།

ཕྱོགས་བཅུའི་སངས་རྒྱས་མདུན་གྱི་ནམ་མཁར་བྱོན།།

ལྷ་རྣམས་ཆར་འབེབས་དྲང་སྲོང་ཤིས་པ་བརྗོད།།

ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ལོ།།

ཞེས་གསུངས་པ་ལྟར། བཀྲ་ཤིས་པ་དང་གཡང་དུ་ཆགས་པའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མོར། ཕྱོགས་བཅུའི་སངས་རྒྱས་རྣམས་མདུན་གྱི་ནམ་མཁར་བྱོན་པ་དང་།  དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་ཆར་འབེབས་ཤིང་། དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཤིས་པ་བརྗོད་དེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བར་མཛད་པའི་སྐྱབས་གནས་ཁྲིམས་ལྡན་མཁས་མང་སྡོམ་བརྩོན་འདུས་པ་རྒྱ་མཚོའི་སྙན་གྱི་དབང་པོའི་བུ་གར་གསོལ་རྒྱུར། 

         འོ༑ དམ་པའི་ཆོས་འདུལ་བའི་བཅས་མཚམས་གཞི་ལ་བཞག་སྟེ་དགེ་འདུན་གྱི་ནང་ཁྲིམས་ལས་བརྩམས་པའི་ཚོགས་གཏམ་འབུལ་བ་སྐབས་སུ་བབས་ཡིན་ལ། གྲྭ་ཚང་རིན་པོ་ཆེ་འདིའི་ཁྲིམས་སུ་བྱ་བའི་རིམ་པ་ནི་ས་ཆེན་པོ་ལས་རྒྱ་ཆེ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པ། ཡུངས་ཀར་ལས་འབྲུ་ཞིབ་པ། རྟ་རྔ་ལས་ཉག་ཕྲ་བ་ལགས་ན། བདག་ལྟ་བུ་ཆོས་སྲིད་གཉིས་ཆར་ནས་མཐོང་རྒྱ་དང་ཐོས་རྒྱ་ཤིན་ཏུ་ཆུང་བས་མཐའ་དག་པ་ཞུ་བར་ག་ལ་ནུས། འོན་ཀྱང་ྋསྐྱབས་རྗེ་མཁན་རིན་པོ་ཆེ་དབུ་ལ་བཞུགས་གྲྭ་མང་ནས་གུས་པར་གྲྭ་ཚང་རིན་པོ་ཆེའི་ཁྲིམས་བཅའ་ཡིག་གི་བདག་པོར་དབང་ལུང་བསྩལ་བའི་བཟློག་མེད་ཀྱི་འགན་འཁྲི་སྙིང་ལ་བཅངས་ཏེ། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ནམ་ཞག་རྒྱུན་དུ་ཉེ་བརམཁོ་བ་གལ་ཆེ་རིགས་འགའ་ཞིག་རང་བློས་དཔོག་ཚོད་ཀྱིས་མདོ་ཙམ་ཞུ་བ་ལ། 

         འོ༑ རབ་ཏུ་བྱུང་བའི་བྱ་བ་ནི། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གཉིས་སུ་བསྡུས་པ་ཡིན་པས་རང་གིབསླབ་པ་ལ་གཅེས་སྤྲས་དང་། གཞུང་ཆེན་མོའི་སློབ་གཉེར་ཚུལ་བཞིན་བྱེད་ཅིང་། དེ་ཡང་ཁ་ཕྱིར་བལྟས་སུ་མ་སོང་བར་རང་གི་རྒྱུད་དུལ་བའི་ཐབས་སུ་འགྲོ་དགོས་པ་ཡིན། དེའི་སླད་དུ་དགེ་འདུན་གྱི་ནང་ཁྲིམས་མཐའ་དག་མཛད་པ་ཡིན་པས་དགེ་འདུན་ཡོངས་ནས་ཚོགས་ཆོས་ར་ཚུལ་བཞིན་འགྲིམ་དགོས་པ་ཡིན། 

         ཚོགས་འཚོགས་སྟངས་ཀྱི་རིམ་པ་ནི། གྲྭ་ཇའི་འཁར་བརྡ་གཏང་བ་ན་གསར་བུ་བ་རྣམས་ཀྱིས་སྒོ་འཕྱོར་འོག་ཨ་ར་པ་ཙ་གསོག་བཞིན་སྒུག་དགོས་པ་དང་། དགེ་འདུན་བགྲེས་པ་རྣམས་སྔོན་ལ་འདུ་ཁང་ནང་ཕེབས་ཆོག་པ་ཡིན། དགེ་བསྐོས་ཀྱི་གཟན་བརྡ་བྱུང་བ་ན་གསར་བུ་བ་རྣམས་འདུ་ཁང་དུ་ཕེབས་དགོས་ཤིང་། མཁར་བརྡ་མཇུག་བསྡུས་པ་ན་དབུ་མཛད་ལགས་ནས་ཞལ་འདོན་དབུ་བསྐུལ་བ་དང་ཚོགས་ཞུགས་བསྡུ་ཐུབ་པ་ཞིག་དགོས་པ་ཡིན། 

         གྲལ་ལ་བཞུགས་པའི་རིམ་པ་ནི། བླ་སྤྲུལ་རྣམས་རྒན་རིམ་བཞིན་གྲལ་འགོའི་གཡས་གཡོན་དང་། གདོང་གྲལ་དུ་གསུང་བཟང་བ་རྣམས་དང་། གཡས་གཡོན་གྱི་གྲལ་སོ་སོའི་འགོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་དང་། དེ་འོག་འཛིན་གྲྭ་རྒན་རིམ་གྱིས་བཞུགས་པ་མ་གཏོགས། དཔུང་པ་སུ་སྦོམ་དང་ཧམ་པ་སུ་ཆེའི་རིགས་གྲྭ་ཚང་འདིར་གཏན་ནས་མི་ཆོག་པ་ཡིན། དེ་ཡང་གྲལ་དུ་བཞུགས་པའི་ཚེ་མདུན་རལ་གྲིས་བཅད་པ་ལྟ་བུ། རྒྱབ་ཨ་ལོང་བསྐོར་བ་ལྟ་བུ། མགོ་ལོ་ཡག་གི་སྙེ་མ་ལྟ་བུ་སྟེ། མདོར་ན་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ཐོག་ལག་ཟུང་གཟན་གྱིས་བཀབ་སྟེ་འདུག་པ་མ་གཏོགས།  རྐང་པ་བརྐྱངས་པ། རྐང་པ་དང་སྤུས་མོ་ཕྱིར་བཏོན་ཏེ་འདུག་པ། གཞོགས་སྙེས་བྱེད་མི་ཆོག་པ་སོགས། མདོར་ན་མདོ་སྡེ་དང་འདུལ་བ་ནས་གསུངས་པའི་འདུག་པའི་ཀུན་སྤྱོད་རྣམས་ཚུལ་བཞིན་ཉམས་སུ་བླང་དགོས་པ་ཡིན། 

         ཞལ་འདོན་གསུང་ཚུལ་ཡང་། གསུང་བཟང་བ་རྣམས་ཀྱིས་གཙོ་བོར་མཛད་དེ་ཚོགས་སུ་ཡོད་པའི་དགེ་འདུན་པ་ཡོངས་ནས་ཚིག་དོན་ཡིད་ལ་སྒོམ་བཞིན་ཞལ་འདོན་གང་ཤེས་གསུང་དགོས་པ་ལས། ཁ་གཡེང་མིག་གཡེང་བྱས་ཏེ་བག་མེད་དུ་སྡོད་མི་ཆོག་པ་ཡིན། དེ་ཡང་ཞལ་འདོན་དབུ་བསྐུལ་བའི་ཚེ་མཚོ་ཆེན་པོ་ལ་རྡོ་འཕངས་པ་ལྟ་བུ་དང་། མཇུག་བསྡུ་བའིཚེ་མེ་ལོང་ལ་ཧ་བཏབ་ལྟ་བུ། མགྲིན་གཅིག་དབྱངས་གཅིག་ཏུ་གསུང་དགོས་པ་ལས། ར་སྐད་ལུག་སྐད་རྒྱག་མི་ཆོག་པ་ཡིན།

         ཕྱག་བདེ་རྒྱུག་ཚུལ་ཡང་། ཕྱག་བདེ་ལ་ལངས་པའི་ཚེ་སེང་གེ་གནམ་ལ་མཆོང་བ་ལྟ་བུ་དང་། རྒྱུག་པའི་ཚེ་རྟ་རྒྱུག་པ་དང་མདའ་འཕེན་པ་ལྟ་བུ། དེ་ཡང་ཤིར་ཤིར་རྒྱུགས་པ་མ་གཏོགས་རྡག་སྒྲ་རྡིག་སྒྲ་དང་། ཤུ་སྒྲ་དང་ཀི་སྒྲས་མཚོན་སྐད་ཅོར་བརྒྱབ་མི་ཆོག གསོལ་ལྡིར་ལེན་པ་ན་ནོར་བུ་པང་དུ་ལེན་པ་ལྟ་བུ་དང་། གསོལ་ཇ་དང་ཞལ་ལག་ཞུ་ཚུལ་ཡང་། བློ་སྒྲིམ་སྟེ་དད་ཅིང་གུས་པའི་སྒོ་ནས་ཞུ་དགོས། དེ་ཡང་རྟ་ཕོ་ཤིག་ཕྲུག་ལྟ་བུ་མ་གཏོགས། མཛོ་མོ་མཉམ་གཤིབ་ལྟ་བུ་མི་ཆོག་ཅིང་། བཞེས་ཁུ་རྟ་རྔ་མ་དང་། གསོལ་ཇ་ནས་འབྲུ་མ་ཞུ་དགོས་པ་ལས། གསོལ་ཇ་དང་ཞལ་ལག་རྐེད་པ་མ་སྒུར་བར་ཞུ་བ་དང་། ལག་པ་གཡོན་པས་ཞུ་བ། གསོལ་ཇ་ལག་གཅིག་གིས་ཞུ་བ། བཟའ་བཅའི་རིགས་ལག་ཏུ་མ་གཏད་པར་གཡུགས་པ་དེའི་རིགས་གཏན་ནས་མི་ཆོག་པ་ཡིན། ཁྲི་གདན་ཟུར་དང་། ཆོས་རྗེ་རྣམ་པ། མཁན་ལས་ཟུར་རྣམས་མ་གཏོགས། ཚོགས་ཡོངས་ལ་གསོལ་ཇ་དང་ཞལ་ལག་མ་ཁེབས་གོང་རུང་ཁང་ནས་ཚ་གཟིགས་ཞུ་སྤྲོད་མི་ཆོག་པ་ཡིན། 

          བཟའ་བཏུང་ལ་སྤྱོད་ཚུལ་ཡང་། དབུ་མཛད་ལགས་ནས་བཟའ་བཏུང་གི་མཆོད་པའི་དབུ་བསྐུལ་བ་དང་བཟའ་བཏུང་ལག་གིས་བཏེགས་ཏེ་ཟས་ཕུད་ཀྱིས་དཀོན་མཆོག་མཆོད་ཅིང་། བཟའ་བཏུང་ལ་ལོངས་སྤྱོད་པ་ན་ཡང་། ཟས་ལ་སྦར་རྙོག་རྒྱག་པ་དང་། ཧུབ་ཅག་གིས་སྒྲ་དང་བཅས་བཟའ་བཏུང་བྱེད་པ། ཕོར་པ་དང་ལག་པ་ལྕེས་བལྡག་པ་དེ་རིགས་མི་ཆོག་པ་སོགས་མདོར་ན་ཟས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྦྱོར་དངོས་མཇུག་གསུམ་དུ་ཇི་ལྟར་སྤྱོད་ཚུལ་དམ་ཆོས་འདུལ་བ་དང་མཐུན་པ་ཞིག་དགོས་པ་ཡིན། 

         ཚོགས་གྲོལ་སྟངས་ཡང་། དགེ་བསྐོས་ཀྱིས་གཟན་བརྡ་བཏང་བ་ན་མཐའ་གྲལ་ནས་རིམ་བཞིན་བཞེངས་ཏེ། མཐར་གདོང་གྲལ་བ་རྣམས་བཞེངས་པ་མ་གཏོགས་ར་ལངས་ཆ་ལངས་བྱེད་མི་ཆོག་པ་ཡིན།

         ན་བཟའ་བཞེས་སྟངས་ཡང་། རུང་བ་དང་ཚད་ལྡན་འདུལ་བ་དང་མཐུན་པ་ཞིག་དགོས་པ་ལས། ཁ་ཚར་ཕུ་ཚར་སོགས་ཁྱིམ་པའི་གོས་དང་། དཀར་ནག་ཁྲ་བོ་སོགས་མི་ཆོག་པ་ཡིན། 

         མདོར་ན་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་རྣམས་ངེད་ཞུ་བ་པོས་ཞུ་མ་ཤེས་ཀྱང་ཁྱེད་གསན་པ་པོ་རྣམས་ཀྱིས་གསན་དགོངས་རྣམ་པར་དག་པའི་སྒོ་ནས་ཕྱི་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་། ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པར་འགྱུར་ངེས་པ་ཞིག་མཛད་པར་ཞུ་ཞིང་། 

         དེ་ལྟར་ཚོགས་གཏམ་རགས་བསྡུས་ཙམ་ཞིག་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་ཕན་བདེའི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་།  དེའི་ཡང་སྙིང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།  བསྟན་འཛིན་ཀུན་གྱི་གཙུག་རྒྱན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་སོགས་པ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། གྲྭ་ས་ཆེན་པོ་རྣམ་པ་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ལ་སོགས་པའི་རིས་མེད་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཆོས་སྤྱོད་འཕེལ་བ་དང་། ཡངས་པའི་རྒྱལ་ཁམས་སྤྱི་དང་། བོད་གངས་ཅན་གྱི་ལྗོངས་སུ་རང་དབང་བདེན་པའི་ཉི་མ་མྱུར་དུ་འཆར་བའི་ཐུགས་སྨོན་མཚམས་སྦྱོར་གྱི་རིམ་པ་རྒྱ་གང་ཆེ་ཅི་ནས་ཀྱང་བཀཨ་དྲིན་སྐྱོང་བར་ཞུ།

No comments:

Post a Comment