རྭ་སྟོད་རྒན་ཟླ་བ་ལགས་དྲི་བར་ལན་འབུལ་བ་ནི།
༡༽ སྐུ་ཞབས་དབུ་ཟུར་མཆོག་ལ། དྲི་བ་ཞུ་རྒྱུར། དབུ་མ་ཐལ་འགྱུར་བའི་ལུགས་ལ་རང་རྒྱལ་ལ་རིགས་ངེས་པའི་སྒྲུབ་བྱེད་རིགས་པ་ཡོད་དམ།
ལན། ལུགས་འདིར་ཐེག་པ་གསུམ་ལ་ལྟ་བའི་ཁྱད་པར་མེད་ཀྱང་། ཐབས་ཀྱི་ཆ་རྒྱ་ཆེ་ཆུང་གི་དབང་ལས་ཐེག་པ་ཆེ་ཆུང་དུ་འགྱུར་ཞིང་། ཐེག་དམན་གཉིས་ལའང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་གི་དབང་དང་། སྔོན་གྱི་སྨོན་ལམ་དང་སྤྱོད་པའི་ཁྱད་པར་ལས་ཉན་རང་གཉིས་སུ་འགྱུར་རོ།། དེས་ན་རང་རྒྱལ་གྱི་རིགས་ཅན་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་མེད་པས་ཞིང་ཁམས་སྟོང་པར་སྐྱེ་བར་སྨོན་ལམ་འདེབས་ཤིང་། སློབ་དཔོན་ལ་མ་བརྟེན་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་ནུས་པར་གྱུར་ཅིག །གདུལ་བྱ་ལ་ཆོས་སྟོན་པ་ནའང་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པར་གྱུར་ཅིག །ཅེས་སྨོན་ལམ་མཐུ་ཅན་དང་། རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་བར་དུ་ཐེག་པ་གཞན་དུ་མི་ལྡོག་པར་ངེས་པ་ན་རང་རྒྱལ་དུ་རིགས་ངེས་པ་ཞེས་བྱའོ།།
༢༽ བཀའ་དྲི་བ་ཞུ་རྒྱུར། དཔེ་ཆའི་ནང་གསལ། འཇིགས་བྱེད་ལ་མཆོད་པ་འབུལ་སྐབས་དྲི་ཆབ་སྟེ་ཨོཾ་གནྡྷེ་ཨཱཿཧཱུཾ། ཞེས་པ་རིམ་པ་གསུམ་པར་འབུལ་དགོས་རྒྱུ་མཚན་གང་ཡིན་ནམ།
ལན། འཇིགས་བྱེད་ནི་འཇམ་དབྱངས་ཉིད་ཕྱི་ནང་གསང་བའི་གཤིན་རྗེ་གདུལ་བའི་དོན་དུ་དྲག་པོའི་སྐུར་བཞེངས་པ་ཡིན་ཞིང་། དེའི་བྱིན་བརླབས་འཇུག་པ་ནའང་ཐོག་མར་ཐུགས་ཀྱི་བྱིན་རླབས་འཇུག་པ་ཡིན་པས་དེའི་རྟེན་འབྲེལ་སྒྲིག་སླད་སྒྲུབ་པ་པོས་ཉེར་སྤྱོད་ཀྱི་ཐོག་མར་ཐུགས་ལ་དྲི་ཆབ་འབུལ་བ་ཡིན་གསུང་ངོ།། མཆོད་ཡོན་དང་ཞབས་བསིལ་ནི་ཉེར་སྤྱོད་ཀྱི་སྔོན་འགྲོ་ཙམ་ལས་ཉེར་སྤྱོད་དངོས་མ་ཡིན་ནོ།།
༣༽ ཆོས་རྒྱལ་ལ་མཆོད་པ་འབུལ་དུས་ཞབས་བསིལ་སྟེ་ཨོྃ་པཱདྱཾ་ཞེས་པ་མེད་པའི་རྒྱུ་མཚན་གང་ཡིན་སྟབས་བདེ་པོ་ཡོད་ན་གསུངས་རོགས་གནང་། གོང་གསལ་འདྲི་བ་དག་ཤེས་འདོད་ཆེ།
ལན། དམ་ཅན་ཆོས་རྒྱལ་ནི་གཤིན་རྗེ་གཤེད་ཀྱི་ལས་ལ་ཤིན་ཏུ་བྲེལ་བ་ཡིན་པས་ཞབས་བསིལ་བ་མི་ཁོམ་པར་གསུང་བ་ཞིག་དང་། ཡང་ཁྲོ་ཚུལ་ལ་དྲང་སྲོང་ཁྲོས་པ་དང་། གནོད་སྦྱིན་ཁྲོས་པ། གཤིན་རྗེ་ཁྲོས་པ་བཅས་གསུམ་ཡོད་པ་ལས་ཆོས་རྒྱལ་ནི་་ཤིན་ཏུ་ཁྲོས་པ་གཤིན་རྗེ་ཁྲོས་པ་ཡིན་པས་ཞབས་བསིལ་བ་རང་གི་ཚུལ་དང་མི་མཐུན་གཤིས་ཞབས་བསིལ་མི་འབུལ་བ་ཡིན་གསུང་ངོ་།།
No comments:
Post a Comment