༄༅། །ལྷ་མོའི་འབྱུང་ཁུངས་ལོ་རྒྱུས་བཞུགས་སོ།། མཛད་པ་པོ། རྟ་ཚག་བསྟན་པའི་མགོན་པོ།
1B ༄༅། །དཔལ་ལྡན་ལྷ་མོ་དམག་ཟོར་མ་ནི། ལྷ་མོ་དབྱངས་ཅན་མ་བསྟན་པ་བསྲུང་ཞིང་བསྟན་དགྲ་སྒྲོལ་བའི་ཕྱིར་དུ་དྲག་མོར་སྤྲུལ་པ་ཡིན་ཅིང་། ལྷ་མོ་དབྱངས་ཅན་མ་ཡང་དོན་དུ་རྗེ་བཙུམ་སྒྲོལ་མའི་སྤྲུལ་པར་གསུངས། རྗེ་བཙུམ་སྒྲོལ་མ་ནི་སྔོན་ཐོག་མ་མེད་པའི་དུས་ཤིག་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་ཅེས་བྱ་བར་སངས་རྒྱས་རྔ་སྒྲ་ཞེས་བྱ་བ་བྱུང་སྟེ། དེའི་བསྟན་པ་ལ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད། དེས་སངས་རྒྱས་དེ་འཁོར་བཅས་ལ་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་མཆོད་པར་བྱས་ཏེ་མཐར་བྱང་ཆུབ་ཏུ་སེམས་བསྐྱེད། དེའི་ཚེ་དགེ་སློང་རྣམས་ཀྱིས། ཁྱེད་དགེ་བ་འདིས་ལུས་འདི་ཉིད་དུ་སྐྱེས་པའི་ལུས་སུ་གྱུར་ཏེ་བསྟན་པ་ལ་བྱ་བ་བྱེད་པར་སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་རོ།། ཞེས་སྨྲས་པར། སྐྱེས་པའི་ལུས་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི། བུད་མེད་ཀྱི་ལུས་རྟེན་གྱིས་འགྲོ་དོན་བྱེད་པ་མིན་འདུག་པས། ངས་འཁོར་བ་མ་སྟོང་གི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ།། ཞེས་དམ་བཅས། དེ་ནས་ལོ་བྱེ་བ་བརྒྱ་སྟོང་བར་དུ་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འདུག་ཅིང་ཏིང་འཛིན་བསྒོམས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ། ཏིང་འཛིན་དེའི་ནུས་པས་སྔ་དྲོའི་དུས་སུ་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་ཟ་བར་མི་བྱེད། ཉི་མ་ཕྱི་དྲོ་ཡང་དེ་དང་འདྲ་བར་འགོད་དོ།། དེ་ནས་བཟུང་སྟེ་སྔར་གྱི་མིང་འགྱུར་ནས་སྒྲོལ་མ་ཞེས་བྱ་བར་གྱུར། དེ་ནས་བསྐལ་པ་བི་ཤུདྡྷ་རྣམ་པར་རྒྱལ་བ་ལ་སངས་རྒྱས་དོན་ཡོད་གྲུབ་པའི་དྲུང་དུ། སེམས་ཅན་ཐམས་ཅད་ཀྱི་ཉེར་འཚེ་
2A བསལ་ཞིང་སྲུང་སྐྱོབ་མཛད་པར་དམ་བཅས། བདུད་རྣམས་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བསྐལ་པ་དགུ་བཅུ་རྩ་ལྔའི་བར་དུ་ཉིན་རེ་བཞིན་འགྲོ་བ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་རེ་བསམ་གཏན་ལ་ཡང་དག་པར་བཀོད། ནུབ་རེ་བཞིན་བདུད་བྱེ་བ་བརྒྱ་སྟོང་རེ་བཏུལ་བས། གདུང་མ། མྱུར་མ། དཔའ་མོ་ཞེས་མཚན་དུ་བཏགས། དེ་ནས་བསྐལ་པ་ཐོགས་པ་མེད་པ་ཞེས་བྱ་བ་ལ། དགེ་སློང་དྲི་མ་མེད་པའི་འོད་ཀྱི་སྣང་བ་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་དབང་བསྐུར་བས་དེ་འཕགས་པ་སྤྱན་རས་གཟིགས་སུ་གྱུར་པ་ལ། སླར་ཡང་སངས་རྒྱས་ཐམས་ཅད་ ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་འོད་ཟེར་ཆེན་པོའི་དབང་བསྐུར་བས། འོད་ཟེར་སྔ་ཕྱི་གཉིས་ཡབ་ཡུམ་གྱི་ཚུལ་དུ་གྱུར་ནས་འདྲེས་པ་ལས། ལྷ་མོ་སྒྲོལ་མར་གྱུར་ནས་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་བྱུང་བས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྐངས། སེམས་ཅན་ཐམས་ཅད་འཇིགས་པ་བཅུ་དྲུག་ལས་སྐྱོབ་པར་མཛད་པ་སོགས་བསྐལ་པ་མང་པོར་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ། སེམས་ཅན་ཚེ་ཐུང་བ་ལ་ཚེའི་དངོས་གྲུབ་གནང་ཕྱིར་སྒྲོལ་མ་དཀར་མོར་སྤྲུལ། དབང་ཆུང་བ་ལ་དབང་གི་དངོས་གྲུབ་སྩོལ་ཕྱིར་རིག་བྱེད་མར་སྤྲུལ། ཤེས་རབ་ཆུང་བ་རྣམས་བསྐྱེད་ཕྱིར་དབྱངས་ཅན་མར་སྤྲུལ་པ་སོགས་བསམ་གྱིས་མི་ཁྱབ། ཁྱད་པར་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་ཕྱིར་ཆོས་སྐྱོང་གི་རྣམ་པར་སྤྲུལ་བར་བཞེད་ནས། དེའི་ཕྱིར་དུ་ཐ་མལ་འཇིག་རྟེན་པའི་སྐྱེ་རྒྱུད་དང་མཐུན་པར་
2B སྟོན་པའི་ཕྱིར་མི་རྣམས་ཚེ་ལོ་བཞི་ཁྲིའི་དུས་སངས་རྒྱས་འཁོར་བ་འཇིག་བྱོན་དུས་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བར་གྱུར་ནས་དགེ་བ་བཅུ་ཤ་སྟག་སྤྱད། ཚེ་ལོ་སུམ་ཁྲིའི་དུས་སངས་རྒྱས་གསེར་ཐུབ་ཀྱི་དུས་སུ་ལྷ་མོ་དཔལ་བརྟན་མ་ཞེས་པར་སྐྱེས་ནས་ཞེ་སྡང་ཆེ་བའི་ཚུལ་དུ་བསྟན། ཚེ་ལོ་ཉི་ཁྲི་པར་སངས་རྒྱས་འོད་སྲུང་དུས་ལྷ་མོ་མན་ཛུ་ཞེས་པར་གྱུར་ནས། དེ་དུས་ཤཱཀྱ་ཐུབ་པ་དགེ་སློང་དབང་ཕྱུག་འོད་ཅེས་པར་གྱུར་པ་ལ་ལྷ་མོ་དེའི་མཆོད་གནས་བྱས་ཤིང་། མ་འོངས་ཚེ་ལོ་བརྒྱ་པ་ན་དགེ་སློང་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་དུས། ལྷ་མོ་དཔལ་ལྡན་ལྷ་མོར་གྱུར་ནས་བསྟན་པ་བསྲུང་བར་སྨོན་ལམ་བཏབ། དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་མ་བྱོན་གོང་ཙམ་དུ། ལྷ་དང་ལྷ་མིན་འཁྲུགས་ནས་ལྷ་ཕམ་པ་ན། ཕྱག་ན་རྡོ་རྗེས་ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར་དུ་ཐུགས་ཀ་ནས་ཧཱུཾ་ཡིག་སྤྲུལ་ནས་བརྒྱ་བྱིན་གྱི་བཙུན་མོའི་དཔྲལ་བར་ཕོག་པ་ལས་ལྕགས་ཀྱི་འཛེར་པར་གྱུར་ནའ་དེ་བརྡོལ་བ་ལས། ལྷ་མོ་སྔོན་མོ་མཛེས་ཤིང་ཡིད་དུ་འོང་བ་བྱུང་བ་ལྷ་རྣམས་ཀྱིས་ལྷ་མོ་ཨུ་མ་དེ་བར་བཏགས་ནས། དེ་ཕྱག་ན་རྡོ་རྗེའི་བཀས་ལྷ་དབང་ཕྱུག་ཆེན་པོའི་ཆུང་མར་སྦྱིན་པས། དེར་ལྷ་དབང་ཕྱུག་དང་ཨུ་མ་གཉིས་འདུས་པ་ལ་བུ་ཚ་མིང་སྲིང་གཉིས་བྱུང་བ་བུ་གཤིན་རྗེ་མཧཱ་ཀཱ་ལ་ཞེས་པ་བྱུང་བ་ནི་དེང་སང་གི་མགོན་པོ་རྣམས་ཀྱི་སྤྲུལ་གཞི་རྩ་བ་དང་། བུ་མོ་ཙ་མུནྜི་ནི་ལྷ་མོ་རྣམས་ཀྱི་སྤྲུལ་གཞི་དེ་ཡིན། དེ་གཉིས་ལ་ཕྱག་ན་རྡོ་རྗེས་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར། དེ་ནས་ལྷ་ལྷ་མིན་གཉིས་འཐབ་པའི་ཚེ་མཧཱ་ཀཱ་ལས་གསལ་ཤིང་རི་རབ་ཙམ་བསྒྲིལ་ནས་ལྷ་མིན་གྱི་གཡུལ་བཟློག། ཙ་མུནྜིས་རལ་གྲིས་ལྷ་མིན་གྱི་མགོ་བཅད། ལྷ་མིན་གྱི་ཁྲག་ལས་ལྷ་མིན་མང་པོ་འཕེལ་བ་ལྷ་མོས་ལྷ་མིན་གྱི་ཐོད་པས་བཅུས་ཤིང་འཐུང་པས་འཕེལ་མ་ནུས། ལྷ་རྣམས་ཀྱིས་ལྷ་མོའི་སྐུ་ཆེན་པོར་སྤྲུལ་པའི་ལྟེ་བར་རྫོང་བྱས་
3A ནས་འཐབ་པས་ལྷ་རྒྱལ་བར་བྱས། དེ་ནས་ལྷ་མོ་དེ་རི་ཁྲོད་མདངས་དགའ་བྱ་བར་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས་ལྷ་མོ་པརྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་དུ་གྲགས། དེ་ནས་ལྷ་མོས་ཀླུ་དུང་གི་མཛེར་པ་ཅན་བྱ་བའི་བྱང་སེམས་ཞིག་ཡོད་པ་བྱ་ཁྱུང་གི་འཇིགས་ལས་བསྐྱབས་ནས་བསྐྱངས་པས་དུང་སྐྱོང་མར་གྲགས། དེ་ནས་དེ་ལྷ་ཡུལ་དུ་ལྷའི་ལོངས་སྤྱོད་ཀྱིས་བདེ་སྐྱིད་དུ་གནས་པའི་སྐབས་སྲིན་པོའི་ཡུལ་རྣམས་ལྷའི་དམག་གིས་བཅོམ་པས། སྲིན་པོ་ད་ཤ་གྲི་བ་དང་སྲིན་མོ་ན་ལ་རྩེ་གཉིས་ལུས་ན། སྲིན་པོ་ད་ཤ་གྲི་བས་ལྷ་མིན་འདུལ་བའི་དོན་དུ་སྲིང་མོ་དབང་ཕྱུག་ཆེན་པོར་བཙུན་མོར་ཕུལ་བ་ལས། དེ་གཉིས་འདུས་པས་སྲས་ཆགས་པ་མ་ཡིས་བུ་མོར་འགྱུར་བར་སྨོན་ལམ་བཏབ་པས་བུ་མོར་གྱུར་ནས་བུ་མོ་ཡ་མཚན་ཅན་གཅིག་བྱུང་བ་ནི་ལྷ་མོ་དམག་ཟོར་མའི་རྩ་བ་དེའོ།། དེའི་ཕ་ཁྲོས་ནས་ཐལ་ཁུང་དུ་བོར་བར་མས་བླངས་ནས་གསོས་པས། ཕས་མིང་སྦས་པ་ཐལ་མདོག་ཏུ་བཏགས། མས་མི་ཕམ་ཁྲོ་གཉེར་རོ་ལངས་མར་བཏགས། ཕྱག་ན་རྡོ་རྗེས་གནོད་སྦྱིན་རེ་མ་ཏིར་མིང་བཏགས། སངས་རྒྱས་ཀྱི་བསྟན་པའི་སྲུང་མར་འགྱུར་བར་དམོད་བོར། དེ་ལ་ཆེ་ཞེ་དུང་སྐྱོང་མས་མིང་བཏགས་པ་སྲིང་མོ་དམར་འདབ་ཕུར་པའི་ལྷར་བཏགས། དེས་ན་ལྷ་མོ་དུང་སྐྱོང་དང་ལྷ་མོ་རེ་མ་ཏི་གཉིས་ངོ་བོ་གཅིག་ཀྱང་རྣམ་པར་ཕ་གཅིག་མ་མི་གཅིག་པའི་སྤུན་ཡིན། དུང་སྐྱོང་ནི་ལྷ་མོ་དུད་སོལ་མ་ཡིན། དེ་ནས་སྲིན་པོ་ད་ཤ་གྲི་བས་ལྷ་མོ་དུང་སྐྱོང་མ་ཆུང་མར་འདོད་ནས་རང་གི་སྲིང་མོ་ན་ལ་རྩེ་ལ་སྨྲས་པས། དེས་གཡོ་བྱས་ནས་རང་གི་ཚ་མོ་རེ་མ་ཏི་དུང་སྐྱོང་མའི་གཡོག་ཏུ་ཕུལ་བས། དེ་ནས་དུང་སྐྱོང་མ་ལ་རྗེ་མོ་དང་རེ་མ་ཏི་ལ་ཁོལ་མོར་གྲགས། དུང་སྐྱོང་མས་ཀྱང་གཡོག་མོ་རེ་མ་ཏི་ལ་བརྩེ་བར་བྱེད། དེ་ནས་སྲིན་པོ་ད་ཤ་གྲི་བས་གཟུགས་མཛེས་པར་
3B སྤྲུལ་ཞིང་། ཞོན་པ་བོང་བུ་རི་དྭགས་སུ་སྤྲུལ་ནས་རོལ་མོ་མང་པོས་ལྷ་མོ་དུང་སྐྱོང་མ་མཉེས་པར་བྱས་པས་ལྷ་མོ་འཛུམ་བྱུང་བ་དང་། ལྕགས་ཀྱི་ལྷམ་སྒྲོག་བཀྲོལ་ནས་ཞབས་ལ་རྒྱན་དུ་ཕུལ། དེ་ནས་གཡོག་མོས། བདག་གི་ཞུ་བ་གཅིག་ཡོད་པ་གནང་ངམ་ཟེར་བ་ལ། ལྷ་མོ་རྗེ་མོས། ཁྱོད་ང་ལ་གུས་ཤིང་སྙིང་ཉེ་བས་བྱེད་དོ་སྨྲས་པས། ལྕགས་སྒྲོག་འབུལ་མཁན་དེའི་གཏན་གྲོགས་མཛད་པར་ཞུས་པས། རྗེ་མོས། སྔར་ཁས་བླངས་པས་མི་བྱ་བའི་དབང་མེད་ནས། དེ་ལྟར་བྱ་བས་དེ་གང་ནས་ཡིན་སྨྲས་པས། དེ་བདག་གི་ཞང་པོ་ཡིན། སྲིན་ཡུལ་ན་ཡོད་བྱས་ནས། རྗེ་མོ་དབང་མེད་དུ་སྲིན་ཡུལ་དུ་སྲིན་པོའི་ཆུང་མར་སོང་། དེ་ནས་རང་གི་མ་ལྷ་མོ་ཨུ་མ་མ་མཉེས་ནས་དམོད་བོར་བས། ལྷའི་ལུས་ཉམས་ནས་སྲིན་པོའི་གཟུགས་ཅན་མི་ཤ་ཟ་ཞིང་མི་ལྤགས་གྱོན། བོང་བུ་ཞོན་པ་འཇིགས་སུ་རུང་བར་གྱུར། རེ་མ་ཏི་ལ་ཡང་ཨུ་མ་དེ་བས། ང་ཡི་བུ་མོ་བསླུས་པས་སྲིན་མོ་མི་སྡུག་གཟུགས་སུ་གྱུར་ནས་ཚེ་རབས་ཀུན་ཏུ་ཁྱོ་དང་མ་ཕྲད་ཅིག་ཅེས་དམོད་བོར་བས། རྗེ་ཁོལ་གཉིས་སྲིན་མོ་ལྟ་བུར་གྱུར། དེ་ནས་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་བརྐུས་ནས་ཞོན། རལ་གྲི་ཐོག་ཅིང་བྲོས་ནས་དུར་ཁྲོད་དུ་ཕྱིན། དེ་ནས་རྗེ་མོས་བོང་བུ་ཞོན་ཁོལ་མོས་ཁྲིད་ནས་ཕྱིན་པས། གཤིན་རྗེ་རླུང་གི་འཁོར་ལོས་རླུང་ནག་འཚུབ་མ་ཕུལ། དེ་ནས་དེགཉིས་ཀྱིས་ཚེ་འཕོས་མ་ཐག་སྔགས་ཀྱི་སྒྲུབ་པ་ཐོབ་ཅིང་སངས་རྒྱས་ཀྱི་ཞལ་མཐོང་བའི་སྨོན་ལམ་བཏབ། དེ་ནས་རྗེ་ཁོལ་གཉིས་རྒྱ་མཚོ་བསྐོར་ཞིང་རྒྱུག་ནས་རླུང་བ་ཡ་བ་བོས་པས་རླུང་བྱུང་ནས་ཁོང་གཉིས་རྒྱ་མཚོར་བསྐྱུར། དེ་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྗེ་མོ་གཤིན་རྗེའི་ལྷ་མཐུ་ཆེན་གྱི་བུ་མོར་སྐྱེས། བོང་བུ་གྭ་དམར་རླུང་གི་གཤོག་པ་ཅན་ཞོན་ནས་འཇིགས་སུ་རུང་བར་གྱུར། ཁོལ་མོ་ནི་རྒྱ་མཚོའི་ནང་དུ་བུད་མེད་ཆུ་སྲིན་གྱི་མགོ་ཙན་དུ་སྐྱེ་བ་བླངས་ནས་ཀླུ་མོ་རེ་མ་
4A ཏིར་གྲགས། དེ་ནས་ཚེ་འཕོས་ནས་དྲི་ཟའི་ཡུལ་དུ་བདུད་རེ་ཏི་འགོང་ཡག་དང་བདུད་མོ་དྲན་པ་དབང་མེད་གཉིས་ཀྱི་བུ་མོར་སྐྱེས་ནས་སྲིད་གསུམ་བློ་འཕྲོག་ཏུ་མིང་བཏགས། དེ་ཕ་མ་གཉིས་ཀྱིས་ཤིན་ཏུ་སྦས་ཤིང་བསྐྱང་པ་རྗེ་མོ་རེ་མ་ཏིས་སྔར་གྱི་ཁོལ་མོ་འདོད་ནས་ཕྱག་རྡོར་གྱི་སྔགས་བྱེ་བ་བཅོ་བརྒྱད་བཟླས་པས། སྲིད་གསུམ་བློ་འཕྲོག་མ་ཡང་སྔར་གྱི་རྗེ་མོ་དྲན་ནས་ཕ་མའི་ལག་ཆ་བརྐུས་ཏེ་བྲོས་ནས་ཕྱིན་པའི་ལམ་དུ་ཁྱིམ་བདག་རབ་གསལ་གྱི་ཁོལ་མོའི་གོས་རེ་བ་བཤུས་ནས་གྱོན། དེ་བསད་ཅིང་ཤ་ཟོས་ལྤགས་པ་རྐེད་པར་དཀྲིས་ནས་ཕྱིན་པའི་ལམ་ཁར་སྲིན་པོ་བུམ་སྣ་ཤི་བའི་ལྷུ་ཕྲག་ན་ནད་ཀྱི་རྫིང་ཡོད་པ་འཐུང་། ནད་རྫིང་གི་ཆུ་པགས་པའི་ནང་དུ་བླུགས་ནས་ཁུར་བས་རླངས་པ་གང་ཕོག་ཏུ་ནད་རིམས་བྱུང་། བཙན་རྡོ་རྗེ་ཟླ་བ་དང་ཕྲད་ནས་དེས་གང་ལ་བཏབ་ཀྱང་ཕུང་བའི་ཤོ་རྡེ་སྦྱིན། དེ་ནས་རྒྱ་མཚོའི་འགྲམ་དུ་རྗེ་མོའི་རྩར་ཕྱིན་པས། དཔོན་གཡོག་གཉིས་སྟོབས་ཤུགས་ཆེ་བས་ས་སྟེང་གི་སེམས་ཅན་ཟད་པ་ཙམ་ཟོས་ཤིང་། དེ་དུས་རྗེ་མོའི་ཞོན་པ་བོང་བུ་གྭ་དམར་དང་སྲིན་མོ་ན་ལ་རྩེའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཆགས་པ་སྤྱད་པས། དྲེའུ་སྔོན་མོ་རླུང་གཤོག་ཅན་བྱུང་བ་དེ་ཁོལ་མོ་ལ་བྱིིན་པས། ལྷ་མོ་དམག་ཟོར་མ་ཞོན་པ་དྲེའུ་དང་། རྗེ་མོ་དུང་སྐྱོང་དུད་སོལ་མ་བོང་བུ་ལ་ཆིབས་པའི་རྒྱུ་མཚན་དེ་ཡིན། དེ་ནས་ཁོང་གཉིས་ཀྱིས་སེམས་ཅན་མང་པོ་ཟ་ཞིང་ཕྱོགས་ཐམས་ཅད་དུ་འགྲོ་བ་ན། སྔོན་གྱི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཤཱཀྱ་ཐུབ་པ་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་ནས་བཞུགས་པའི་མདུན་དུ་སླེབས་ནས་ལྷ་མོ་གཉིས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད། སངས་རྒྱས་ལ་ཕྱག་འཚལ་ཞིང་རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས། དེ་ནས་བཟུང་སྟེ་སངས་རྒྱས་བསྟན་པའི་སྲུང་མར་གྱུར། ལྷ་མོ་འདི་
4B རྒྱ་གར་ཡུལ་དུ་མ་མོ་ཝ་ཤཾ་ཀུ་རུར་གྲགས་པ་དང་། རྒྱ་ནག་ཏུ་རྒྱ་མོ་སྔོན་མོ་མགྲིན་བཟང་དུ་གྲགས་པ་དེང་སང་ནཻ་དང་གཅིག། བོད་ཀྱི་ཡུལ་དུ་སྔོན་མིའི་བུ་མོར་སྤྲུལ་ནས་རྫུ་འཕྲུལ་མང་པོ་བསྟན་ཅིང་། དེ་ཡི་མི་བརྒྱུད་འབྲི་ཁུང་སྐྱུ་རའི་གདུང་བྱུང་། དེ་འདས་ནས་སླར་ལྷ་ཡི་ཚུལ་དུ་བྱུང་བ་འབྲི་ཁུང་གི་མ་ཅིག་ཨ་ཕྱི་མ་ཟེར་བ་འདི་ལྷ་རྣམས་ཀྱི་གཙོ་མོར་སྤྲུལ་དུས་བརྒྱ་བྱིན་སྲས་མོ་ཨུ་མ་དེ་བ་དང་། ཀླུ་ཡི་གཙོ་མོར་སྤྲུལ་དུས་ཀླུ་གཙུག་ནའི་བུ་མོ་ནོར་འཛིན་མ་དང་། གནོད་སྦྱིན་གཙོ་མོར་སྤྲུལ་དུས་གང་བ་བཟང་པོའི་བུ་མོ་གཟུགས་ལེགས་མ་སོགས་བསམ་གྱིས་མི་ཁྱབ། སངས་རྒྱས་ཀྱི་ཞལ་མཐོང་ནས་དེས་སྔགས་ཀྱི་ལམ་ལ་ཞུགས་པས་རྗེ་མོ་ས་བཅུའི་བྱང་ཆུབ་སེམས་མར་གྱུར། ཁོལ་མོ་ས་བདུན་པའི་བྱང་སེམས་སུ་གྱུར་པའི་ཚུལ་མཛད། གཞན་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་གསུང་དུས་ཡུམ་རྡོ་རྗེ་རོ་ལངས་མར་གྱུར་པ་དང་། རྡོ་རྗེ་ཕག་མོ་དང་རྡོ་རྗེ་བདག་མེད་མ་སོགས་ཀྱི་ཚུལ་བསྟན་པར་འདུག། ལྷ་མོ་གདུགས་དཀར་མོ་ནི་འདི་དང་དོན་དུ་ཐུགས་རྒྱུད་གཅིག་པ་འདྲ་ཡང་། རྣམ་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རིམ་གྲོ་བ་ཀུན་དགའ་བོ་མུ་སྟེགས་མོས་ངན་སྔགས་ཀྱིས་བཀུག་ནས་ཆགས་པ་སྤྱད་དགོས་གྲབས་བྱུང་དུས་སངས་རྒྱས་ཀྱིས་མཁྱེན་ནས། གཙུག་ཏོར་ནས་གདུགས་དཀར་མོ་ཅན་གྱི་སྐུ་དང་དེའི་གཟུངས་གསུངས་པས་ཀུན་དགའ་བོ་འཇིགས་པ་ལས་སྐྱོབ་པ་སོགས་མཛད་ཅིང་། གཞན་གྱི་ཡང་བགེགས་དང་བར་ཆད་ཉེར་འཚེ་ཐམས་ཅད་འཇོམས་པར་བྱེད་པའི་ལྷ་ཡིན། རྣམ་རྒྱལ་མ་ནི་འོད་དཔག་མེད་ཀྱིས་སེམས་ཅན་རྣམས་ཀྱི་ཚེ་འཕེལ་བ་དང་སྡིག་སྒྲིབ་སྦྱང་ཕྱིར་དུ་ལྷ་མོའི་རྣམ་པར་བསྟན་པ་ཡིན་འདུག། དཔལ་ལྡན་ལྷ་མོ་རེ་མ་ཏི་རྗེ་ཁོལ་ནི་དང་པོར་ལྷ་མོ་དབྱངས་ཅན་མས་ཐ་མལ་པ་་དང་མཚུངས་པའི་སྐྱེ་བརྒྱུད་བསྟན་ནས་མཐར་གསང་སྔགས་ཀྱི་
5A ལམ་ལ་བརྟེན་ནས་སྒྲོལ་མ་དང་དབྱངས་ཅན་མ་གཉིས་སུ་མེད་པའི་གོ་འཕང་ཐོབ་པའི་ཚུལ་ཙམ་བསྟན་པ་ཡིན་པས། དོན་དུ་སྒྲོལ་མ་དང་དབྱངས་ཅན་མ་སོགས་དང་ཁྱད་མེད་པར་སངས་རྒྱས་ཟིན་ཀྱང་། སྙིགས་མའི་སེམས་ཅན་གདུལ་དཀའ་བ་ཞི་བས་མི་ཐུལ་བ་རྣམས་ལ་གདུག་ཅིང་རྩུབ་པའི་ཚུལ་དུ་བསྟན་པ་ཡིན་པར་རྒྱུད་དང་གཞན་ཡང་བསྟན་བཅོས་མང་པོ་ལས་གསུངས་འདུག། ལྷ་མོ་འདི་གཉིས་ལ་རྒྱ་གར་དང་བོད་ཀྱི་གྲུབ་ཐོབ་གོང་མ་རྣམས་ཀྱིས་གཟིགས་སྣང་མི་འདྲ་བ་དང་། ལས་སྒྲུབ་ཚུལ་མི་འདྲ་བའི་སྒོ་ནས་རྒྱུད་སོ་སོ་ནས་སྐུ་མདོག་ཕྱག་མཚན་མི་འདྲ་བ། སྔགས་མི་འདྲ་བ། འཁོར་མི་འདྲ་བ་སོགས་རྣམ་འགྱུར་མང་ཞིང་། དཔལ་ལྡན་ལྷ་མོ་དུད་སོལ་མ། ལྷ་མོ་དམག་ཟོར་རྒྱལ་མོ། ལྷ་མོ་དུས་མཚན་མ། ལྷ་མོ་རང་བྱུང་མ། ལྷ་མོ་ནམ་གྲུ་མ། ལྷ་མོ་གཤོག་རྒོད་མ། ལྷ་མོ་འདོད་ཁམས་དབང་མོ། ལྷ་མོ་ནམ་མཁའི་གོས་ཅན་མ། ལྷ་མོ་རལ་གཅིག་མ། ལྷ་མོ་ཙཎྜིཀ། ལྷ་མོ་རེ་མ་ཏི། ཀླུ་མོ་རེ་མ་ཏི། གནོད་སྦྱིན་རེ་མ་ཏི། བདུད་མོ་རེ་མ་ཏི། དཔྱིད་ཀྱི་རྒྱལ་མོ། དབྱར་གྱི་རྒྱལ་མོ། སྟོན་གྱི་རྒྱལ་མོ། དགུན་གྱི་རྒྱལ་མོ། ཡང་ལྷ་སའི་སྲུང་མ་མཛད་ཕྱིར་ཅུང་ཟད་ཞི་བའི་ཚུལ་དུ་དཔལ་གྱི་ལྷ་མོ་སོགས་མང་བས། ལྷ་མོའི་བསྟོད་པ་སོགས་ལའང་། མིང་བརྒྱ་མ་ལ་མཚན་སྟོང་མ།། ཞེས་སོགས་འབྱུང་བའི་དོན་ཡིན། དེ་ལྟར་རྣམ་འགྱུར་རྣམས་ཀྱི་ནང་ནས་དེང་དུས་རི་བོ་དགའ་ལྡན་པའི་སྲུང་མ་ཐུན་མོང་མ་ཡིན་པར་མཛད་པ་དམག་ཟོར་མ་ནི། བསྟན་འགྲ་སྒྲོལ་བ་དང་། དམག་དྲངས་པ་དང་། ཟོར་སོགས་དྲག་པོའི་ལས་ལ་མཐུ་སྟོབས་གཞན་ལས་མྱུར་ཞིང་། རྟགས་མཚན་མྱུར་བ་ཡིན་གསུངས། དེ་ལྟར་ལྷ་མོའི་ལོ་རྒྱུས་རྣམ་ཐར་དགོངས་བདེ་བའི་ཕྱིར་དུ་རག་བསྡུས་ཙམ་ཕུལ་བ་ཡིན།
ཞེས་དཔལ་ལྡན་དམག་ཟོར་རྒྱལ་མོའི་ལོ་རྒྱུས་རྐྱེ་བརྒྱུད་གསལ་བར་འབྲི་དགོས་ཞེས་ ༧གོང་མ་ཆེན་པོའི་བཀས་མངགས་ཕུ་ཨམ་བན་གྱི་གསུང་གིས་བསྐུལ་བར། སྒྲོལ་མའི་ཆོས་འབྱུང་དང་ལྷ་མོ་མེ་ལྕེ་འབར་མའི་རྒྱུད་སོགས་བཀའ་བསྟན་བཅོས་ཀྱི་ནང་ནས་ཐོར་བུར་བསྡུས་ནས་རྟ་ཚག་པས་བཀོད་པའོ།། །། མངྒ་ལཾ།།
No comments:
Post a Comment