Thursday, July 25, 2019

གྲོགས་པོས་བསྐུར་བའི་པར་ལ་སྙན་ངག་ཐུང་ངུ་ཞིག






ཐར་ཐོར་སྤྲིན་གྱིས་གཡོགས་པའི་གནམ་སྔོན་དེས།།  བརྟན་གཡོའི་བདག་པོ་ང་ཡིན་མི་ཟེར་གྱི།།
ལན་འགའ་འདུས་ཀྱང་མཐའ་མར་འབྲལ་ལོ་ཞེས།།  བན་རྒན་དེ་ལ་བརྡ་ཡིས་སྟོན་པར་སྙམ།།

ཉིན་བྱེད་ཆུ་ལྷའི་འཕང་བར་ཡིབ་པ་ནི།།  ཟླ་བར་གོ་སྐབས་བྱིན་པ་མ་ཡིན་གྱི།།
དུས་ཀྱི་བགྲོད་པ་འདི་ལྟར་མཐར་གཏུག་ཅེས།།  བན་རྒན་དེ་ལ་བརྡ་ཞིག་སྟོན་པ་འདྲ།།

བྲག་རི་སྐྱ་བོ་གནམ་ལ་བསྙེགས་པ་ཡང་།།  གཤམ་གྱི་ཡུལ་ལྗོངས་བལྟ་བ་མ་ཡིན་གྱི།།
མགོ་ཡི་སྤ་ལོ་འདི་ལྟར་སྐྱ་འོ་ཞེས།།  བན་རན་དེ་ལ་བརྡ་ཡིས་མཚོན་པར་བྱེད།།

ནགས་ཀླུང་སྟུག་པོར་མུན་པ་བབ་པ་ཡང་།།  དགའ་བས་བསུས་པའི་མགྲོན་པོ་མ་ཡིན་གྱི།།
ནམ་ཞིག་སྙིང་ལ་མུན་ནག་འཐིབ་བོ་ཞེས།།  བན་རྒན་དེ་ལ་བརྡ་ཡིས་གོ་བར་བྱེད།།

འདུ་འཛིས་དབེན་པའི་སྤྱིལ་བུ་མངོན་ཆུང་དེ།།  ལས་ལ་གཡོལ་ནས་གབ་པའི་ཕྱིར་མིན་གྱི།།
གཏན་འདུན་སྙིང་པོ་འདི་ནང་སྒྲུབས་ཤིག་ཅེས།།  བན་རྒན་དེ་ལ་བརྡ་ཡིས་བསྐུལ་བར་ངེས།།


Sunday, July 21, 2019

སྒྱུར་རྩོམ་ཐུང་ངུ་ཞིག (སྦྱོར་བརྡར།) लघु अनुवाद

                                                                                                                                 अनुवादक। सरस्वतीदास
བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གདུལ་བྱ་རྣམས་ལ་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་སྩལ་བའི་ནང་ནས་རབ་དང་ཕུལ་དུ་བྱུང་བ་ནི་ཤེར་ཕྱོགས་ཀྱི་མདོ་ཡིན།

हमारे असमशास्ता मुणेंधर ने सर्वप्रथम अग्रबौधिचित्त को उत्पाद किया (तथा) मध्य में तीन असंख्य युगों तक संभार  संचय किया। (और) अंत में अभीसंबुद्ध को प्राप्त करके  विनयों को जितने भी धर्मस्कनध कहा है, उनमें से  परम और अतिश तो प्रज्ञापारमित पक्षीय सूत्र ही है।

ལོ་བཞི་ལ་སོན་པའི་བུ་མོ་ཆུང་ཆུང་དེ།

སི་རི་ཡའི་ནང་བུ་མོ་ཆུང་ཆུང་འདིས། མོ་རང་ལ་དཔར་རྒྱག་མཁན་དེས་མེ་མདའ་རྒྱག་གིན་འདུག་བསམས་ནས་ཞེད་སྣང་ཆེན་པོས་ལག་པ་གནམ་ལ་བསྒྲེངས་བཞིན་མགོ་བཏགས་ཞུས། པར་འདི་ནི་དེང་སྐབས་ ‘ཊིཝི་ཊར་’ སོགས་དྲ་འཕྲིན་མང་པོར་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཡིན།

In Siria 4 years little girl thought that photographer is shooting gun to her. So her tiny hands up and surrending before him.

ལོ་བཞི་ལ་སོན་པའི་བུ་མོ་ཆུང་ཆུང་དེ།
འཇིགས་སྣང་དང་དངངས་སྐྲག
ཡས་སོས་མས་མཆུ་བསྣན་བཞིན་་་་་
མིག་ཟུང་མདུན་ལ་བཅེར་བཞིན་་་་་
ཅི་ཞིག་མཐོང་།
ཕལ་ཆེར་་་་་
གདུག་རྩུབ་དྲག་ལ་སྙིང་རྗེ་མེད་པས།
སྐྱོ་གདུང་དང་ཡིད་ཐང་ཆད།
ཡིད་ཆེས་དང་རེ་བ་བྲལ།
འོན་ཀྱང་་་་་
ཉམ་ཐག་པའི་མིག་འབུར་ནི་ད་དུང་ཡང་་་་་་
ལོ་བཞི་ལ་སོན་པའི་བུ་མོ་ཆུང་ཆུང་དེ།

ཤྲཱིས། ༢༠༡༥.༤.༡
༢:༠༠am

གཏམ་དཔེ་ཕྱོགས་བསྒྲིགས།

གཞུས་པར་གཞུས་ལན་མ་སློག་ན།།
གཞུ་མཁན་མང་དུ་མང་དུ།།
སྤྲད་པར་སྤྲད་ལན་མ་སློག་ན།།
སྤྲད་མཁན་ཉུང་དུ་ཉུང་དུ།།

ཡང་ན་རིག་པ་ནོར་དང་བརྗེ།།
ཡང་ན་རིག་པ་རིག་པར་བརྗེ།།

གཞན་ལ་ལྟ་བའི་མིག་ཡོད་ཀྱང་།།
རང་ལ་ལྟ་བའི་མེ་ལོང་དགོས།།

བླ་མའི་སྙན་གྲགས་སློབ་མས་གྲགས་འགུལ་རེད།།
སློབ་མ་ངན་པས་བླ་མ་ཟོག་པོར་གཏོང་།།

ཆུ་འགོ་ནས་རྙོག་ན་ཆུ་རྔ་ཉོག

ཕྱི་རུ་ཞབས་བྲོ་རྒྱབ་པར།།
ནང་དུ་རྡོག་གྲྭ་འགྲིག་དགོས།།

ཁྱི་སྨྱོན་པ་བདག་པོར་ཟུག།
མི་སྨྱོན་པ་རང་མིར་སྡང་།།

སྒོམ་ཆེན་རླུང་གིས་ཟིན་ན་ཅི་ཡང་ཟེར།།
མི་ནག་ཆང་གིས་ན་སྐྱུར་འགོངས་འཆོར།།

འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་རེད།།
འཇའ་ཁ་མདོག་བཀྲ་ཡང་སྣང་བ་རེད།།

མགོ་རུལ་བ་སྣ་ཡིས་མ་ཚོར།

བསོད་ཆེན་མི་ལ་ཁ་གཏོང་ན།།
བསོད་ཆུང་མུ་གེས་ཤི།

ཕྱི་སྣ་ནང་ཁྲིད། ཆར་སྣ་རླུང་ཁྲིད།

རྡུང་རྒྱུ་རྔ་རྡུང་རུང་། དམིགས་རྒྱུ་འདྲེ་ལ་དམིགས།

ཕ་ཡིས་མི་བསྟོད། དགྲ་བོས་བསྟོད།

རང་གིས་རང་བཀྱག
སྣང་བས་རིག་པ་བཀྱག
སྐྱག་པས་རྐུབ་བཀྱག

ཁ་ཏྭ་ནག་པོའི་མིག་ལམ་ན།།
སྐྱག་པ་སེར་པོ་གསེར་གྱི་མཆོད་རྟེན་རེད།།

དྲང་པོ་བཤད་ན་མི་མི་དགའ།།
དབྱུག་པ་ཕྱར་ན་ཁྱི་མི་དགའ།།

ཡར་ལངས་ན་མགོ་རྡབ། མར་བསྡད་ན་རྐུབ་རྡབ།

མི་ངན་ནང་དུ་བསྡད། ཇུས་ངན་ཕྱི་ལ་འདིངས།

གཏམ་དྲིས་ན་མི་ཤོད། སྒུགས་ནས་ཤོད།

འཚིག་པ་ཕ་ལ་ཟ། འགྲམ་ལྕགས་བུ་ལ་བཞུས།

མི་ལ་སྨོད་མི་དགོས། རང་གིས་མ་བྱས་པས་ཆོག
མི་ལ་བསྟོད་མི་དགོས། རང་གིས་བྱས་པས་ཆོག

ཁྱི་སྤྱང་རྐུབ་འབྲེལ།

གྲྭ་པ་དགོན་པར་བསྡད་ཀྱང་།།
བསོད་སྙོམས་གྲོང་ནས་ལེན།།

བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས།།
སྨད་མི་ཤེས་མཁན་གྱིས་སྨད་པ་དགའ།།

ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།
དགའ་ལྡན་ཁྲི་ལ་བདག་པོ་མེད།།

མེད་པ་ལ་འཁྱེར་ཤོག། ཤི་བ་ལ་ལོངས་ཤོག།

རིག་གནས་འབྲི་ནས་ཤེས།
ཚད་མ་རྩོད་ནས་ཤེས།
ལྟ་བ་སྒོམ་ནས་ཤེས།
མཛོད་འདུལ་རྩིས་ནས་ཤེས།

གཞོན་པའི་ཤུགས་ལས་རྒན་པོའི་བྱུས་ཟབ།

ཐོས་རྟགས་ཞི་ཞིང་དུལ་བ།།
བསྒོམས་རྟགས་ཉོན་མོངས་ཆུང་བ།།

གུ་རྭ་གོག་ལས་དོག་པ།
སེམས་ལག་མཐིལ་ལས་ཆུང་བ།
དོགས་པ་རྒྱལ་གཙན་ལས་ཚ་བ།

བཤད་ས་བུ་མོར་བཤད་ཀྱང་།།
གོ་རྒྱུ་མནའ་མས་གོ་དགོས།།

མི་སུམ་ཅུ་བསམ་བློ་སུམ་ཅུ།།
བསམ་ལུགས་མི་འདྲ་ཁ་ཁ།།
མཛོ་སུམ་ཅུ་རྭ་ཅོ་དྲུག་ཅུ།།
སྐྱེ་ལུགས་མི་འདྲ་སོ་སོ།།


བླ་མས་ཅི་གསུངས་མ་ཤེས་གོང་།།
གྲྭ་པས་འདོན་ཚོད་རྡོ་རོ་རོ།།

ཉི་མ་རིང་དུ་རིང་དུ།།
རྩམ་པ་ཞིམ་དུ་ཞིམ་དུ།།

མིས་དྲིས་ནས་ཤེས།
ཁྱིས་བསྣུམས་ནས་ཤེས།

རྟ་ཆུང་ལ་བཞོན་བདེ།
མི་ཆུང་ལ་སྐུལ་བདེ།

བདེན་ཅིང་འཐད་ན་བྱིས་པའི་ངག་ཀྱང་ཉོན།།
མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག།

ཤ་ཚ་བའི་གཏམ་ལ་སྙན་པོ་མེད།།
ནད་ཕན་པའི་སྨན་ལ་ཞིམ་པོ་མེད།།

རང་ངོས་སུ་གཡག་འགྲོ་བཞིན་པ་མི་ཤེས་པར།།
གཞན་ངོས་ཀྱི་ཤིག་འཚོལ་མཁན་ཚོ།།

འབེན་ཤར་ལ་བཞགས།།
མདའ་ནུབ་ལ་འཕེན།།

ཕོ་རྒོད་པོའི་རྒྱབ་ལ་དཔུང་གཅིག་དགོས།།
དཔུང་མེད་ན་སྡར་མ་ཆུ་ཀློད་རེད།།

ཝ་རྔ་མ་ཤ་ལེར་བྲོས་པ་ལས།།
སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ།།

ལུང་པ་ཆུས་འཁྱེར་ན་རྡོ་ལེབ་སྐམ་པོར་མི་ལུས།

ཁ་ལག་པ་ལ་དྲིན་ཆེ།
ལག་པ་ཁ་ལ་དྲིན་ཆེ།

ཤིང་སྐྱོན་མེད་རྒྱ་རྫོང་ནགས་ན་མེད།།
མི་སྐྱོན་མེད་འཛམ་བུའི་གླིང་ན་མེད།།

སྐལ་མེད་སར་སྐེ་མ་སྲིངས།

མགོ་གསེར་སྐུས་བཅག་ན་བྱིན་རླབས་མེད།།
གཉེན་ཉེ་བས་བསད་ན་དགའ་རྒྱུ་མེད།།

དགྲ་ཡི་ངོ་མ་ལོན།།
གཉེན་གྱི་སེམས་བསད།།

མི་སྙན་པའི་གཏམ་དེ་བདེན།

ཕྱི་དགྲ་ལྕགས་ཀྱི་མཛེར་མས་མིག་བཅར་བ་ལས།།
ནང་དགྲ་ཁང་རྒན་ཐིག་པས་ཡིད་དཀྲུག་ན་སྡུག།

མི་ངན་ཕུ་ནུའི་ནང་དུ་བཙན།།
གྲི་ངན་ལག་པའི་སྟེང་དུ་རྣོ།།

སྐད་ཆ་ཉན་ལ་ཤོད།།
རྩམ་པ་ལྡད་ལ་མིད།།

དཀར་ཡོལ་ཆགས་ཀྱང་རི་མོ་བློ་ལ་ངེས།།

མི་ཆེན་པོ་རི་རྒྱལ་ལྷུན་པོ་རེད།།
གསུང་ཆུང་ཆུང་ཨབ་རའི་ཨབ་ཁུང་རེད།།

དཔོན་ལ་མི་སྐྲག དབང་ལ་སྐྲག

ཁམ་བུ་ཟ་འདོད་མ་རེད།
ཁམ་སྡོང་དཀྲུག་འདོད་རེད།

དགའ་ལྡན་ལྔ་མཆོད་ངོ་སྤྲོད།




དགའ་ལྡན་ལྔ་མཆོད་དང་འབྲེལ་བའི་་ངོ་སྤྲོད་ཐུང་ངུ་ཞིག

      སྤྱི་ལོ ༡༤༡༩ ལོ་སྟེ་ས་ཕག་ལོའི་བོད་ཟླ་བཅུ་པའིོ་ཚེས་ཉེར་ལྔའི་ཉིན་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཡིན་པས། ལོ་རེ་བཞིན་དེ་ཉིན་རྗེ་བདག་ཉིད་ཆེན་པོའི་སློབ་བརྒྱུད་དུ་གཏོགས་པ་རྣམས་སུ་མ་ཟད་བོད་རིགས་དད་ལྡན་ཕལ་ཆེ་བས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་རྗེ་ཙོང་ཁ་པ་ཆེན་པོར་རྗེས་དྲན་དང་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེར་སྤྲོ་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན།
      ཕྱིས་སུ་འདི་ཉིད་རིམ་བཞིན་བོད་ཆོལ་ཁ་གསུམ་དུ་དར་ཁྱབ་ཤིན་ཏུ་ཆེ་བར་གྱུར་ཏེ་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་དགོན་པ་དང་གྲོང་པའི་ཁང་ཐོག་ཏུ་མཚན་མོར་མར་དང་། གཡིས་ཀྱི་མཆོད་མེ། གློག་སྒྲོན་སོགས་ཀྱི་ཕྲེང་བ་བསྒྲིགས་ནས་མཆོད་པ་འབུལ་ལ། དེ་ལ་ཡོངས་གྲགས་སུ་ ‘གླིང་མེ་’ ཟེར། དེ་ཉིན་དགེ་བ་འགྱུར་ཁྱད་ཆེ་བས་དད་ལྡན་རྒན་དར་གཞོན་གསུམ་ཀུན་གྱིས་དགོན་སྡེ་དང་རྟེན་རྩ་ཆེན་བཞུགས་སའི་ལྷ་ཁང་ལ་ཕྱག་མཆོད་དང་མཚན་བསྐོར་སོགས་དགེ་སྦྱོར་ལ་འབད་ཅིང་སྡིག་པར་འཛེམས་པའི་སྲོལ་བཟང་པོ་ད་ལྟ་ཡང་ཡོད་ལ། ཁྱད་པར་དུས་བཟང་འདིར་རབ་བྱུང་དང་ཁྱིམ་པ་ཕོ་མོ་ཁྱད་མེད་པར་ཀུན་གྱིས་རྗེ་རིན་པོ་ཆེའི་གསོལ་འདེབས་དམིགས་བརྩེ་མ་སྙན་ཞིང་འཇེབས་པའི་དབྱངས་རྟ་རུ་བཀུག་ནས་ཆོས་སྒྲས་ཡུལ་ལུང་ཁྱབ་པས་ཉན་ན་ཉམས་སྤྲོ་བ། བསམ་ན་ཡིད་ལ་དད་པའི་སྣང་བ་འགོག་མེད་དུ་སྟེར་ལ། ལྷག་པར་དུ་འདི་ལྟ་བུའི་དུས་ཆེན་དུ་བོད་མི་རིགས་ཀྱིས་བསྟན་པ་དང་འགྲོ་དོན་རྒྱ་ཆེར་སྤེལ་བའི་སྐྱེས་བུ་དམ་པ་རྣམས་ལ་སྙིང་ཁོང་ནས་དད་གུས་ཚད་མེད་དང་རྗེས་དྲན་ཞུ་བཞིན་པའི་བླ་མེད་ཀྱི་སྤྱོད་བཟང་གསལ་བར་བྱས་ཡོད།
      བོད་དབུས་གཙང་གི་ཕྱོགས་སུ་ལྔ་མཆོད་ཀྱི་དགོང་མོར་རྗེ་ཙོང་ཁ་བ་ཆེན་མོར་དད་སེམས་མཚོན་བྱེད་དུ་མྱང་ཐུག་ཅེས་པའི་བག་ཐུག་ངེས་པར་དུ་འཐུང་དགོས་པ་དང༌།དགའ་ལྡན་ལྔ་མཆོད་ནས་བཟུང་དགུན་ཁ་དངོས་སུ་སླེབས་པའི་རྟགས་དང་མཚན་མར་འཛིན་པ་བཅས།

ལྔ་མཆོད་ཆེན་མོའི་སྐྱ་རེངས་འཆར་ལ་ཉེ་བའི་དུས་སུ། བཙུན་པ་ཤྲཱི་མིང་པས་ཤ་ཟིན་སྤུ་ཟིན་དུ་སྤེལ་བ་དགེ་བར་གྱུར་ཅིག

ཁ་ཕྲེང་ཁ་པར་མ། (སྙན་ངག)

                                          དབྱངས་ཅན་འབངས། 
༢༠༡༣.༦.༢༩ ཉིན་ཁ་བརྡ་དྲ་བར་ཕུལ་བའི་སྙན་ངག་ཐུང་ངུ་ཞིག

ཁ་ཁོག་མེད་པའི་གཏམ་དེ།།
ཁ་ནས་ཐོན་གྱི་མེད་ན།།
ཁ་བརྡ་དྲ་བར་འཛུལ་ནས།།
ཁ་བརྡ་ཚིག་གསུམ་བྱོས་དང་།།
ཁ་པར་ཡག་ཚད་མི་འདུག །
ཁ་པར་ཀུ་ཤུ་རྟགས་ཅན།།
ཁ་པར་སྐྱོ་ཚད་ཅིག་ལ།།
ཁ་པར་ཟླ་བ་གསུམ་འཁྱོལ།།
ཁ་པར་གསར་པ་ཡིན་དུས།།
ཁ་ལག་དགོས་ཡས་མི་འདུག །
ཁ་པར་རྙིང་པ་ཆགས་དུས།།
ཁ་པར་གྲོད་ཁོག་སྟོང་པ།།
ཁ་པར་ཡོད་ནས་གང་ཡོང་།།
ཁ་པར་ལས་ཀ་བསྐུལ་ས།།
ཁ་པར་མེད་ན་གང་བྱེད།།
ཁ་ཡ་བྱེད་མཁན་དཀོན་པ།།
ཁ་ནས་གང་བྱུང་མང་བྱུང།།
ཁ་པར་ནང་ལ་བཤད་པས།།
ཁ་བརྡ་དངོས་སུ་བྱེད་དུས།།
ཁ་ནི་མུར་ཙམ་མུར་ཙམ།།
ཁ་པར་མེད་དུས་ལྷོད་པ།།
ཁ་ལག་བྲོ་བ་ཆེ་བྱུང་།།
ཁ་པར་ཡོད་ནས་བཟུང་སྟེ།།
ཁ་ལག་ཟ་ལོང་མི་འདུག །
ཁ་པར་སྐུད་ཅན་དར་དུས།།
ཁ་པར་ཡོད་ཟེར་ཀྲོག་ཡོད།།
ཁ་པར་སྐུད་མེད་དར་དུས།།
ཁ་ལས་ཁ་པར་མང་སོང་།།
ཁ་ལ་ཟ་མ་མ་འབྱོར།།
ཁ་པར་ལག་ལ་བཟུང་འདུག །
ཁ་དྲི་ཆིང་ཆིང་བྱས་ནས།།
ཁ་པར་གཏོང་མགོ་ཚུགས་སོང་།།
ཁ་ནས་དྲུག་གསུམ་བཅོ་བརྒྱད།།
ཁ་པར་ནང་ནས་བཤད་པས།།
ཁ་སང་འཆམ་པའི་མི་དག །
ཁ་ལ་གྲག་རེས་མི་འདུག །
ཁ་བཤད་ཚིག་གི་ལྦུ་བ།།
ཁ་ནས་བཤད་ཀྱིན་བཤད་ཀྱིན།།
ཁ་དང་ལག་པ་མི་མཚུངས།།
ཁ་བེད་མགོ་བེད་ཁོ་ན།།
ཁ་བརྡ་དྲ་བའི་ངོས་སུ།།
ཁ་བརྡ་ཚིག་གསུམ་བྱས་ན།།
ཁ་ཤས་ཐུགས་ལ་བབས་ཀྱང་།།
ཁ་ཤས་སྤྲང་ཁྱི་ཟུག་ཟུག །
ཁ་ཅིག་རྒྱབ་ལ་ཡིན་དུས།།
ཁ་གོག་ལྦུ་བ་ཆིལ་ཆིལ།།
ཁ་དང་ཞལ་གཉིས་ཐུག་དུས།།
ཁ་ཁུ་སིམ་པའི་ཞི་མི།།
ཁ་པར་དགེ་མཚན་བཤད་དུས།།
ཁ་པར་མ་ཡིན་ཅི་ཡིན།།
ཁ་བའི་བུ་བརྒྱུད་དག་ལ།།
ཁ་པར་ཙམ་གྱིས་ཆོག་གམ།།
ཁ་པར་རྐྱང་རྐྱང་འཇུས་ནས།།
ཁ་ལ་ཐེམ་པ་མི་འདུག །
ཁ་བའི་ལས་དབང་བསམ་ན།།
ཁ་པར་རན་ཙམ་གནང་དང་།།
ཁ་ནི་ཁ་རོག་པ་ལ།།
ཁ་མཆུ་འོང་དོན་མེད་པས།།
ཁ་འདི་བཙུམས་ནས་བསྡད་ན།།
ཁ་རྩོད་ཤོར་དོགས་མེད་ཀྱང་།།
ཁ་རོག་བསྡད་པས་ཅི་ཕན།།
ཁ་ནས་བསམ་འཆར་ཚིག་གསུམ།།
ཁ་ཙམ་མིན་པར་བཤད་ནས།།
ཁ་བའི་ལ་རྒྱ་བཅིངས་ཡོད།།


སྤྲད་ཐུབ་ན་བདེ་སྐྱིད་སྤྲོད་དང་། (སྙན་ངག)

ཤྲཱིས་ཧིན་སྐད་ནས་སྒྱུར་སྒྲིག་བྱས། ༢༠༡༨.༧.༢༥

ཉིན་རེ་བཞིན་དུས་ཚོད་ཀྱི་ཚོན་མདོག་འགྱུར་བ་ངས་མཐོང་སོང་།
ཉིན་རེ་བཞིན་དུས་ཚོད་ཀྱི་ཚོན་མདོག་འགྱུར་བ་ངས་མཐོང་སོང་།
ན་ཚོད་དང་མཉམ་དུ་བྱེད་སྟངས་འགྱུར་བ་ངས་མཐོང་སོང་།

འགྲོ་བའི་ཚེ་སེང་གེའི་ཁེངས་དྲེགས་འཆང་བ་ཁོང་ཡང་།
འགྲོ་བའི་ཚེ་སེང་གེའི་ཁེངས་དྲེགས་འཆང་བ་ཁོང་ཡང་།
ནམ་ཞིག་ན་རྐང་པའི་འདེགས་འཇོག་ཙམ་ལའང་། རོགས་པར་རེ་འདོད་འཆའ་བ་ངས་མཐོང་སོང་།

མིག་གི་ལྟ་སྟངས་ཙམ་གྱིས། གཞན་དཔའ་ཁུམ་པར་བྱེད་པ་ཁོང་ཡང་།
མིག་གི་ལྟ་སྟངས་ཙམ་གྱིས། གཞན་དཔའ་ཁུམ་པར་བྱེད་པ་ཁོང་ཡང་།
ནམ་ཞིག་ན་མིག་དེ་ནས་ཆར་གྱི་རྒྱུནབཞིན། མཆི་མ་ལྷུང་ལྷུང་བབས་པ་ངས་མཐོང་སོང་།

སྲ་ཞིང་འཁྲེགས་པའི་རྡོ་ཡང་ལག་བརྡ་ཙམ་གྱིས་སྟོར་བར་བྱེད་པ་ཁོང་ཡང་།
སྲ་ཞིང་འཁྲེགས་པའི་རྡོ་ཡང་ལག་བརྡ་ཙམ་གྱིས་སྟོར་བར་བྱེད་པ་ཁོང་ཡང་།
ནམ་ཞིག་ན་ལག་པ་དེ་ཉིད་ཤིང་གི་ལོ་མ་བཞིན་དུ། ཁྲུག་ཁྲུག་སྡར་གསིག་རྒྱག་པ་ངས་མཐོང་སོང་།

སྐད་གདངས་ལ་འབྲུག་སྟོང་སྡིར་བའི་ངར་ཤུགས་ཡོད་པ་ཁོང་ཡང་།
སྐད་གདངས་ལ་འབྲུག་སྟོང་སྡིར་བའི་ངར་ཤུགས་ཡོད་པ་ཁོང་ཡང་།
ནམ་ཞིག་ན་དབང་མེད་དུ་ཁ་ལ་སྒོ་ལྕགས་ཐེབས་ཏེ། གྲག་འགུལ་ཅི་ཡང་མེད་པ་ངས་མཐོང་སོང་།

ལང་ཚོ་དང་། སྟོབས་ཤུགས། རྒྱུ་ནོར།
འདི་མཐའ་དག་དཀོན་མཆོག་གི་ཐུགས་རྗེ་རེད།
དེ་དག་ཤོར་བ་དང་། སྲོག་མེད་པའི་མི་ཞིག་ཏུ་གྱུར་པ་ངས་མཐོང་སོང་།

ཁྱེད་ཀྱིས་དེ་རིང་དེ་འཕྲོ་བརླག་མ་གཏོང་། འཕྲོ་བརླག་མ་གཏོང་། ངའི་གྲོགས་པོ།
དུས་ཀྱི་ཆུ་རྒྱུན་ནང་ཞེ་པོ་ཡིན་ཟེར་མཁན་མང་པོ།
ཅི་བྱ་གཏོལ་མེད་དུ་གྱུར་པ་ངས་མཐོང་སོང་།

སྤྲོད་ཐུབ་ན་རང་གིས་རང་ཉིད་ལ་བདེ་སྐྱིད་སྤྲོད་དང་།
སྡུག་བསྔལ་སྤྲད་མཁན་ནི་སྟོང་ཕྲག་མང་པོ་མཐོང་སོང་།
སྡུག་བསྔལ་སྤྲད་མཁན་ནི་སྟོང་ཕྲག་མང་པོ་མཐོང་སོང་། 

དེ་ཉིད་ཞེ་དགུའི་ཆིངས།

༄༅།   །ན་མོ་གུ་རུ་བཛྲ་དྷ་ར་ཡ།  དེ་ཉིད་ཞེ་དགུ་འམ་ང་གཅིག་གི་ཆིངས་ནི།

༡ གནས་ཀྱི་དེ་ཉིད།
༢ བརྩེ་བ་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད།
༣ སྲུང་འཁོར་གྱི་གཙོ་བོ་བསྐྱེད་པའི་དེ་ཉིད།
༤ སྲུང་འཁོར་གྱི་འཁོར་གྱི་ལྷ་བསྐྱེད་པའི་དེ་ཉིད།
༥ བགེགས་ལ་ཕུར་བུས་གདབ་པའི་དེ་ཉིད།
༦ རྭ་གུར་སོགས་ཀྱི་བསྲུང་བའི་དེ་ཉིད།
༧ ཡེ་ཤེས་ཀྱི་ས་བསྒོམ་པའི་དེ་ཉིད།
༨ རྡོ་རྗེ་སའི་ཆ་བསྐྱེད་པའི་དེ་ཉིད།
༩ ལྷག་མོས་ཀྱི་གཞལ་ཡས་ཁང་བསྐྱེད་པའི་དེ་ཉིད།
༡༠ ལྷག་མོས་ཀྱི་ལྷའི་འཁོར་ལོ་འགོད་པའི་དེ་ཉིད།
༡༡ ལྷག་མོས་ལུས་ལ་བསྡུ་བའི་དེ་ཉིད།
༡༢ ལྷག་མོས་འོད་གསལ་དུ་སྡུད་པའི་དེ་ཉིད།
༡༣ ཉི་མ་སོགས་ལ་དམིགས་པ་ལས་ལྡང་བའི་དེ་ཉིད།
༡༤ ཟླ་བ་ལས་བྱང་ཆུབ་པའི་དེ་ཉིད།
༡༥ ཡེ་ཤེས་ཙམ་ལས་མཉམ་པར་འཇོག་པའི་དེ་ཉིད།
༡༦ ས་བོན་ལས་བྱང་ཆུབ་པའི་དེ་ཉིད།
༡༧ ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད།
༡༨ སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད།
༡༩ དང་པོའ་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་དེ་ཉིད།
༢༠ ལུས་རྟེན་གཞལ་ཡས་ཁང་དུ་བསྐྱེད་པའི་དེ་ཉིད།
༢༡ ཕུང་པོ་ལྔ་རིགས་ལྔར་བསྒོམ་པའི་དེ་ཉིད།
༢༢ ཁམས་བཞི་ཡུམ་བཞིར་བསྒོམ་པའི་དེ་ཉིད།
༢༣ མིག་སོགས་ས་སྙིང་སོགས་སུ་བསྒོམ་པའི་དེ་ཉིད།
༢༤ ཡུམ་ལྔ་རྡོ་རྗེ་མ་ལྔར་བསྒོམ་པའི་དེ་ཉིད།
༢༥ ཡན་ལག་ཁྲོ་བོར་བསྒོམ་པའི་དེ་ཉིད།
༢༦ སྐུ་བྱིན་རླབས་ཀྱི་དེ་ཉིད།
༢༧ གསུང་བྱིན་རླབས་ཀྱི་དེ་ཉིད།
༢༨ ཐུགས་བྱིན་རླབས་ཀྱི་དེ་ཉིད།
༢༩ སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་བརླབས་པའི་དེ་ཉིད།
༣༠ ཡེ་ཤེས་སེམས་དཔའི་དེ་ཉིད།
༣༡ ཏིང་ངེ་འཛིན་སེམས་དཔའི་དེ་ཉིད།
༣༢ རིག་མ་འདུ་བྱ་བའི་དེ་ཉིད།
༣༣ རྗེས་ཆགས་ཀྱི་དེ་ཉིད།
༣༤ མཆོད་པའི་དེ་ཉིད།
༣༥ གཤེགས་པ་དབྱུང་བའི་དེ་ཉིད།
༣༦ གཤེགས་མ་དབྱུང་བའི་དེ་ཉིད།
༣༧ སེམས་དཔའ་དབྱུང་བའི་དེ་ཉིད།
༣༨ སེམས་མ་དབྱུང་བའི་དེ་ཉིད།
༣༩ ཁྲོ་བོ་དབྱུང་བའི་དེ་ཉིད།
༤༠ སྟེང་སྒོར་ཕྱག་མཚན་ཕྲ་མོ་བསྒོམ་པའི་དེ་ཉིད།
༤༡ འོག་སྒོར་ཐིག་ལེ་ཕྲ་མོ་བསྒོམ་པའི་དེ་ཉིད།
༤༢ ཡིད་བཟླས་ཀྱི་དེ་ཉིད།  
༤༣ ངག་བཟླས་ཀྱི་དེ་ཉིད།
༤༤ གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད།
༤༥ ཞུ་བ་གླུས་བསྐུལ་བ་ལས་བཞེངས་པའི་དེ་ཉིད།
༤༦ མཆོད་བསྟོད་ཀྱི་དེ་ཉིད།
༤༧ ཉེར་བསྡུའི་དེ་ཉིད།
༤༨ ཁ་ཟས་ཀྱི་དེ་ཉིད།
༤༩ ལུས་བརྟས་པར་བྱེད་པའི་དེ་ཉིད།
༥༠ དངོས་གྲུབ་ཆུང་ངུ་བསྒྲུབ་པའི་དེ་ཉིད།
༥༡ དངོས་གྲུབ་འབྲིང་བསྒྲུབ་པའི་དེ་ཉིད་རྣམས་སོ།།

         འོ་ན་གོང་དུ་དྲངས་པ་དེ་རྣམས་དེ་ཉིད་ཞེ་དགུའི་གྲངས་སུ་སྡུད་ཚུལ་ཇི་ལྟར་ཡིན་ཞེ་ན།  ༡༦ ས་བོན་ལས་བྱང་ཆུབ་པ་དང༌།   ༡༧ ཕྱག་མཚན་ལས་བྱང་ཆུབ་པ་དང༌།   ༡༨ སྐུ་རྫོགས་པ་ལས་བྱང་ཆུབ་པ་གསུམ། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པའི་དེ་ཉིད། ཅེས་མདོ་བསྲེ་ལས་གསུངས་པ་ལྟར་གཅིག་ཏུ་བསྡུས་པས་ཞེ་དགུའོ་ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས།   ༣༣ རྗེས་ཆགས་དང་། ༣༤ མཆོད་པ་གཉིས།  ༣༢ རིག་མ་འདུ་བྱ་བ་སོགས་ཀྱི་དེ་ཉིད། ཅེས་གཅིག་ཏུ་བསྡུས་པས་ཞེ་དགུའོ་ཞེས་རྗེ་བཙུན་ཤེས་རབ་སེང་གེ་ཡབ་སྲས་བཞེད་དོ༎     མངྒ་ལཾ༎   ༎

སྐྱེ་མཆེད་ཀྱི་མིང་ཅན་སྐབས་དོགས་ལན།

དྲི་བ་གཏོང་མཁན་རྩེད་ཐང་ཕུན་ཚོགས་བསྟན་འཕེལ།


དྲི་བ།  སྐྱེ་མཆེད་ཀྱི་མིང་ཅན་སྐྱེ་མཆེད་ཀྱིས་བསྡུས་པའི་སྐབས་སུ། འདུ་ཤེས་མེད་པ་པ་དེ་དྲི་རོ་མ་གཏོགས་པའི་སྐྱེ་མཆེད་བཅུས་བསྡུས་པར་གསུངས་འདུག་པས། སྒྲ་ཡི་སྐྱེ་མཆེད་ཀྱིས་བསྡུས་ཚུལ་ཇི་ལྟར་ཡིན་ནམ། སྒྲ་ཡིན་པ་ཡོད་པ་འཇོག་ན་མི་འཐད་པར་མཐོང་སྟེ།
                         མེད་པར་སེམས་དང་སེམས་བྱུང་རྣམས།།
                         འགོག་པའོ་རྣམས་སྨིན་དེ་འབྲས་ཆེ།།
ཞེས་གསུངས་པ་ལྟར་དེ་ལ་རྣམ་སྨིན་ཡིན་དགོས་པས་སོ།། ཞེས་པའི་དྲི་བ་ཞིག་སླེབས་ན་ལན་ཇི་ལྟར་འདེབས་དགོས་སམ།

ལན།     གནས་གཉིས་པར།
                         འགོག་པའོ་རྣམས་སྨིན་དེ་འབྲས་ཆེ།།
ཞེས་པ་ལྟར།  འདུ་ཤེས་མེད་པ་པ་རང་ཉིད་རྣམ་སྨིན་ཡིན་ཀྱང་།  སྒྲ་ལྟ་བུ་རྣམ་སྨིན་གཏན་མ་ཡིན་པ་དང་། གཟུགས་ལ་སོགས་པ་རྣམ་སྨིན་ཡིན་མིན་ཅི་རིགས་པའི་སྐྱེ་མཆེད་དགུ་སྟེ། སྐྱེ་མཆེད་བཅུ་ཁྱོད་ལ་ལྡན་པར་མི་འགལ་བས།  རྣམ་སྨིན་ཡིན་མིན་གང་ཡིན་ཡང་རུང་དྲི་རོ་མ་གཏོགས་པའི་སྐྱེ་མཆེད་བཅུ་དང་ལྡན་པའི་ཆ་ནས་ཁྱོད་དེ་བཅུས་བསྡུས་པ་གསུངས་ཏེ། དཔེར་ན་གཟུགས་སུ་གྱུར་པའི་གང་ཟག་མེད་ཀྱང་ཡང་དག་པར་ངེས་པ་དང་ལོག་པར་ངེས་པ་དང་མ་ངེས་པའི་གང་ཟག་རྣམས་ཕུང་པོ་ལྔ་ཆར་གྱིས་བསྡུས་པར་གསུངས་པ་མི་འགལ་བ་བཞིན་ནོ།། འོ་ན་སྒྲ་ཡི་སྐྱེ་མཆེད་དེ་འདུ་ཤེས་མེད་པ་པ་ལ་ལྡན་ཚུལ་ཇི་ལྟར་ཡིན་སྙམ་ན། དེའི་ཚུལ་ཡོད་དེ། ཟིན་པའི་འབྱུང་བ་ལས་གྱུར་པའི་སེམས་ཅན་ལ་མི་སྟོན་པའི་སྒྲ་ལྡན་པའི་ཕྱིར་ཏེ།  དེའི་ལུས་སམ་ལུས་ཀྱི་ཆ་ཤས་གང་ཡང་བསྒུལ་བསྐྱོད་ལ་སོགས་པའི་ཚེ་སྒྲ་འབྱུང་བ་གང་ཞིག །དེ་ཁྱོད་ཀྱི་སྒྲར་བཞག་དགོས་པའི་ཕྱིར།  དེ་ལྟ་མ་ཡིན་ན། གནས་གཉིས་པར།
                         འདོད་ན་དབང་པོ་མེད་པ་དང་།།
ཞེས་སོགས་ཀྱི་ཐད་ཀྱི་མཆིམས་མཛོད་དུ།
                         དེ་བཞིན་དུ་བརྒྱད་དང་དགུ་དང་བཅུ་དང་ལྡན་པ་དེ་དག་སྒྲ་དང་བཅས་པར་སྐྱེ་ན་ནི་དགུ་དང་
                         བཅུ་དང་བཅུ་གཅིག་དང་ལྡན་པར་འགྱུར་ཏེ། དེ་དག་དང་སྒྲ་གཞན་དུ་བགྲང་བའི་ཕྱིར་རོ།།
                          གཟུགས་ཁམས་ན་ནི་དྲི་རོ་མེད་པའི་ཕྱིར་དབང་པོ་མེད་པ་ནི་དྲུག་དང་། ལུས་ཀྱི་དབང་པོ་དང་
                         ལྡན་པ་བདུན་དང་། དབང་པོ་གཞན་དང་ལྡན་པ་བརྒྱད་དང་། སྒྲ་དང་བཅས་ན་དགུ་ལྷན་ཅིག་
                         སྐྱེ་བ་ཡིན་ལ།  
ཞེས་འདོད་གཟུགས་ན་ལུས་དབང་སྒྲ་དང་བཅས་པར་སྐྱེ་བ་ན་རིམ་པ་བཞིན་རྫས་བཅུ་དང་བརྒྱད་དང་ལྷན་ཅིག་སྐྱེ་བར་གསུངས་པས།  དེ་འདྲ་བའི་སྒྲ་དེ་ངག་གི་སྨྲ་བརྗོད་འབའ་ཞིག་ལ་བཤད་དགོས་ན་ཧ་ཅང་ཐལ་ལམ་སྙམ་མོ།།

Saturday, July 20, 2019

སྐལ་མཉམ་རྒྱུའི་དྲིས་ལན།

དྲི་བ་གཏོང་མཁན་རྩེད་ཐང་ཕུན་ཚོགས་བསྟན་འཕེལ།

དྲི་བ།     ཐར་གསལ་དང་མཆིམས་མཛོད་ནང་། བསམ་བྱུང་གི་བསྒོམས་བྱུང་གི་སྐལ་མཉམ་གྱི་རྒྱུ་བྱེད་པར་གསུངས་པ་དེ་དགོངས་པ་ཇི་ལྟར་འགྲེལ་དགོས་སམ། རང་འགྲེལ་དུ་མེད་པ་གསུངས་འདུག་ལ། དོན་ལ་ཡང་མེད་པ་འདྲ་པོ་འདུག
       ཡང་མཆིམས་མཛོད་ལས་དགེ་བ་སྐྱེས་ཐོབ་ཀྱི་སྐལ་མཉམ་རྒྱུ་ཉོན་མོངས་ཀྱིས་བྱེད་པ་གསུངས་པ་རྣམས་ལན་ཇི་འདྲ་ཞིག་འདེབས་དགོས་སམ།

ལན་ནི།  
                         སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན།།
                         ཐོས་དང་བསམ་བྱུང་ལ་སོགས་པ།།
ཞེས་པའི་རང་འགྲེལ་དུ།
                         འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་
                         བྱུང་བ་རྣམས་ཀྱི་ཡིན་ནོ། །བསམས་པ་ལས་བྱུང་བ་རྣམས་ནི་བསམས་པ་ལས་བྱུང་བ་རྣམས་ཀྱི་
                         ཡིན་ཏེ། བསྒོམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་
                         རྣམས་ནི་ཐོས་པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ། བསམས་པ་ལས་
                         བྱུང་བ་ནི་མེད་པའི་ཕྱིར་རོ།། བསྒོམས་པ་ལས་བྱུང་བ་རྣམས་ནི་བསྒོམས་པ་ལས་བྱུང་བ་རྣམས་
                         ཁོ་ནའི་ཡིན་ནོ།།
ཞེས་འདོད་པ་ན་བསྒོམས་བྱུང་དང་གོང་མ་ན་བསམ་བྱུང་མེད་པར་གསུངས་པས། མཆིམས་མཛོད་ལས་བསམ་བྱུང་གིས་བསྒོམས་བྱུང་གི་སྐལ་མཉམ་གྱི་རྒྱུ་བྱེད་པར་གསུངས་པ་ནི། གྲུབ་མཐའ་གོང་མའི་བཞེད་པ་འཐད་ཕྱོགས་སུ་མཛད་པ་ཡིན་ནམ་སྙམ་སྟེ། རྣལ་འབྱོར་སྤྱོད་པ་བའི་བཞེད་པ་འཐད་ཕྱོགས་སུ་མཛད་པ་གཞན་ཡང་གོང་འོག་ཀུན་ཏུ་མང་ངོ་།། ཐར་གསལ་དུ་དེ་ལྟར་གསུངས་པ་ནི། མཆིམས་མཛོད་ཀྱི་བཞེད་པ་བསྐྱར་བ་ཙམ་ཡིན་གྱི་ ༼ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་རྣམ་ཐར་ནང་། ང་ཚོ་སྣར་ཐང་བ་ཡིན་ན་མཛོད་མཆིམས་མཛོད་ལ་གཙོ་བོར་བྱེད། གསུངས་ཤིང་། ཐར་གསལ་འདི་ཡང་དགེ་འདུན་གྲུབ་པས་མཛོད་ཀྱི་བཤད་ཁྲིད་གནང་སྐབས་སློབ་མ་ (མཚན་མ་དྲན། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་ནང་གསལ།) ཞིག་གིས་ཟིན་བྲིས་གནང་བ་ཞིག་ཡིན་འདུག དེར་བརྟེན་མཆོད་བརྗོད་དུ་དགེ་འདུན་གྲུབ་པར་ཡང་མཆོད་བརྗོད་བྱུང་བ་ཡིན།༽ རང་གི་ལུགས་མིན་པར་སེམས་ཏེ། གནས་བཞི་པར།
                         རང་གི་ས་པའི་བཞི་ཡིན་ཏེ།།
                         གཞན་གྱི་ས་པ་གསུམ་དང་གཉིས།།
ཞེས་པའི་དོན་ཐར་གསལ་དུ་བཤད་པ་ན། དེ་ཉིད་ལས།
                         རང་གི་ས་པའི་འབྲས་བུ་རང་གི་ས་པ་ནི་བྲལ་འབྲས་མ་གཏོགས་པ་བཞི་ཡིན་ནོ།། དེ་མ་གཏོགས་
                         ཏེ། དེ་སས་མ་བསྡུས་པའི་ཕྱིར།   གཞན་གྱི་ས་པའི་ལས་ཀྱི་འབྲས་བུ་གཞན་གྱི་ས་པ་ནི་ཟག་མེད་
                         ཡིན་ན། སྐྱེས་བདག་གཉིས་དང་རྒྱུ་མཐུན་ཏེ་གསུམ་དང་། ཟག་བཅས་ཡིན་ན་སྐྱེས་བདག་གཉིས་སོ༎
ཞེས་ཟག་བཅས་ལ་གཞན་གྱི་ས་པའི་རྒྱུ་མཐུན་གྱི་འབྲས་བུ་མེད་པར་གསུངས་པས། ཟག་བཅས་ལ་གཞན་གྱི་ས་པས་གཞན་གྱི་ས་པའི་སྐལ་མཉམ་གྱི་རྒྱུ་མི་བྱེད་པ་དོན་གྱིས་གོ་བའི་ཕྱིར།
    མཆིམས་མཛོད་ཡིག་ཆུང་དུ།
                         (དེའི་ཤུགས་ལ་དགེ་བ་སྐྱེས་ཐོབ་རྣམས་དང་ཉོན་མོངས་ཅན་རྣམས་ཕན་ཚུན་སྐལ་མཉམ་དུ་
                         བསྟན་ཏེ་དགེ་བ་སྐྱེས་ཐོབ་ཆུང་ངུའི་སྐལ་མཉམ་ཉོན་མོངས་ཅན་ནི་དགེ་རྩ་གཅད་པ་དང་གཉེན་
                         པོས་སྤོང་བའི་དུས་ལྟ་བུའོ།།)                      
ཞེས་གསུངས་པ་འདིས་དགེ་བ་སྐྱེས་ཐོབ་ཀྱི་སྐལ་མཉམ་གྱི་རྒྱུར་ཉོན་མོངས་ཅན་ཡོད་པར་བསྟན་པ་མ་ཡིན་གྱི། དགེ་་སྐྱེས་ཐོབ་དང་ཉོན་མོངས་ཅན་གཉིས་པོ་སོ་སོ་ནས་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པར་མ་ཟད་དམན་པའི་ཡང་སྐལ་མཉམ་གྱི་རྒྱུ་བྱེད་པར་བསྟན་པ་ཡིན་ཏེ།  ཡིག་ཆུང་གི་ཚིག་འདི་དག་གིས་རང་འགྲེལ་གྱི་དོན་བཤད་པ་ཡིན་ལ། རང་འགྲེལ་ལས་ནི་འདི་ལྟར་གསུངས་ཏེ། དེ་ཉིད་ལས།
                         སྐྱེས་ནས་ཐོབ་པ་ཅན་གྱི་དགེ་བའི་ཆོས་རྣམས་ནི་རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་དུ་སྐལ་བ་
                         མཉམ་པའི་རྒྱུ་ཡིན་ཏེ། ཉོན་མོངས་པ་ཅན་རྣམས་ཀྱང་དེ་དང་འདྲའོ།།
ཞེས་སོ།།  དོན་ནི།  དགེ་བ་སྐྱེས་ཐོབ་ཆུང་ངུའི་ཆུང་ངུས་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་གི་མཉམ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་ནས། དགེ་བ་སྐྱེས་ཐོབ་ཆེན་པོའི་འབྲིང་གིས་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའི་བར་མཉམ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་མ་ཟད།  དགེ་བ་སྐྱེས་ཐོབ་ཆེན་པོའི་ཆེན་པོས་ཆེན་པོའི་འབྲིང་གི་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་པ་ནས། དགེ་བ་སྐྱེས་ཐོབ་ཆུང་ངུའི་འབྲིང་གིས་ཆུང་ངུའི་ཆུང་ངུའི་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་པའི་བར་ཏེ། མདོར་ན་དགེ་བ་སྐྱེས་ཐོབ་ཀྱིས་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་བཞིན་དུ་ཁྱད་པར་ཅན་གྱིས་ཀྱང་དམན་པ་ལ་སྐལ་མཉམ་གྱི་རྒྱུ་བྱེད་པས་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། དེ་བཞིན་དུ་ཉོན་མོངས་ཅན་རྣམས་ཀྱང་སྐལ་མཉམ་གྱི་རྒྱུ་བྱེད་ཚུལ་དགེ་བ་སྐྱེས་ཐོབ་དང་འདྲ་བར་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་གྱི་དབྱེ་བ་མེད་པར་དམན་པས་ཁྱད་པར་ཅན་ལ་སྐལ་མཉམ་གྱི་རྒྱུ་བྱེད་པ་བཞིན་དུ་ཁྱད་པར་ཅན་གྱིས་ཀྱང་དམན་པ་ལ་སྐལ་མཉམ་གྱི་རྒྱུ་བྱེད་པས་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན། ཞེས་པ་ཡིན་ཏེ། དེ་ལྟར་ཡང་འགྲེལ་བཤད་རྒྱལ་པོའི་སྲས་ལས།
                         སྐྱེས་ནས་ཐོབ་པ་ཅན་གྱི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ལ་སྐྱེ་བས་ཐོབ་པ་ནི་ནས་ཐོབ་པའོ། །དེ་
                         འདི་དག་ལ་ཡོད་པས་སྐྱེས་ནས་ཐོབ་པ་ཅན་དག་གོ། །རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་དུ་
                         སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་ཆུང་ངུའི་ཆུང་ངུ་རྣམས་ནས་ཆེན་པོའི་ཆེན་པོ་རྣམས་
                         ཁོ་ནའི་བར་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ་ཆེན་པོའི་ཆེན་པོ་ནི་ཆུང་ངུའི་ཆུང་ངུ་རྣམས་ནས་
                         ཆེན་པོའི་ཆེན་པོ་རྣམས་ཀྱི་བར་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །མངོན་པར་འདུ་བྱེད་པ་ལས་
                         བྱུང་བ་མ་ཡིན་པའི་ཕྱིར་མཉམ་པ་དང་ཁྱད་པར་ཅན་དག་ཁོ་ནའི་ནི་མ་ཡིན་ཏེ། སྐལ་བ་མཉམ་
                         པའི་རྒྱུ་མངོན་པར་འདུ་བྱེད་པའི་ལས་བྱུང་བའི་འབྲས་བུ་ནི་དམན་པ་ཡིན་པར་མི་འདོད་ཀྱི་
                         མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་རྣམས་ཀྱང་དེ་
                         དང་འདྲའོ་ཞེས་བྱ་བ་ནི་བརྩལ་བ་ལས་བྱུང་བ་མ་ཡིན་པའི་ཕྱིར་རྣམ་པ་དགུ་པོ་ཐམས་ཅད་ཕན་
                         ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་པས་སྔར་བྱུང་བ་ཐམས་ཅད་ཀྱང་རང་གི་ས་པ་ཕྱིས་འབྱུང་བ་
                         ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ལ་མཉམ་པ་དང་ཁྱད་པར་ཅན་ཉིད་ལ་ལྟས་
                         པ་ནི་མེད་དོ།།
ཞེས་སོ༎  དེ་ལྟར་ན་མཆིམས་མཛོད་ཡིག་ཆུང་གི་གཞུང་ཚིག་དེའི་དོན་ནི།   (སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན།། ཞེས་དགེ་བ་སྦྱོར་བྱུང་ལ་ཟག་མེད་དང་འདྲ་བར་མཉམ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་ཁོ་ན་ཡིན་ཞེས་བཤད་པ་ན། དགེ་བ་སྦྱོར་བྱུང་ཞེས་པ་) དེའི་ཤུགས་ལ་དགེ་བ་སྐྱེས་ཐོབ་རྣམས་ (དམན་པ་དང་མཉམ་པ་དང་ཁྱད་པར་ཅན་གྱི་དབྱེ་བ་མེད་པར་ཕན་ཚུན་སྐལ་མཉམ་གྱི་རྒྱུ་བྱེད་པ་) དང་། (དེ་བཞིན་དུ་) ཉོན་མོངས་ཅན་རྣམས་ (ཀྱང་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་གྱི་དབྱེ་བ་མེད་པར་) ཕན་ཚུན་སྐལ་མཉམ་དུ་བསྟན་ཏེ།  (དཔེར་ན་) དགེ་བ་སྐྱེས་ཐོབ་ (ཆུང་ངུའི་འབྲིང་གིས་) ཆུང་ངུའི་ (ཆུང་ངུའི་) སྐལ་མཉམ་ (གྱི་རྒྱུ་བྱེད་པ་དང་།)  ཉོན་མོངས་ཅན་ (ཆུང་ངུའི་འབྲིང་གིས་ཆུང་ངུའི་ཆུང་ངུའི་སྐལ་མཉམ་གྱི་རྒྱུ་བྱེད་པ་) ནི།  (རིམ་པ་ལྟར་ལོག་ལྟས་) དགེ་རྩ་གཅོད་པ་དང་། གཉེན་པོས་ (ཉོན་མོངས་) སྤོང་བའི་དུས་ལྟ་བུའོ།།  (ཞེས་པ་ཞིག་ཐོབ་བམ་སྙམ་མོ།།)  
༼གུག་ཤད་ (་་་་་་་་) འདི་ནང་ཚུད་པ་རྣམས་ངའི་ཚིག་དང་དཀྱུས་རྣམས་མཆིམས་མཛོད་ཡིག་ཆུང་གི་གཞུང་ཚིག་ཡིན་པ་མཁྱེན་པར་མཛོད།།༽

                         ལེགས་བཤད་གསར་པའི་སྐྱེས་བཟང་འདི།།
                         ཆོས་གྲོགས་ཁྱེད་ལ་འབུལ་ལགས་ན།།
                         ལུང་གི་བསྟན་པ་དར་བའི་སླད།།
                         མ་སྦས་ཀུན་ལ་སྤེལ་བར་མཛོད།།

མཛོད་ཀྱི་མུ་བཞི་དགེའོ།།


དེ་ཡང་ཇི་སྐད་དུ།  དམ་པའི་ཆོས་མངོན་པ་མཛོད་ལས། ཤེས་པ་ཟག་བཅས་ཟག་པ་མེད༎ ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཤེས་པ་བཅུ་པོ་དེ་དག  ཆོས་བཅུ་དག་ནི་སྦྱར་བར་བྱ༎  ཞེས་པའི་ཆོས་བཅུ་པོ་དེ་དག་གི་ཡུལ་ཅན་དུ་བརྩི་རུང་གི་ཚན་པ་བརྐྱང་ན་ ༥༨ ཡོད། དེ་ལ་མིང་འདྲ་བསྡོམས་པའི་ཚན་པ་ ༨ དང་། སླར་བསྡུ་ཚན་པ་ ༢ ཡོད། ཆོས་བཅུ་ལས་འདོད་པ་དང་ཟག་མེད་ཀྱི་མཚུངས་ལྡན་ཡིན་མིན་བཞི་དང་འདུས་མ་བྱས་ལུང་མ་བསྟན་རྣམས་ཚན་པ་སྔ་མ་དང་། དེ་དག་ལས་གཞན་པ་རྣམས་ཚན་པ་ཕྱི་མར་བྱས་ནས། ཤེས་པ་བཅུ་པོ་རེ་རེ་ནས་ཚན་པ་སྔ་མའི་ཡུལ་ཅན་དུ་བརྩི་རུང་གྲངས་མང་ལ་ཕྱི་མའི་ཡུལ་ཅན་དུ་བརྩི་རུང་གྲངས་ཉུང་བ། དེ་ལས་ལྡོག་པ། གྲངས་མཉམ། གང་མིན་དང་བཅས་པ་ལ་མུ་བཞི། མུ་བཞི་པོ་རེ་རེ་ལ་ཡང་བཟོད་ཤེས་ལྟ་གསུམ་བརྩི་རུང་གྲངས་མཉམ་པ་མ་ཡིན་མི་མཉམ་པ་མ་ཡིན་པའི་ཕྱིར།


1. ཀུན་རྫོབ་ཤེས་པའི་ཡུལ་དུ། བཅུ་པོ་ཐམས་ཅད་དང༌། 
2. ཆོས་ཤེས་ཀྱི་ཡུལ་དུ། འདོད་པ། ཟག་མེད་འདུས་བྱས་དང་གཉིས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་བཞི་དང་། འདུས་མ་བྱས་དགེ་བ་བཅས་ལྔ།
3. རྗེས་ཤེས་ཀྱི་ཡུལ་དུ། ཁམས་གོང་མ་གཉིས། ཟག་མེད་འདུས་བྱས་དང་གསུམ་གྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་དྲུག་དང་། འདུས་མ་བྱས་དགེ་བ་བཅས་བདུན། 
4. སྡུག་བསྔལ་ཤེས་པའི་ཡུལ་དུ། ཁམས་གསུམ་གྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་དྲུག
5. ཀུན་འབྱུང་ཤེས་པའི་ཡུལ་དུའང་། ཁམས་གསུམ་གྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་དྲུག
6. འགོག་པ་ཤེས་པའི་ཡུལ་དུ། འདུས་མ་བྱས་དགེ་བ་གཅིག་པུ། 
7. ལམ་ཤེས་པའི་ཡུལ་དུ། ཟག་མེད་འདུས་བྱས་ཀྱི་མཚུངས་ལྡན་ཡིན་མིན་གཉིས།
8. ཕ་རོལ་སེམས་ཤེས་ཀྱི་ཡུལ་དུ། འདོད་གཟུགས་གཉིས་དང་ཟག་མེད་བཅས་གསུམ་གྱི་མཚུངས་ལྡན་གསུམ།
9. ཟད་པ་ཤེས་པའི་ཡུལ་དུ། འདུས་མ་བྱས་ལུང་མ་བསྟན་མ་གཏོགས་པ་དགུ།
10. མི་སྐྱེ་བ་ཤེས་པའི་ཡུལ་དུ། འདུས་མ་བྱས་ལུང་མ་བསྟན་མ་གཏོགས་པ་དགུ།

ཀུན་རྫོབ་ཤེས་པའི་ཡུལ་དུ་བཅུ༎
ཆོས་ལྔ་རྗེས་དྲུག་སྡུག་ཀུན་དྲུག།
འགོག་ལམ་སེམས་ཤེས་གཅིག་གཉིསགསུམ༎
ཟད་དང་མི་སྐྱེའི་ཡུལ་དུ་དགུ༎


སྔ་མ་གྲངས་མང་། 
1. ཆོས་ཤེས། ༤-༡
2. ཕ་རོལ་སེམས་ཤེས། ༢-༡

ཕྱི་མ་གྲངས་མང་། 
1. རྗེས་ཤེས། ༢-༥ 
2. སྡུག་བསྔལ་ཤེས་པ། ༢-༤
3. ཀུན་འབྱུང་ཤེས་པ། ༢-༤ 
4. ཟད་པ་ཤེས་པ། ༤-༥ 
5. མི་སྐྱེ་བ་ཤེས་པ། ༤-༥ 

གྲངས་མཉམ། 
1. ཀུན་རྫོབ་ཤེས་པ། ༥-༥

གང་མིན། 
1. འགོག་པ་ཤེས་པ། ༠-༡ 
2. ལམ་ཤེས་པ། ༢-༠ 

Thursday, July 18, 2019

མི་ཆོས་གཙང་མ་བཅུ་དྲུག

* ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ།
* དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ།
* ཕ་མ་ལ་དྲིན་ལན་འཇལ་བ།
* ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ།
* རིགས་མཐོ་བ་དང་རྒན་རབས་ལ་བཀུར་སྟི་ཆེ་བ།
* ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ།
* བཀའ་དྲང་ཞིང་སེམས་ཆུང་བ།
* ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ།
* ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ།
* ཟས་ནོར་ལ་ཚོད་འཛིན་པ།
* སྔར་དྲིན་ཅན་གྱི་མི་རྩད་གཅད་པ།
* བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པ།
* ཀུན་ལ་ཕྲག་དོག་ཆུང་བ།
* ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།
* ངག་འཇམ་ཞིང་སྨྲ་བ་ཉུང་བ།
* ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ། །

Wednesday, July 17, 2019

ཉེ་བའི་རིན་ཆེན་བདུན།

གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང་།།
ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང་།།
ཡང་འཇམ་ཉོན་མོངས་སྤངས་པའི་མལ་ཆ་དང་།།
དགའ་མགུ་རྩེ་བར་བདེ་བའི་ཡིད་འོང་ཚལ།།
གང་འདོད་བལྟ་ནུས་བདེ་བར་ཉལ་བའི་ཁྱིམ།།
ཐགས་བཟང་བསྲེགས་བཅད་མི་ནུས་འཇམ་པའི་གོས།།
ཆུ་ལ་མི་འབྱིང་ངལ་དུབ་མེད་པའི་ལྷམ།།
ཉེ་བའི་རིན་ཆེན་རྣམ་བདུན་འདི་དག་ཀྱང་།།
བཅོམ་ལྡན་འཁོར་དང་བཅས་ལ་ཕུལ་བ་ཡིས།།
འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག།

ལུས་ཀྱི་ཟག་པ་སྦྱིན་པར་གཏང་བའི་གཟུངས།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།   ལུས་ཀྱི་ཟག་པ་སྦྱིན་པར་གཏང་བའི་གཟུངས།   
མཆིལ་མ་ལ།   ཨོཾ་ཨཿཤླེཥྨཱ་ཧ་རེ་བྷྱཿསྭཱཧཱ།   
ལུད་པ་ལ།   ཨོཾ་ཨཿཁྲེ་ར་ཨཱ་ཧ་རེ་བྷྱཿསྭཱཧཱ།   
སྣབས་ལ།   ཨོཾ་ཨཿསིཾ་གྷ་ན་ཨཱ་ཧ་རེ་བྷྱཿསྭཱཧཱ། 
ལུས་ཀྱི་དྲི་མ་ལ།   ཨོཾ་ཨཿམ་ལ་ཨཱ་ཧ་རེ་བྷྱཿསྭཱཧཱ།   
དྲི་ཆེན་ལ།   ཨོཾ་ཨཿབི་ཊ་ཨཱ་ཧ་རེ་བྷྱཿསྭཱཧཱ།   
དྲི་ཆུ་ལ།   ཨོཾ་ཨཿམུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱཧཱ།   
      
      དེ་རྣམས་སོ་སོ་ལ་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ།།   སེ་གོལ་བརྡབ་བོ།།   དེ་རྣམས་ལ་དེ་ལྟར་སྦྱིན་པའི་བསོད་ནམས་ཅི་བསགས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་བསྔོ་བར་བྱའོ།།   
    
     འདི་དག་ནི་བླ་མ་རྡོ་རྗེ་གདན་པས་མདོ་རྒྱུད་ལས་ཕྱུང་སྟེ།   བ་རི་ལོ་ཙྪ་བས་བསྒྱུར་བའོ།།

ཟུར་ཁ་བརྒྱ་རྩའི་དཀར་ཆག



༡. ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་དང་རྗེས་གནང་།
༢. བཀའ་གདམས་ལྷ་བཞི་ལས་དང་པོ་ཐུབ་པ་གཙོ་འཁོར་རྣམ་གསུམ་གྱི་སྒྲུབ་ཐབས་དང་རྗེས་གནང་།
༣. བཀའ་གདམས་ལྷ་བཞི་ལས་གཉིས་པ་སྤྱན་རས་གཟིགས་གཙོ་འཁོར་རྣམ་གསུམ་སྒྲུབ་ཐབས་དང་རྗེས་གནང་།
༤. བཀའ་གདམས་ལྷ་བཞི་ལས་གསུམ་པ་ཁྲོ་བོ་མི་གཡོ་བའི་སྒྲུབ་ཐབས་དང་རྗེས་གནང་།
༥. བཀའ་གདམས་ལྷ་བཞི་ལས་བཞི་པ་སྒྲོལ་མ་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས་དང་རྗེས་གནང་།
༦. བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུབ་པ་རྟེན་འབྲེལ་བསྲུང་བའི་སྒྲུབ་ཐབས་དང་བྱིན་རླབས་བྱེད་ཚུལ།
༧. སྨན་བླ་མཆེད་བདུན་གྱི་སྒྲུབ་ཐབས་དང་རྗེས་གནང་།
༨. སངས་རྒྱས་ཀླུ་དབང་རྒྱལ་པོལ་ཧ་ལྔའི་སྒྲུབ་ཐབས་སྒྲུབ་ཐབས་དང་རྗེས་གནང་།
༩. བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་ས་ལུགས་འཇམ་དབྱངས་ཨ་ར་པ་ཙཱའི་སྒྲུབ་ཐབས་དང་རྗེས་གནང་།
༡༠. འཇམ་དབྱངས་གང་བློ་མའི་སྒྲུབ་ཐབས་དང་རྗེས་གནང་།
༡༡. དམ་པ་ལུགས་འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས་དང་རྗེས་གནང་།
༡༢. མ་ཏི་ལུགས་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་དང་རྗེས་གནང་།
༡༣. པཎ་ཌི་ཏ་གསེར་གདུགས་ཅན་གྱི་ལུགས་ཀྱི་འཇམ་དབྱངས་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་དང་རྗེས་གནང་།
༡༤. བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་དང་རྗེས་གནང་།
༡༥. གུར་ནས་བྱུང་བའི་སོ་སོར་འབྲང་མའི་སྒྲུབ་ཐབས།༼རྗེས་གནང་སྒྲུབ་ཐབས་བརྒྱ་རྩ་ལྟར།༽
༡༦. རྟོག་པ་ནས་གསུངས་པའི་གཟའ་ཡུམ་གྱི་སྒྲུབ་ཐབས།༼རྗེས་གནང་སྒྲུབ་ཐབས་བརྒྱ་རྩ་ལྟར།༽
༡༧. བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་གཏོར་རྣམ་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་དང་རྗེས་གནང་།
༡༨. བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཕོ་ཉ་རི་ཁྲོད་ལོ་མ་གྱོན་མ་གཙོ་རྐྱང་གི་སྒྲུབ་ཐབས་དང་རྗེས་གནང་།
༡༩. སྲད་རྒྱུད་ལུགས་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་དང་རྗེས་གནང་།
༢༠. སྣུབ་ལུགས་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་དང་རྗེས་གནང་།
༢༡. ཕུར་ལུགས་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་དང་རྗེས་གནང་།
༢༢. སཱ་ལའི་ཕོ་ཉ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་སྒྲུབ་ཐབས་དང་རྗེས་གནང་།
༢༣. དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་གཙུག་གཏོར་འབར་བའི་སྒྲུབ་ཐབས་དང་རྗེས་གནང་།
༢༤. བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གནོད་སྦྱིན་གུར་ནས་གསུངས་པའི་ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས།༼རྗེས་གནང་སྒྲུབ་ཐབས་བརྒྱ་རྩ་ལྟར།༽
༢༥. ཛམ་བྷ་ལྷ་སེར་པོའི་སྒྲུབ་ཐབས་དང་རྗེས་གནང་།
༢༦. ཛམ་བྷ་ལྷ་ནག་པོའི་སྒྲུབ་ཐབས་དང་རྗེས་གནང་།
༢༧. དུས་འཁོར་ནས་བཤད་པའི་ཁྲོ་བོ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་དང་རྗེས་གནང་།
༢༨. དུས་འཁོར་ནས་བཤད་པའི་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་དང་རྗེས་གནང་།
༢༩. དུས་འཁོར་ནས་བཤད་པའི་རྡོ་རྗེ་ཁྱུང་ཁྲའི་སྒྲུབ་ཐབས་དང་རྗེས་གནང་།
༣༠. ཁྱུང་སྔོན་འབྱུང་པོ་འུར་དེད་ཅན་གྱི་སྒྲུབ་ཐབས་དང་རྗེས་གནང་།
༣༡. ཁྱུང་ནག་མེའི་སྤུ་གྲིའི་སྒྲུབ་ཐབས་དང་རྗེས་གནང་།
༣༢. བྱ་རྒྱུད་པད་མའི་རིགས་ཀྱི་གཙོ་བོ་ས་སྐྱའི་གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས་དང་རྗེས་གནང་།
༣༣. སྟག་ལུང་པའི་ཟབ་ཆོས་ཚེ་དཔག་མེད་སྤྲུལ་སྐུའཱི་སྒྲུབ་ཐབས་དང་རྗེས་གནང་།
༣༤. ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་དང་རྗེས་གནང་།
༣༥. བྱ་རྒྱུད་པད་མའི་རིགས་ཀྱི་བདག་པོ་དཔལ་མོ་ལུགས་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས།༼རྗེས་གནང་ཛམ་སེར་ལྟར་ཁ་བསྒྱུར་།༽
༣༦. ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཅན་བདེ་གཤེགས་བཞི་བསྐོར་གྱི་རྗེས་གནང།
༣༧. ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་མཁའ་འགྲོ་ལྔ་དང་བཅས་པའི་སྒྲུབ་ཐབས་དང་རྗེས་གནང།
༣༨. སྐྱེར་སྒང་ལུགས་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། ༼རྗེས་གནང་བཀའ་གདམས་ལྷ་བཞི་ལྟར་སྦྱར།༽
༣༩. དོན་ཡོད་ཞགས་པ་ལྷ་ལྔའི་སྒྲུབ་ཐབས།་རྗེས་གནང་།སྙིང་པོའི་གཟུངས་དང་སྒྲུབ་ཆོག།
༤༠. སྤྱན་རས་གཟིགས་སེང་གེའི་སྒྲའི་སྒྲུབ་ཐབས།་༼རྗེས་གནང་ཛམ་སེར་ལྟར་ཁ་བསྒྱུར་།༽
༤༡. པད་མའི་རིགས་ཀྱི་ཡུམ་སྒྲོལ་མ་གཙོ་རྐྱང་གི་སྒྲུབ་ཐབས།་༼་རྗེས་གནང་སྤྱི་འགྲོ་ལུང་གསུམ་ཡིན།༽
༤༢. གཉན་ལུགས་སྒྲོལ་ལྗང་གི་སྒྲུབ་ཐབས་དང་རྗེས་གནང་།་རྗེ་བཙུན་སྒྲོལ་ལྗང་གི་མཚན་བརྒྱ་རྩ་བརྒྱད་པ།་
༤༣. སྒྲོལ་མ་དམར་མོའི་སྒྲུབ་ཐབས་དང་རྗེས་གནང་།
༤༤. སྒྲོལ་དཀར་གུར་དཀར་མའི་སྒྲུབ་ཐབས།་འདིའི་ལོ་རྒྱུས་དང་རྗེས་གནང།
༤༥. སྒྲོལ་དཀར་བཀའ་བབ་དགུ་ལྡན་གྱི་རྗེས་གནང་།
༤༦. སྒྲོལ་དཀར་ཐུན་མོང་མ་ཡིན་པ་དཀྱུས་གཅིག་པའི་སྒྲུབ་ཐབས་དང་རྗེས་གནང་།
༤༧. ལྷ་མོ་ཤྲ་མ་ནའི་སྒྲུབ་ཐབས་དང་རྗེས་གནང་།
༤༨. པད་མའི་རིགས་ཀྱི་ཁྲོ་བོ་ཇོ་ལུགས་ཛམ་བྷ་ལྷ་དཀར་པོལ་ཧ་ལྔའི་སྒྲུབ་ཐབས་དང་རྗེས་གནང་།
༤༩. གྲུབ་རྒྱལ་ལུགས་རྟ་མགྲིན་དཔའ་གཅིག་གི་སྒྲུབ་ཐབས་དང་རྗེས་གནང་།
༥༠. བྱང་སེམས་ཟླ་བ་རྒྱལ་མཚན་ལུགས་རྟ་མགྲིན་ལྕགས་རལ་ཅན་གྱི་སྒྲུབ་ཐབས་དང་རྗེས་གནང་།
༥༡. བྱ་རྒྱུད་རྡོ་རྗེའི་རིགས་ཀྱི་བདག་པོ་ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས་དང་རྗེས་གནང་།
༥༢. ཕྱག་རྡོར་ཨུ་ཙརྱ་ནའི་སྒྲུབ་ཐབས་དང་རྗེས་གནང་།
༥༣. ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་སྒྲུབ་ཐབས་དང་རྗེས་གནང་།
༥༤. ཕྱག་རྡོར་གཏུམ་པོ་ཁྲ་ཐོགས་ཀྱི་སྒྲུབ་ཐབས་དང་རྗེས་གནང་།
༥༥. ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་དང་རྗེས་གནང།
༥༦. བཀའ་གདམས་ཚོགས་བདག་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས་རྗེས་གནང་།
༥༧. ཚོགས་བདག་ཆགས་པ་རྡོ་རྗེའི་སྒྲུབ་ཐབས་དང་རྗེས་གནང་།
༥༨. མི་གཡོ་བ་སྔོན་པོའི་སྒྲུབ་ཐབས།༼རྗེས་གནང་རིགས་འགྲེལ་སྦྱར་ཚུལ་གསུངས།༽
༥༩. མི་གཡོ་བ་དཀར་པོའི་སྒྲུབ་ཐབས་དང་རྗེས་གནང་།
༦༠. རྡོ་རྗེ་རྣམ་འཇོམས་ལྗང་སྔོན་གྱི་སྒྲུབ་ཐབས་དང་རྗེས་གནང་།རྗེས་གནག་དང་འབྲེལ་བའི་ཁྲུས་ཆོག།
༦༡. ཁྲོ་བོ་སྨྲེ་བརྩེགས་དུད་ཁའི་སྒྲུབ་ཐབས་དང་རྗེས་གནང་།་རྗེས་གནང་དང་འབྲེལ་བའི་ཁྲུས་ཆོག།
༦༢. སྨྲེ་བརྩེགས་ལྗང་ནག་གི་སྒྲུབ་ཐབས་དང་རྗེས་གནང་།
༦༣. རྡོ་རྗེ་སེམས་དཔའ་ཡབ་རྐྱང་གི་རྗེས་གནང་།
༦༤. རྡོར་སེམས་ཡབ་ཡུམ་གྱི་སྒྲུབ་ཐབས་དང་རྗེས་གནང་།
༦༥. དཔལ་གསང་བ་འདུས་པའི་དྲང་ངེས་ཀྱི་སྔགས་བཏུ།
༦༦. འཕགས་ཡུལ་ཛམ་བྷ་ལྷའི་སྒྲུབ་ཐབས།༼རྗེས་གནང་སྣ་ཚོགས་ཡུམ་ལྟར།༽
༦༧. རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་དང་རྗེས་གནང་།
༦༨. དཔལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་སྒྲུབ་སྐོར་དང་རྗེས་གནང་བྱ་ཚུལ་སྐོར།
༦༩. དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་བཏུ།
༧༠. ཕྱག་རྡོར་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ།
༧༡. རྒ་ལོའོ་ལུགས་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས།་འདིའི་བྱིན་རླབས་བྱེད་ཚུལ།
༧༢. སྟག་ལུང་པའི་ཐུགས་དམ་བདེ་མཆོག་དཔའ་གཅིག་གི་སྒྲུབ་ཐབས།་༼བྱིན་རླབས་བདེ་མཆོག་ལྷན་སྐྱེས་ལྟར་ཁ་བསྒྱུར་ཚུལ།༽
༧༣. བདེ་མཆོག་གི་སྔགས་བཏུ།
༧༤. བདེ་མཆོག་དཀར་པོའི་ཚེ་སྒྲུབ།་འདིའི་བྱིན་རླབས་བྱེད་ཚུལ།
༧༥. དཔལ་ལུགས་མཁའ་སྤྱོད་སྐོར་གསུམ་ལས་དང་པོཔ་ཧག་མོ་ཞལ་གཉིས་མའི་སྒྲུབ་ཐབས།་འདིའི་སློབ་མ་རྗེས་འཛིན།
༧༦. དཔལ་ལུགས་མཁའ་སྤྱོད་སྐོར་གསུམ་ལས་གཉིས་པ་ཕག་མོ་སངས་རྒྱས་མཁའ་འགྲོའི་སྒྲུབ་ཐབས། འདིའི་སློབ་མ་རྗེས་འཛིན།
༧༧. དཔལ་ལུགས་མཁའ་སྤྱོད་སྐོར་གསུམ་ལས་གསུམ་པ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས།
༧༨. དྭགས་པོ་ལུགས་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས།་འདིའི་བྱིན་རླབས།
༧༩. ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས།་འདིའཱི་བྱིན་རླབས།
༨༠. པཎ་ཆེན་ནགས་རིན་ལུགས་སེང་གདོང་མ་དམར་མོའི་སྒྲུབ་ཐབས་དང་རྗེས་གནང་།
༨༡. ཞལ་ཇོ་ཡབ་སྲས་ཀྱི་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་མི་ཏྲ་ལུགས་ཆ་ལུགས་དང་བཅས་ལྷ་བརྒྱད་ཡོད་པ་ལས་དང་པོ་སྐུའི་ལྷ་འཇམ་དབྱངས་ཀྱི་སྒྲུབ་ཐབས་དང་རྗེས་གནང་།
༨༢. མི་ཏྲ་ལུགས་ལྷ་བརྒྱད་ལས་གཉིས་པ་གསུང་གི་ལྷ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དང་རྗེས་གནང་།
༨༣. མི་ཏྲ་ལུགས་གསུམ་པ་ཐུགས་ཀྱི་ལྷ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དང་རྗེས་གནང་སྐོར།
༨༤. མི་ཏྲ་ལུགས་བཞི་པ་ཡོན་ཏན་གྱི་ལྷ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དང་རྗེས་གནང་སྐྲོ།
༨༥. མི་ཏྲ་ལུགས་ལྔ་པ་འཕྲིན་ལས་ཀྱི་ལྷ་སྒྲོལ་མའི་སྒྲུབ་ཐབས་དང་རྗེས་གནང་།
༨༦. མི་ཏྲ་ལུགས་དྲུག་པ་ནོར་ལྷ་ཛམ་བྷ་ལྷའི་སྒྲུབ་ཐབས་དང་རྗེས་གནང་སྐོར།
༨༧. མི་ཏྲ་ལུགས་བདུན་པ་རྟ་མགྲིན་པད་མའི་དབྱུག་ཐོ་ཅན་གྱི་སྒྲུབ་ཐབས་དང་རྗེས་གནང་སྐོར།
༨༨. མི་ཏྲ་ལུགས་ལྷ་བརྒྱད་ལས་བརྒྱད་པ་བཀའ་སྲུང་བྲག་ལྷ་མགོན་པོའི་སྒྲུབ་ཐབས་དང་རྗེས་གནང་།
༨༩. བུས་ཏོན་ལུགས་དཔལ་མགོན་བེང་དམར་གྱི་སྒྲུབ་ཐབས་དང་རྗེས་གནང་།
༩༠. ལས་གཤིན་དཔའ་གཅིག་གི་སྒྲུབ་ཐབས་ཐབས་དང་རྗེས་གནང་།
༩༡. ལས་གཤིན་ཁྲག་མདོག་ཡབ་ཡུམ་གྱི་སྒྲུབ་ཐབས་དང་རྗེས་གནང་།
༩༢. ལས་གཤིན་མ་རུ་རྩེ་བཞི་སྐོར་གྱི་སྒྲུབ་ཐབས།༼རྗེས་གནང་ལས་གཤིན་དཔའ་གཅིག་ལྟར་ཁ་བསྒྱུར་བྱ།༽
༩༣. ལས་གཤིན་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་རྗེས་གནང་།
༩༤. ལྕམ་སྲིང་འཁོར་མང་གི་སྒྲུབ་ཐབས་དང་རྗེས་གནང་།
༩༥. དུར་བདག་ཡབ་ཡུམ་གྱི་སྒྲུབ་ཐབས་དང་རྗེས་གནང་།
༩༦. མགོན་པོ་བྱ་རོག་མའམ་ཕྱག་བཞི་པའི་གྲུབ་ཐབས་དང་རྗེས་གནང་།
༩༧. མགོན་དཀར་འཆི་བདག་འཇོམས་པའི་སྒྲུབ་ཐབས་དང་རྗེས་གནང་།
༩༨. མགོན་དམར་དངོས་གྲུབ་ཀྱི་ལྕགས་ཀྱུའི་སྒྲུབ་ཐབས་དང་རྗེས་གནང་།
༩༩. མགོན་སེར་དགོས་འདོད་ཀུན་འབྱུང་གི་སྒྲུབ་ཐབས་དང་རྗེས་གནང་།
༡༠༠. མགོན་ལྗང་འཕྲིན་ལས་ལྷུན་གྲུབ་ཀྱི་སྒྲུབ་ཐབས་དང་རྗེས་གནང་།
ཟུར་ཁའི་ཁ་སྐོང་དུ་ཡི་དམ་ལྷ་བརྒྱད་ཀྱི་སྒྲུབ་ཐབས་དང་རྗེས་གནང་།
༡༠༡. སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་སྒྲུབ་ཐབས་དང་རྗེས་གནང་།
༡༠༢. ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་དང་།་ཕྱག་ཆེན་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ།་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་།
༡༠༣. ཕྱག་ན་རྡོ་རྗེ་གཏུམ་པོ་ལྷ་དགུའི་སྒྲུབ་ཐབས་དང་རྗེས་གནང་།
༡༠༤. ཕྱག་རྡོར་གཏུམ་པོའི་བསྐྱེད་ཆོག།༼རྗེས་གནང་གཏུམ་པོ་ཨིཧ་དགུ་དང་རིགས་འགྲེ།༽
༡༠༥. ཁྲོ་བོ་སྨྲེ་བ་བརྩེགས་མའི་སྒྲུབ་ཐབས་དང་རྗེས་གནང་།
༡༠༦. ཁྲོ་བོབ་དུད་རྩི་འཁྱིལ་པའི་བསྐྱེད་ཆོག།༼རྗེས་གནང་ཕྱག་རྡོར་གཏུམ་པོ་དང་རིགས་འགྲེ།༽
༡༠༧. རྡོ་རྗེ་རྣམ་འཇོམས་ཁྲོ་བོ་མཐིང་ཀའི་སྒྲུབ་ཐབས།་༼རྗེས་གནང་ཕྱག་རྡོར་གཏུམ་པོ་དང་རིགས་འགྲེ།༽
༡༠༨. བིར་ལུགས་རྡོ་རྗེ་རྣམ་འཇོམས་མའི་སྒྲུབ་སྐོར་དང་བྱིན་རླབས་བྱ་ཚུལ་བཅས།

བློ་སྦྱོང་དོན་བདུན་མ་ཉུང་ངུའི་ཚིག་གིས་བཤད་པ།

བློ་སྦྱོང་དོན་བདུན་མ་ཉུང་ངུའི་ཚིག་གིས་བཤད་པ་ཐེག་ཆེན་མིག་འབྱེད་ཅེས་བྱ་བ་བཞུགས་སོ།།

     བྱང་ཆུབ་སེམས་ཀྱི་ལྗོན་ཤིང་བརྟན་པ་ལས།།
      རླབས་ཆེན་བྱ་དཀའི་ཕྱིན་དྲུག་ཡལ་འདབ་རྒྱས།།
      སྐུ་བཞིའི་ལོ་འབྲས་སྐྱེ་དགུའི་གསོས་སུ་སྨིན།།
      རྣམ་འདྲེན་སྟོབས་བཅུ་མངའ་བས་དགེ་ལེགས་སྩོལ།།

       དེ་ཡང་སྐྱེ་འགྲོ་ཀུན་ལ་ཆོས་ཉིད་ཀྱི་དབང་གིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་རང་ཆས་སུ་ཡོད་ལ།  འོན་ཀྱང་ད་ལྟའི་བར་འཁོར་བའི་བརྩོན་དོང་འདི་ནས་མ་ཐར་ཞིང་།  གྲ་མ་འགྲིགས་པ་ལུ་གུ་བརྒྱུད་དུ་འོང་བ་འདི་ལ་རྒྱུ་མེད་པ་གཏན་ནས་མིན།  དེ་ཡང་མདོར་བསྡུས་ན་བདེ་སྡུག་གི་རྒྱུ་ལ་བླང་དོར་མི་ཤེས་པའི་དབང་གིས་བྱུང་བ་ལས་བསྙོན་དུ་མེད།  དེ་ལྟར་སྡུག་བསྔལ་གྱི་མཐར་གཏུགས་ན་བདག་ཏུ་འཛིན་པའི་མ་རིག་པ་དང་རང་གཅེས་འཛིན་གཉིས་སུ་ངེས་ལ།  བདེ་བའི་རྒྱུ་མཐར་གཏུགས་ན་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡིན་ནོ།།    དེས་ན་འདིར་ཐེག་ཆེན་བློ་སྦྱོང་གི་གནད་དོན་ནམ་དོན་ཚན་བདུན་གྱི་སྐོར་ཙུང་ཟད་ཅིག་བཤད་པའི་དབང་དུ་བྱས་ན།


               དོན་ཚན་དང་པོ།     སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ།

       དེ་ཡང་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་གཞིར་གྱུར་པ་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་གཞིར་བྱས་ནས།  སྔོན་འགྲོ་རྟེན་གྱི་ཆོས་བཞི་གསུངས་པ་ནི།

                    ༡༽ དལ་འབྱོར་དོན་ཆེ་རྙེད་དཀའ།
                    ༢༽ འཆི་བ་མི་རྟག་པ།
                    ༣༽ ལས་རྒྱུ་འབྲས།
                    ༤༽ འཁོར་བའི་ཉེས་དམིགས་རྣམས་སོ།།

       དང་པོ་དལ་འབྱོར་དོན་ཆེ་རྙེད་དཀའ།   ད་ལྟ་རང་ཅག་གིས་ཐོབ་པའི་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་འདི།  རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བྱས་པ་དང་གཅིག  །སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་དང་གཉིས།  སྦྱིན་སོགས་སྤྱོད་པས་གྲོགས་བྱེད་པ་དང་གསུམ་ཚང་དགོས་ན།  དེ་ལྟ་བུ་ཤིན་ཏུ་དཀའ་བ་ད་ལྟར་གྱི་རང་གི་སྤྱོད་པ་ལ་བརྟག་ན་ཤིན་ཏུ་གསལ་བས་རྙེདདཀའ་ཞིང་།  འདིའི་སྟེང་ནས་ཕྱི་མ་མངོན་མཐོའི་གོ་འཕང་ཐོབ་པ་ནས།  སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕང་བར།  འདི་ཕྱིའི་ལེགས་ཚོགས་ཐམས་ཅད་སྒྲུབ་ནུས་པས་དོན་ཤིན་ཏུ་ཆེ་བ་ཡིན།

       གཉིས་པ་འཆི་བ་མི་རྟག་པ།   འདི་ལྟ་བུའི་དོན་ཆེ་ཞིང་རྙེད་དཀའ་བའི་ལུས་རྟེན་འདི་ཡང་།  མཐར་དབུགས་ཀྱི་རྒྱུ་བ་ཇེ་བྲེལ་དུ་བརྩེགས་ཤིང་།  ནང་དུ་རྔུབ་པའི་རང་དབང་མེད་པར་ནུས་པ་ཇེ་ཆུང་དུ་སོང་སྟེ།  ཚེ་ཡི་ཐ་མ་ཟད་པ་ཞིག་ཟད་པ་ཞིག་འོང་རྒྱུ་ཡིན་པ་ཐག་གིས་ཆོད།  གནས་སྐབས་དེ་ལྟ་བུ་ད་ལྟ་རང་ཡང་མི་འོང་བའི་ངེས་པ་ཅི་ཡང་མེད་པས་ན།  དུས་སྐད་ཅིག་མ་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་སྙིང་པོ་ལོན་ཅི་ཐུབ་བྱའོ།།

       གསུམ་པ་ལས་རྒྱུ་འབྲས།   རང་ཅག་རྣམས་ཤི་བའི་འོག་ཏུ་མེད་དེ་མི་འགྲོ་བར་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་དག་གིས་བསྒྲུབས་པའི་ཕྱིར་ན།  དེ་ཡང་སྐྱེ་ས་ནི་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས།  ངན་སོང་དུ་སྐྱེས་ན་སྡུག་བསྔལ་བཟོད་གླགས་མེད་པས་ཇི་ལྟར་བྱེད།  ཅེས་འཇིགས་པའི་བློ་སྐྱེས་པ་ན།  དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ངེས་ནས།  དཀོན་མཆོག་གསུམ་པོ་གཏན་གྱི་སྐྱབས་སུ་བསྟེན།  དེའི་བསླབ་བྱའི་ནང་ནས་ལས་རྒྱུ་འབྲས་ཀྱི་ཚུལ་སེམས་པ་ནི།  བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གསུངས་པས།  བདེ་སྡུག་གི་རྒྱུ་དགེ་སྡིག་སོ་སོར་ངེས་པའི་ཚུལ་ལ་ཡིད་ཆེས་རྙེད་ནས།  སྡིག་པ་མི་དགེ་བའི་རིགས་མཐའ་དག་སྤོང་ཅི་ཐུབ་དང་།  དཀར་པོ་དགེ་བའི་ལས་ཕྲ་མོ་ཡན་ཆད་ཐམས་ཅད་འབད་པས་སྒྲུབ་དགོས་སོ།།

       བཞི་པ་འཁོར་བའི་ཉེས་དམིགས།   དེ་ལྟར་དགེ་བ་ཟག་བཅས་ཀྱི་དབང་གིས་བདེ་འགྲོ་ཙམ་ཐོབ་ནའང་།  ལས་དང་ཉོན་མོངས་སྤྱི་དང་ཁྱད་པར་བདག་འཛིན་མ་རིག་པའི་གཞན་དབང་དུ་གྱུར་ཕྱིན་ཆད་སྡུག་བསྔལ་གྱི་རྩ་བ་མི་ཆད་པས།  འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཤེས་ནས།  དེའི་རྒྱུ་ལས་ཉོན་གྱིས་བསྡུས་པའི་ཀུན་འབྱུང་སྤོང་འདོད་རྣལ་མ་སྐྱེ་བར་བྱ་ལ།  དེ་སྤངས་པའི་བྲལ་བ་མངོན་དུ་མངོན་དུ་བྱ་བའི་པྱིར།  ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བྱས་ནས།  ཞི་གནས་ཀྱི་ངང་ནས་ལྷག་མཐོང་གིས་བདག་མེད࿒པའི་དོན་བསྒོམ་པའི་ལམ་སྟེ།  ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་གཅིག་ཏུ་བསླབ་པར་བྱའོ།།

       འདི་དག་གི་གསལ་བཤད་དང་རྒྱབ་ལྗོངས་ཀྱི་རྒྱུ་མཚན་རྣམས་བྲིས་ན་ཡིག་ཚོགས་ཧ་ཅང་ཆེ་བར་འགྱུར་བས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་ཞབས་ལ་གཏུགས་ཏེ་བསླབ་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ།།


               དོན་ཚན་གཉིས་པ།   དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ།

སྔོན་འགྲོ་རྟེན་གྱི་ཆོས་འདི་དག་་གང་འཚམས་གྱི་མྱོང་བ་ཐོན་པ་ན།  འདི་ལྟར་བསམ་སྟེ།  གོང་དུ་བཤད་པའི་ལམ་ལ་ཇི་ཙམ་འབད་ཀྱང་།  སྲིད་པ་ལས་ཐར་བའི་མྱང་འདས་ཙམ་ལས་མ་འདས་པས།  རང་གཞན་གཉིས་ཀའི་དོན་ཡོངས་སུ་མ་རྫོགས།  སྒྲིབ་པ་ཡང་མ་ལུས་པ་མ་སྤངས།  ལྷག༌པར་རང་གཅིག་པུ་འཁོར་བ་ལས་གྲོལ་ནས་མ་རྒན་སེམས་ཅན་རྣམས་འདི་ལྟར་ཡལ་བར་བོར་བ་ནི།  མ་རབས།  ཐ་ཤལ།  འདི་ལས་བྱ་བ་ཐབས་སྡུག་ཅིག་གང་ཡོད་སྙམ་དུ་བསམས་ནས།  བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པ་འབྱུང་བས།  དེས་ན་འདི་ལ་གཉིས།

               ༡༽ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བ།
               ༢༽ དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བའོ།།    

       དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བ།   དེ་ལ་རྒྱུ་མཚན་མཐའ་ཡས་པའི་སྒོ་ནས་སེམས་ཅན་ཐམས་ཅད་རང༌གི་མར་ཤེས་ཤིང་།  དེའི་སྐབས་སུ་ཚེ་འདིའི་མས་ཇི་ལྟརདྲིན་གྱིས་བསྐྱངས་པ་ལྟར་བསྐྱངས་པར་བསམས་ནས།  དྲིན་དྲན་པ་དང་།  དེ་ལ་དྲན་བཟོ་བའི་བསམ་པ་ཤུགས་ཆེས་དྲངས་ཏེ།  ཡིད་འོང་གི་བྱམས་པ་བསྒོམ།  དེ་ལ་བརྟེན་ནས་བདེ་བ་ཕྲདའདོད་ཀྱི་བྱམས་པ་དང་།  སྡུག་བསྔལ་དང་བྲལ་འདོད་སྙིང་རྗེ་སྐྱ་བ་ལ་འབད།   འདི་མཚམས་ནས་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ། འདི་ཡི་བོགས་འདོན་དུགཏོང་ལེན་གྱི་དམིགས་པ་བསྐྱངས་ན་ཁྱད་ཆེ་བས་དེ་ལ་བསླབ།  དེ་ལ་བརྟེན་ནས་གཞན་དོན་ཁུར་འཁྱེར་གྱི་ལྷག་བསམ་དང་།  དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བསྐྱེད་པར་བྱ་དགོས།  དེ་འདྲ་བའི་སེམས་དམ་པ་དེ་རྒྱས་ཤིང་འཕེལ་བ་ལས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་འདོད་ཤུགས་དྲག་སྐྱེས་པ་ན།  བྱང་སྡོམ་བླངས་ཏེ་བསླབ་སྡོམ་རྣམས་ཚུལ་བཞིན་དུ་བསྲུངས་་ཤིང་།  སྤྱོད་པ་ཕྱིན་དྲུག་ལ་རིམ་པ་བཞིན་དུ་བསླབ་པར་བྱའོ།།

       གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བ།   བདག་མེད་རྣམ་པ་གཉིས་ཀྱི་དགག་བྱ་ལེགས་པར་ངོས་ཟིན་པར་བྱས་ཏེ།  རྟེན་འབྲེལ་གྱི་རིགས་པ་པ་ལ་སོགས་པའི་རིགས་པ་རྣམས་ཀྱིས་དགག་བྱ་དེ་ལེགས་པར་བཀག་ནས།  རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཆོས་རྣམས་ཀྱི་ཧནས་ལུགས་མཐར་ཐུག་ངེས་ཤིང་།  དེའི་རྗེས་སུ་ངེས་ངོར་རང་བཞིན་གྱིས་གྲུབ་པ་མེད་བཞིན་དུ་ཀུན་རྫོབ་པའི་ཆོས་རྣམས་བསྙོན་མེད་དུ་ཤར་བ་ན།  འདི་ལ་བརྟེན་ནས་སྣང་སྟོང་ཟུང་འཇུག་ཏུ་གྲུབ་པ་ཡིན་ནོ་སྙམ་མོ།།
       དེ་ཙམ་གྱིས་མ་ཚིམ་པར་རིགས་པའིརྣམ་གྲངས་མཐའ་ཡས་པའི་སྒོ་ནས་གནས་ལུགས་ཀྱི་དོན་ལ་ངེས་པ་ཤིན་ཏུ་བརྟན་པ་འདི་ཉིད་ལ།  ཞི་གནས་ཀྱི་ངང་ནས་རིགས་པའི་དཔྱད་པ་བྱས་སྟོབས་ཀྱིས་ལྷག་མཐོང་དྲངས།  དེ་ལྟ་བུའི་ཟབ་མོའི་དེ་ཁོ་ན་ཉིད་ལ་གསལ་སྣང་རིམ་གྱིས་བྱུང་སྟེ།  བདག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་ས་བོན་རིམ་གྱིས་སྤོང་ཞིང་།  དེ་ནས་ཤེས་སྒྲིབ་ཀྱང་རིམ་གྱིས་སྤངས་ཏེ།  མཐར་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་གོ་འཕང་དམ་པ་དེ་ཐོབ་པ་ཡིན་ནོ།།


               དོན་ཚན་གསུམ་པ།   རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར་བ།

       ད་ལྟར་སྙིགས་མ་ལྔ་ཆེས་ཆེར་དར་བས་སྐྱེ་བོ་ཕལ་མོ་ཆེ་བསམ་རྒྱུ་ཉོན་མོངས་དང་བྱ་རྒྱུ་སྡིག་པ་ལས་མེད་པ་ལྟ་བུ་དེས།  སྣོད་བཅུད་ཡོངས་རྫོགས་ཉམས་རྒུད་ཤིན་ཏུ་ཆེ་བའི་སྐབས་འདིར་རྐྱེན་ངན་ཅི་བྱུང་ཡངབྱང་ཆུབ་ཀྱི་གྲོགས་སུ་འཁྱེར་ཤེས་པ་མ་བྱུང་ན།  དལ་འབྱོར་སྟོང་ཟད་དུ་འགྲོ་ཉེན་ཤིན་ཏུ་ཆེ་བས།  བློ་རྩལ་ཅི་ཡོད་ཀྱིས་རྐྱེན་ངན་པ་ལམ་གྱི་གྲོགས་སུ་འདྲེན་ཐུབ་པ་བྱ་དགོས་ཤིན་ཏུ་གལ་ཆེའོ།།  དེས་ན་འདིར་རྐྱེན་ངན་འབྱུང་ཉེ་བ་ཁ་ཤས་ལ་བློ་སྦྱོང་བཤད་ན།

༡༽   དེ་ཡང་རྐྱེན་ངན་གང་བྱུང་ཡང་འདི་སྙམ་དུ།  རང་ཉིད་ལ་འདོད་པ་དང་མི་འདོད་པའི་སྣང་བ་གང་བྱུང་ཡང་བདེན་འཛིན་མ་རིག༌པའི་འཁྲུལ་སྣང་ཙམ་དུ་ངོས་ཟིན་ནས།  ཆགས་སྡང་མི་སྐྱེ་བར་དེ་ཐམས་ཅད་དངོས་གནས་ལ་རང་བཞིན་གྱིས་མ་གྲུབ་པར་རོ་གཅིག་པའི་ཚུལ་བསམ་ཐུབ་ན་ཤིན་ཏུ་ལེགས་པ་ཡིན་ནོ།།

༢༽   ཡང་རང་ལ་ན་ཚ་བྱུང་བ་ན།  སྡིག་པ་དགེ་སྒྲུབ་ཀྱི་བསྐུལ་མར་ཤེས་ནས།  རང་གི་ནད་དེས་སེམས་ཅན་ནད་པ་རྣམས་ཀྱི་ནད་ཀྱི་གོ་ཆོད་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་ཤིང་།  ནད་ན་ཚ་འདི་དག་གི་རྒྱུ་མི་དགེ་བ་ལ་བློ་སྡོག་ནས་ཚོགས་གསོག་སྒྲིབ་སྦྱོང་ལ་བརྩོན་པ་མི་ལྷོད་པ་བྱའོ།།

༣༽   ཡང་རྒྱུན་དུ་དགེ་སྦྱོར་ལ་བརྩོན་པ་དག་ནད་དྲག་པོས་ཟིན་པ་ན།  འདི་སྙམ་དུ།  ངས་དགེ་བ་ལ་བརྩོན་པ་འདིས།  རང་ཉིད་དམྱལ་བར་སྐྱེ་བའི་རྒྱུ་མི་དགེ་བ་དེ་དག་བླ་མ་དཀོན་མཆོག་གི་ཐུགས་རྗེས་ངན་སོང་གི་སྡུག་བསྔལ་ལ་ལྟོས་ན་ཤིན་ཏུ་ཆུང་བའི་ཚེ་འདིའི་ནད་འདི་ལྟ་བུས་དག་པར་འགྱུར་བ་ཐག་ཆོད་སྙམ་དུ་དགའ་བ་བསྒོམ་དགོས་སོ།།

༤༽   རང༌ལ་མི་གཞན་གྱིས་མི་སྙན་པའི་རིགས་བརྗོད་པའི་ཚེ།  རང་གི་སྤྱོད་པ་རྣམས་གསལ་སྟོན་བྱེད་པའི་དགེ་རྒན་དུ་བརྩིས་ཏེ།  སྤྲོ་བ་ཆེན་པོས་རང་སྐྱོན་ངོས་ལེན་བྱེད་དགོས་པ་ཡིན།

༥༽   ཡང་གཞན་ཕ་རོལ་པོས་རང་གི་རྒྱུ་ནོར་ལོངས་སྤྱོད་རྣམས་ཞི་དྲག་ཅི་རིགས་ཀྱིས་བཅོམ་པའི་ཚེ།  འདི་ལྟར་བསམ་སྟེ།  རང་གི་ཚེ་སྔ་མའི་བུ་ལོན་ཡོད་པ་དག་པ་དང་།  འབྱོར་པ་དེའི་རྐྱེན་གྱིས་རང་ལས་ཉམ་ཆུང་བ་ལ་མཐོང་ཆུང་ཁྱད་གསོད།  མཉམ་པ་ལ་འགྲན་སེམས།  ལྷག་པ་ལ་ཕྲག་དོག  །ཁྱད་པར་དུ་འབྱོར་པ་ཅན་ཡིན་ན།  རང་ལ་དགོས་ངེས་པའི་ལོངས་སྤྱོད་ཀྱི་ཚད་ལས་རྦད་དེ་བརྒལ་བ་དེས་ང་རྒྱལ་ཁེངས་དྲེགས་ཧ་ཅང་ཆེ་བ་དེ་མེད་པར་བྱས་སོང་སྙམ།

༦༽   ཡང་ཕྱི་ལོགས་ནས་རྐྱེན་དམིགས་བསལ་མེད་པར་གློ་བུར་སེམས་ནང་མི་བདེ་བ་ཆེན་པོ་བྱུང་བའི་ཚེ།  རང་གིས་སྔོན་གཞན་གྱི་སེམས་རྒྱུད་བཀྲུག་པའི་ལས་ངན་པའི་འབྲས་བུ་སྨིན་པར་ཤེས་ནས།  སྔར་བྱས་ལ་འགྱོད་པ་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ཤུགས་དྲག་བསྐྱེད་དགོས་སོ།།

༧༽   ཡང་རང་གིས་ཡུན་རིང་དྲིན་གྱིས་བསྐྱངས་པའི་མི་འགའ་ཞིག  །བཀའ་དྲིན་བསམ་ཤེས་མེད་པར་དྲིན་ལན་ལོགས་འཇལ་གྱིས་བློ་ཕམ་དུ་འཇུག་པ་ན།  འདི་སྙམ་དུ།  གཞན་ལ་ཕན་ཅུང་ཟད་བཏགས་པ་ཡང་ལན་ལ་རེ་བ་དང་བཅས་པ་འདི་འདྲ་བ་ནི་ཚོང་པ་ཉོ་ཚོང་བྱེད་པ་དང་ཅིས་མི་འདྲ།  དེ་ལ་ནི་ཕན་འདོགས་པའི་མིང་ཡང་འཐོབ་དཀའ་བས།  བསམ་པ་ཐག་པ་ནས་ཕན་བཏགས་པ་ཡིན་ན།  དེས་ཚུར་དྲིན་ལན་གཞལ་ཅི་དགོས་སྙམ་དུ་བསམ་དགོས་པ་ཡིན།

༨༽  ཡང་རང་གི་བློས་ཐུབ་ཀྱི་གྲོགས་པོས་མགོ་སྐོར་བསླུ་བྲིད་བྱེད་པ་བྱུང་བའི་ཚེ།  འདི་ལྟར་བསམ་སྟེ།  འཁོར་བའི་ཆོས་ལ་རྟག་ཅིང་བརྟན་པ་འགྱུར་བ་མེད་པ་ཡིན་པའི་ཡིད་ཆེས་ལོག་པ་འདིས་ལེན།  ཁམས་གསུམ་འཁོར་བ་གང་དུ་སྐྱེ་ཡང་ལས་ཉོན་གྱི་སྐྱེ་བ།  གྲོགས་སུ་དང་འགྲོགས་ཀྱང་ལས་ཉོན་གྱིས་གྲོགས་མཆེད་ལས་མ་འདས་སྙམ་སྟེ།  འཁོར་བ་ལ་ངེས་འབྱུང་དང་།  རང་དང་འདྲ་བ་ལས་ཉོན་གྱིས་བཅིངས་པ་དེ་དག་ལ་སྙིང་རྗེའི་བསམ་པ་སྦྱང་བ་གནད་དུ་ཆེའོ།།

༩༽   མདོར་ན་འཕུང་འདྲེན་ཐམས་ཅད་ཀྱི་རྩ་བ་རང་གཅེས་འཛིན་འདིས་བྱས་པའིཕྱིར་ན།  ལེ་ལན་གཞན་ལ་བགྲང་དུ་མི་འདུག་པས།  གཞན་སྐྱོན་དུ་སྣང་བ་རྣམས་ཀྱང་རང་གི་སྐྱོན་དུ་ངོས་འཛིན་ཐུབ་པ་དགོས་སོ།།

       འདིར་བཀོད་པ་དག་ནི་ཆེ་ལོང་ཙམ་ཡིན་པས།  ཞིབ་པར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར་ཚུལ་ལ་སློབ་པ་ནི།  ཉོན་མོངས་སྙིགས་མ་ཆེས་དར་བས།  འདུ་འཛི་ཟང་ཟིང་ཡོ་ལང་ཤིན་ཏུ་ཆེ་བའི་གནས་སྐབས་འདིར་དོན་ཆེན་པོ་ལས་ཉམས་པའི་གཉེན་པོ་དྲག་ཤོས་སུ་ཤེས་པར་བྱའོ།།


               དོན་ཚན་བཞི་པ།   ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།

       འདི་ལ་གཉིས།

               ༡༽  ཚེ་གང་པོའི་ཉམས་ལེན་བསྟན་པ།
               ༢༽  འཆི་ཁའི་ཉམས་ལེན་བསྟན་པའོ།།

       དེ་ཡང་ཚེ་གང་པོའི་ཉམས་ལེན་རྣམས་སྟོབས་ལྔའི་ནང་དུ་བསྡུས་པ་ཡིན།  སྟོབས་ལྔ་ནི།

               ༡༽  འཕེན་པའི་སྟོབས།
               ༢༽  གོམས་པའི་སྟོབས།
               ༣༽  དཀར་པོ་ས་བོན་གྱི་སྟོབས།
               ༤༽  རྣམ་པར་སུན་འབྱིན་པའི་སྟོབས།
               ༥༽  སྨོེན་ལམ་གྱི་སྟོབས་སོ།།

       དང་པོ་འཕེན་པའི་སྟོབས།   དེང་ནས་བཟུང་སྟེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དང་།  ལྷག་པར་དེ་རིང་གི་དུས་སུ་ཁས་བླངས་པའི་ཚུལ་ཁྲིམས་ཉམས་པ་མེད་པར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་བྱ་སྙམ་དུ་བློས་འཕེན་པ་གཏོང་བའོ།།

       གཉིས་པ་གོམས་པའི་སྟོབས།   བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཐུན་དང་ཐུན་མཚམས་ཀུན་ཏུ་སྦྱོང་བའོ།།

       གསུམ་པ་དཀར་པོ་ས་བོན་གྱི་སྟོབས།   བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མ་སྐྱེས་པ་སྐྱེ་བ་དང་།  སྐྱེས་པ་གོང་དུ་འཕེལ་བའི་ཕྱིར་དུ་ཚོགས་གསོག་སྒྲིབ་སྦྱོང་ལ་གཅིག་ཏུ་བརྩོན་པའོ།།

       བཞི་པ་རྣམ་པར་སུན་འབྱིན་པའི་སྟོབས།   རང་གཅེས་པར་འཛིན་རྒྱུའི་རང་འདི་ཡང་བརྟག་ན་གང་དུ་ཡང་གཟུང་དུ་མེད་ཀྱང་།  དེ་ལྟར་མི་ཤེས་པས་བདག་གཅེས་པར་འཛིན་པའི་དབང་གིས་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པར་འདུག་པས།  ད་ནས་བཟུང་དུས་ནམ་ཡང་བདག་གཅེས་པར་འཛིན་གྱི་དབང་དུ་མི་འགྲོ་བར་བྱ་སྙམ་པའི་འདུན་པ་ཤུགས་དྲག་བྱ་བའོ།།

       ལྔ་པ་སྨོེན་ལམ་གྱི་སྟོབས།   རང་གི་དགེ་བ་ཅི་བསགས་པ་རྣམས་ཚེ་འདི་དང་།  འཆི་ཁ།  བར་དོ།  སྐྱེ་བ་ཕྱི་མ་ཐམས་ཅད་དུ་བྱམས་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྒོམ་པ་དང་མ་བྲལ་བའི་རྒྱུར་འགྲོ་བར་ཤོག  །ཅེས་སྨོན་ལམ་ཤུགས་དྲག་འདེབས་པའོ།།


       གཉིས་པ་འཆི་ཁའི་ཉམས་ལེན་ནི།   འདིའི་སྐབས་སྟོབས་ལྔའི་ཉམས་ལེན་ལ་བསླབ་པ་ནི་ཤིན་ཏུ་གལ་ཆེའོ།།  འདི་ལ་ལྔ།

               ༡༽ དཀར་པོ་ས་བོན་གྱི་སྟོབས།
               ༢༽ སྨོེན་ལམ་གྱི་སྟོབས།  
               ༣༽ རྣམ་པར་སུན་འབྱིན་པའི་སྟོབས།  
               ༤༽ འཕེན་པའི་སྟོབས།  
               ༥༽ གོམས་པའི་སྟོབས་སོ།།  

       དང་པོ་དཀར་པོ་ས་བོན་གྱི་སྟོབས།   རང་ཉིད་འཆི་བར་ཐག་ཆོད་པ་ན།  རང་གི་ཡོ་བྱད་ཐམས་ཅད་བླ་མ་དཀོན་མཆོག་ལ་མཆོད་པ་དང་།  ཉམ་ཐག་ལ་སྦྱིན་གཏོང་སོགས་ཀྱི་སྒོ་ནས་བསོད་ནམས་རྒྱ་ཆེ་སར་བཏང་ལ།  གཉེན་ཉེ་དུ་ལུས་ལོངས་སྤྱོད་གང་ལ་ཡང་ཆགས་ཞེན་མེད་པར་བྱའོ།།

       གཉིས་པ་སྨོེན་ལམ་གྱི་སྟོབས།   བླ་མ་དཀོན་མཆོག་ལ་ཡན་ལག་བདུན་པ་སྔོན་དུ་བཏང་སྟེ།  འདི་ནས་འཆི་སེམས་ཕྲ་མོ་ཚུན་ཆད།  བར་དོའི་གནས་སྐབས།  ཚེ་རབས་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྦྱོང་བར་བྱིན་གྱིས་བརླབ་ཏུ་གསོལ།  ཞེས་གསོལ་བ་དང་སྨོན་ལམ་རྩེ་གཅིག་ཏུ་འདེབས་པའོ།།

       གསུམ་པ་རྣམ་པར་སུན་འབྱིན་པའི་སྟོབས།   བདག་གཅེས་འཛིན་འདིས་ད་ལྟའི་བར་དུ་བདག་ཉིད་འཕུང་ལ་སྦྱར།  ད་དུང་ཡང་འདི་ལ་བློས་བཀལ་ན་འཕུང་འདྲེན་ཐམས་ཅད་ཀྱི་སྣེ་འདྲེན་པར་འདུག  །བརྟག་ན་ནི་ལུས་སེམས་གང་ལ་ཡང་བདག་ཏུ་བཟུང་རྒྱུ་ཅི་ཡང་མི་འདུག  །ཅེས་ཤེས་པར་བྱ་ལ་བདག་གཅེསའཛིན་གྱིས་དབང་དུ་འགྲོ་བ་འགོག་ཅི་ཐུབ་བྱ།

       བཞི་པ་འཕེན་པའི་སྟོབས།   ངས་འཆི་ཁར་མ་ཟད་བར་དོའི་གནས་སྐབས་སུ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྦྱང་བར་བྱའོ།།  སྙམ་དུ་འདུན་པ་དྲག་པོ་ཡང་ཡང་གཏོང་བའོ།།

       ལྔ་པ་གོམས་པའི་སྟོབས།   བདག་གཅེས་འཛིན་སྐྱེ་གྲབས་བྱེད་པ་ན་སྐྱེ་རུ་མ་བཅུག་པར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྩེ་གཅིག་ཏུ་བསྒོམ་པའོ།།

       དེ་ནས་འཆི་བར་ཕྱོགས་པ་ན་སྔོན་ཐུབ་པའི་དབང་པོ་གྲོང་ཁྱེར་རྩ་ཅན་དུ་མྱ་ངན་ལས་འདའ་ཚུལ་ལྟར་གྱི་སྤྱོད་ལམ་ལ་གནས་ནས།  བཤད་མ་ཐག་པའི་སྟོབས་ལྔའི་སྒོ་ནས་འཆི་འཕོ་ཐུབ་དགོས་པ་ཡིན།  འོན་ཀྱང་དེ་ལྟ་བུ་ད་ལྟ་ནས་རང་ལ་ལག་ལེན་དང་ཉམས་མྱོང་ཅི་ཡང་མེད་པར།  འཆི་ཁར་གསར་དུ་སྐྱེ་རྒྱུ་ཤིན་ཏུ་དཀའ་བས་ད་ལྟ་ནས་སེམས་ཀྱི་ནང་གྲ་སྒྲིག་ཅིག་ངེས་པར་དགོས་སོ།།


               དོན་ཚན་ལྔ་པ།   བློ་འབྱོངས་པའི་ཚད།

       སྔོན་འགྲོ་དང་དངོས་གཞི་གང་གི་སྐབས་ཡིན་ཡང་།  ལམ་དེ་དང་དེའི་ཕྱིན་ཅི་ལོག་གི་འཛིན་པ་མངོན་གྱུར་ལོག་ནས།  དེ་དང་དེའི་ཕྱིན་ཅི་མ་ལོག་པའི་རྟོགས་པ་ངང་གིས་སྐྱེ་བ་ཞིག་བྱུང་བ་ན།  ལམ་དེ་དང་དེ་ལ་བློ་འབྱོངས་པ་ཡིན་ནོ།།  དཔེར་ན་དལ་འབྱོར་དོན་ཆེ་རྙེད་དཀའ་ལྟ་བུ་ལ་མཚོན་ན།  ཚེ་འདི་སྣང་གི་ཞེན་པ་ཤུགས་ཆེ་ཡོད་པ་ལོག་ཅིང་།  ཚེ་འདི་དོན་མེད་ཆུད་ཟོས་སུ་ཕྱིན་པ་ཕངས་ནས་སྙིང་པོ་ལེན་འདོད་ངང་གིས་སྐྱེས་པ་ན།  དེ་ལ་བློ་འབྱོངས་པ་ལྟ་བུའོ།།  དེ་ལྟ་བུའི་ཚུལ་གྱིས་བློ་འབྱོངས་པ་ན།  ད་དུང་རྩོལ་བ་མ་བཏང་བར་གོང་འཕེལ་དུ་འགྱུར་བ་ལ་འབད་དགོས་སོ།།


               དོན་ཚན་དྲུག་པ།   བློ་སྦྱོང་གི་དམ་ཚིག

       བློ་སྦྱོང་གི་དམ་ཚིག་རྣམས་རེ་རེ་བཞིན་སྨོས་ན་ཧ་ཅང་མངས་པར་འགྱུར་བས།  སྤྱི་དོན་གསུམ་ལ་སོགས་པའི་དམ་ཚིག་བཅོ་བརྒྱད་ཡོད་པ་ཏྣམས་དགེ་བའི་བཤེས་གཉེན་གྱི་ཞལ་ལས་གཉེན་པར་རིགས་སོ།།


               དོན་ཚན་བདུན་པ།   བློ་སྦྱོང་གི་དབསླབ་བྱ།

       འདི་ལ་བསླབ་བྱ་ཉི་ཤུ་རྩ་གཉིས་ལ་སོགས་པ་མང་དུ་ཡོད་ཀྱང་།  ཕྱོགས་གཅིག་ཏུ་བསྒྲིལ་ན་རང་གི་སྒོ་གསུམ་གྱི་བྱ་བ་གང་བྱས་ཀྱང་ཚེ་འདི་དང་ཕྱི་མའི་སྣང་ཞེན་གང་དུ་ཡང་མ་བཏོང་བར།  བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཉམས་ལེན་གྱི་མཐིལ་དུ་བྱེད་པ་ལ་བསླབ་དགོས་པ་ཡིན་ནོ།།

       དེ་ལྟར་ཐེག་ཆེན་བློ་སྦྱོང་གི་དོན་ཚན་བདུན་པོ་ཅུང་ཟད་བཤད་པ་འདི་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་གིས།  དེང་སྐབས་ན་གཞོན་སློབ་གྲྭ་བའི་ཁྲོད་ནང་ཆོས་ལ་དོ་དབྱིངས་འཕེལ་བཞིན་པ་དང་བསྟུན་༧རྒྱལ་བའི་འཕྲིན་ལས་ཞོགས་འདེགས་སུ་འགྱུར་ཡང་སྲིད་སྙམ་དུ་ཕྲན་ཤྲཱི་མིང་པས་ལྷག་བསམ་དང་གཞན་ཕན་གྱི་བསམ་པས་དྲངས་ཏེ་སྦྱར་བ་ལགས་སོ།།     །།

ལམ་གྱི་རིམ་པའི་ཚིགས་བཅད།

ཐེག་མཆོག་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་བསྟེན།།
  རྙེད་དཀའ་དོན་ཆེའི་དལ་འབྱོར་འཇིག་སླ་བསམ།།
  ངན་འགྲོའི་སྡུགབསྔལ་ལ་འཇིགས་སྐྱབས་འགྲོ་བསྒོམ།།
  བསླབ་བྱ་ལས་འབྲས་བསྲུངས་པས་འཁོར་བ་ཡི།།

  ངང་ཚུལ་ཤེས་ནས་དེ་ལས་གྲོལ་བའི་ཕྱིར།།
  བསླབ་གསུམ་སློབ་ཅིང་རང་མཉམ་འགྲོ་བ་ལ།།
  སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་བསྐྱེད་དེ།།
  སྤྱོད་པ་སྤྱི་དང་རྟེན་འབྱུང་དེ་ཉིད་དོན།།

  ཇི་བཞིན་རྟོགས་ནས་ཟབ་མོའི་སྣོད་འགྱུར་ཚེ།།
  དབང་བཞི་ནོད་ཅིང་དམ་སྡོམ་ཚུལ་བཞིན་བསྲུང་།།
  ས་ལམ་རིམ་གཉིས་བགྲོད་པ་མཐར་ཕྱིན་ཏེ།།
  སྐུ་བཞི་ཚེ་འདིར་ཐོབ་པར་བྱིན་གྱིས་རློབས།།

       ཞེས་པ་འདི་ཡང་རང་གི་བརྗེད་བྱང་དུ་ཤྲཱི་མིང་པས་ཕྱི་ལོ་༢༠༡༨ཟླ་བ་༡ཚེས་༢ལ་སྦྱར་བའོ།།    །།

༸གོང་ས་མཆོག་གི་མཛད་པ་མདོ་ཙམ་བརྗོད་པ།

༸གོང་ས་ལྷ་མི་རྣམ་འདྲེན་ཆེན་པོ་མཆོག་གི་མཛད་པ་མདོ་ཙམ་བརྗོད་པ་དད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ༎
             

༄༅། །མཁྱེན་བརྩེའི་སྤྱན་དཀྱུས་མཆོག་ཏུ་རིང་བས་ཀུན་གྱིས་བཀུར་ཀྱང་ཞི་དུལ་དམན་ས་གཟུང་བའི་མཛད་སྤྱོད་ངོ་མཚར་ཅན།།
ཆོས་ལུགས་གྲུབ་མཐའ་བསླབ་བྱ་སྣ་ཚོགས་གཅིག་ཏུ་མཐུན་པ་བྱམས་བརྩེ་བཟོད་བསྲན་གདམས་པ་འཇིག་རྟེན་ཀུན་ཏུ་སྤེལ།།
གནའ་དེང་རིག་གཞུང་གཅིག་ཏུ་སྤུངས་པའི་སྔོན་མེད་ལམ་ཆེན་གསར་དུ་ཕྱེས་པའི་རྡུལ་ཕྲན་ཁོ་ནར་ཨ་འཐས་བཅོམ།།
བློ་ལྡན་ཁྱུ་མཆོག་སྟོང་གི་མགོ་བོར་ལེགས་བཤད་གདོང་ལྔའི་སྦར་ཁྱིམ་དགོད་པས་རིགས་སྨྲའི་སེང་ཆེན་ཁྱེད་ལ་དད།།

    ཅེས་སྐྱབས་གཅིག་གངས་ཅན་མགོན་པོ་ལ་དོན་གྱི་བསྟོད་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པས་ངག་ལམ་ཡངས་པར་བྱས་ནས་ལྷ་གཅིག་ཕྱག་ན་པད་མོ་༸གོང་ས་ཡིད་བཞིན་ནོར་བུའི་མཛད་སྤྱོད་རང་བློས་གང་དཔོག་ཅིག་བརྗོད་པའི་སྐལ་བཟང་འདུ་བགྱི་བ་ནི།

༡༽  འཇིག་རྟེན་གྱི་སྐྱེ་འགྲོ་མཐའ་དག་ཐུགས་བརྩེས་བདག་གིར་བཞེས་ནས་དུས་ལས་མ་ཡོལ་བར་གདུལ་བྱའི་ཁམས་བསམ་པ་མོས་པ་དང་འཚམས་པར་སྐུ་གསུང་ཐུགས་ཀྱི་མཛད་པ་ལྷུར་བཞེས་པས།  མ་འོངས་ས་ཡི་གོ་ལ་འདིར་བསྐལ་མཐར་ཡང་ཞི་བདེའི་འོད་དཀར་བསིལ་པོས་ཁྱབ་པའི་རེ་བའི་དམིགས་བུ་གཏད་ཡུལ་དུ་གྱུར་པས་(རིས་མེད་འགྲོ་བའི་ས་མཁན་ཆེན་པོ།)

༢༽  དམིགས་མེད་ཐུགས་རྗེའི་དབང་གིས་རང་ཅག་ཁ་བ་ཅན་པ་འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་དུ་གཏོགས་པ་རྣམས་རང་གིས་རང་ལ་བརྩེ་བ་ཡང་མོག་པོར་བྱས་ཏེ། ཐོག་མར་བལྟམས་པ་ཡང་སྔ་མ་དྲག་ཕྱིས་མ་དྲག་པར་དུས་སུ་བལྟམས་པ་ནས་མི་རིང་བར་དམར་པོའི་དཔུང་གིས་གངས་ལྗོངས་སྣོད་བཅུད་ཀུན་ཉམ་ཉེས་པར་ཉེ་བ་ན་ཐུགས་བསྐྱེད་གོ་ཆ་བཙན་པོས་སྐུ་ན་ཤིན་ཏུ་ཕྲ་ཡང་ཆོས་སྲིད་གསེར་གྱི་འཁོར་ལོ་བདག་གིར་བཞེས་མ་ཐག་ནས་མང་གཙོའི་ལམ་ཆེན་དུ་བསྐྱོད་པའི་འགོ་བརྩམས།  དུས་ལོག་བྱུང་རྗེས་འཕྲལ་མར་མི་མང་གི་འཐུས་ཚོགས་གསར་བཙུགས་ཀྱིས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་མཛད་ནས་མང་གཙོར་དངོས་སུ་བཅུག  ལོ་རབས་དགུ་བཅུ་པར་གྲོས་ཚོགས་འཐུས་མི་གྲངས་སྤར་ཐོག་བཙལ་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ། སྟོང་ལོ་གསར་པ་ནས་བཀའ་ཁྲི་མི་མང་གིས་ཐད་ཀར་བདམས་སྲོལ་གཏོད་ནས་མང་གཙོའི་རོ་མཆོག་མྱོང་བའི་སྟ་གོན་རྫོགས་པར་བསྒྲུབས།  སྔ་ལོར་མི་མང་མང་མོས་ཀྱི་བོད་ཀྱི་སྲིད་སྐྱོང་གསར་པར་ཆབ་སྲིད་འགན་དབང་ཡོངས་རྫོགས་རྩིས་སྤྲོད་མཐར་ནན་གྱིས་མང་གཙོའི་འཕེལ་ཁ་ཉ་གང་ཟླ་བའི་མཆེད་ཟླར་བསྐྲུན་པ་ནས་གངས་ལྗོངས་བསྟན་འགྲོའི་བདེ་ཐབས་གཞར་ཡང་མི་དོར་བར་ཐུགས་ཀྱི་ཟེའུ་འབྲུར་འཆང་བས་(རྩམ་ཟན་གངས་ཅན་པ་ཡོངས་ཀྱི་བདེ་སྐྱིད་ཉི་མ་ཆེན་པོ།)


༣༽  སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་པའི་ཆོས་འདུལ་བའི་བཅས་མཚམས་ཕྱག་ལེན་རུང་ཆུ་འདེབས་པ་ཡན་ཆད་དགག་སྒྲུབ་གནང་གསུམ་ཕྲ་མོ་ལས་ཀྱང་མི་འདའ་བར་མིག་འབྲས་བཞིན་སྲུང་སྟེ་ཉན་ཐོས་ཀྱི་བསླབ་ཁྲིམས་གཙང་མར་སྤྱོད་ཅིང་།  ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་བསྙེན་པར་རྫོགས་པའི་དངོས་པོས་རྒྱུད་གཏམས་པའི་བསྟན་པའི་གཞི་མ་འཛིན་པའི་རྒྱུན་འཛིན་གྱིས་ས་སྟེང་གང་བར་མཛད་ལ།  ནང་པའི་སྡེ་པ་ཀུན་ཀྱང་སྟོན་པ་གཅིག་གི་རྗེས་འཇུག་ཏུ་བསྒྲུབས་ཤིང་་སྡེ་པ་ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་པས་སྡེ་པ་ཀུན་གྱིས་ཞབས་རྡུལ་སྤྱི་བོས་ནོད་པའི་(མཁན་ཆེན་འདུལ་བ་འཛིན་པ་ཆེན་པོ།)

༤༽  འགྲོ་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་དག་འདོན་པའི་བསམ་པ་མཆོག་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་ལ་མངའ་བའི་རྟགས་མདོ་དང་དགོངས་འགྲེལ་མཚན་ལྡན་དག་ལས་ཇི་ལྟར་གསུངས་པ་རྣམས་སྦ་བར་མི་སྤྱོད་པར་བདག་ལྟའི་ཚུར་མཐོང་ཆུ་བུར་མིག་གི་ཡང་སྤྱོད་ཡུལ་དུ་གྱུར་པས་ན་(རྩོད་མེད་ཀྱི་རྒྱལ་སྲས་སེམས་དཔའ་ཆེན་པོ།)

༥༽  གཞིའི་སྐུ་གསུམ་རྒྱལ་བའི་སྐུ་གསུམ་དུ་འགྱུར་བའི་སྨིན་བྱེད་བསྐྱེད་པའི་རིམ་པ་དང་།  རིམ པ་ལྔ་ཡིས་བསྡུས་པའི་གྲོལ་བྱེད་རྫོགས་པའི་རིམ་པའི་གནད་གསང་མཐའ་དག་ཐུགས་ཉམས་སུ་བསྟར་བའི་ེརྟོགས་པ་ཚད་དུ་ཕྱིན་པས་སྦུག་སྒོ་འདག་སྦྱར་གྱིས་མི་ཚེ་འདི་ལ་བསྒྲིལ་བ་དག་ལ་ཡང་ལམ་གྱི་ཁུགས་པ་དེ་དང་དེར་གེགས་སེལ་བོགས་འདོན་བགྱི་ལུགས་ཀྱི་མན་ངག་བདུད་རྩིའི་ཀླུང་ཆེན་གངྒའི་རྒྱུན་ལ་འགྲན་པས་(རིག་པ་འཛིན་པ་ཡོངས་ཀྱི་གཙུག་གི་ནོར་བུ།)

༦༽  མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་རྒྱ་མཚོའི་དགོངས་དོན་འབྱེད་པ་ལ་མཁྱེན་རབ་ཆགས་ཐོགས་མི་མངའ་བ་འཕགས་བོད་སྐྱེས་ཆེན་ཀུན་གྱི་འདུས་ཞལ་དུ་གྱུར་པས། སོ་རིག་བཞིའི་སྒོ་ནས་མཁས་པ་དང་མཁས་པར་རློམ་པ་སོགས་བློ་རབ་འབྲིང་ཐ་གསུམ་ཀུན་ཀྱང་རང་རང་གི་སྐལ་བ་དང་འཚམས་པར་ལེགས་བཤད་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པའི་ལྐལ་ལྡན་དུ་མཛད་པའི་(སྙིགས་དུས་ཀྱི་ཐུབ་པའི་རྒྱལ་ཚབ་ཉག་གཅིག་པུ།)

༧༽  བོད་བརྒྱུད་ནང་བསྟན་གྱི་གསར་རྙིང་གྲུབ་མཐའ་ཀུན་ལ་བྱང་ཞིང་ཐུགས་ཉམས་སུ་བཞེས་པས།  ལུང་སྡེ་སྣོད་གསུམ་གྱི་དོན་མཐའ་དག་གང་ཟག་གཅིག་འཚང་རྒྱ་བའི་ཐབས་ལམ་དུ་འཁྱེར་བའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་མམ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སྟེ་རྒྱལ་དང་རྒྱལ་སྲས་ཀུན་གྱི་གཤེགས་ཤུལ་བདེ་ནས་བདེ་བར་གཤེགས་པའི་ལམ་པོ་ཆེ།  སྣང་སྲིད་ཐམས་ཅད་གསལ་སྟོང་གི་རིག་པ་ཀུན་ཏུ་བཟང་པོར་རྫོགས་པའི་འོད་གསལ་སྙིང་པོ།  སེམས་ཀྱི་མདངས་ལས་འཁོར་འདས་ཀྱི་ཆོས་ཀུན་ཤར་ཞིང་དེ་ཉིད་ངོ་བོ་བདེན་མེད་དུ་གཉུག་སེམས་བདེ་བ་ཆེན་པོས་ངེས་པའི་ཕྱག་རྒྱ་ཆེན་པོ།  ལྷན་སྐྱེས་ཀྱི་གཉུག་མའི་ཡེ་ཤེས་གསལ་སྟོང་ཟུང་འཇུག་ཏུ་སྒོམ་པས་ཅི་སྣང་ཡེ་ཤེས་ཀྱི་རོལ་པར་ཤར་བའི་འཁོར་འདས་དབྱེར་མ་མཆིས་པའི་ལྟ་བ།  ཟབ་མོ་དབུ་མའི་ལྟ་བ་དྲི་མ་མེད་པ་དང་འབྲེལ་བའི་སྐུ་ཐུགས་ཟུང་དུ་འཇུག་པའི་ཟབ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ཐུབ་པའི་གསུང་གི་ཉིང་བཅུད་དེ། བཞེད་སྲོལ་དེ་དག་ལ་རྟག་གུས་སྦྱོར་བས་སློབ་ཅིང་ལག་ལེན་ཏུ་བཀལ་བའི་བློ་ལྡན་སྒྱུ་སྐར་ཕྲེང་བའི་དབུས་ན་ཉ་གང་ཟླ་བ་ལྟར་གཞུང་གི་མཁྱེན་རྒྱ་དང་རྟོགས་པའི་དྲོད་ཚད་མཐའ་དག་བླ་མའི་ཡང་བླ་མར་གྱུར་པས་(ས་སྟེང་རྒྱལ་བསྟན་ཡོངས་རྫོགས་མངའ་བདག)

༨༽  མདོར་ན་འཇིག་རྟེན་ན་ཆབ་སྲིད་ཀྱི་གོ་གནས་མཐོན་པོར་འགྱིང་བའི་དབང་བཙན་དཔོན་པོ་དང་།  དེ་བཞིན་རྣམ་རྟོག་གི་ཡོ་ལང་ཙམ་མམ་དངོས་པོའི་གཤིས་ལུགས་འཚོལ་བའི་ལྟ་གྲུབ་སྨྲ་བ།  སྙན་པས་ས་སྟེང་ཆོད་པའི་རིག་གསར་མཁན་པོ།  འཛམ་གླིང་གི་ནོར་རྫས་ཕལ་ཆེར་རང་གི་མཛོད་སྦུག་ཏུ་བཅིངས་པའི་ཕྱུག་བདག  རིས་མེད་སྐྱེ་འགྲོའི་འདྲེན་པར་བཀུར་བའི་སྐྱེས་ཆེན་དམ་པ།  ཤེས་བྱའི་གནས་བྱེ་བྲག་པའི་གཏིང་དཔོག་པར་གྲགས་པའི་ཆེད་ལས་པ།  སློབ་གླིང་ཆེ་ཆུང་གི་ན་གཞོན་བློ་གསར་བ་སོགས་མདོར་ན་ས་སྟེང་སྐྱེ་དགུ་ཡོངས་ཀྱིས་བཀའ་སློབ་དང་ལམ་སྟོན་ཞུ་ཡུལ་བླ་ན་མ་མཆིས་པར་གྱུར་པས་(དུས་རབས་འདིའི་མང་བཀུར་བའི་སློབ་དཔོན་ཆེན་པོའོ།།)

    དེ་ལྟར་གངས་ཅན་ལྷ་གཅིག་༸རྒྱལ་དབང་ཕྱག་ན་པདྨོའི་རྣམ་ཐར་རྒྱ་མཚོ་ལས་རང་བློ་སྙིམ་པར་གང་ཆུད་མདོ་ཙམ་བརྗོད་པའི་དགེ་བས།  འཕགས་མཆོག་ཐུགས་རྗེ་ཅན་གྱིས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཐུགས་དམ་ཞལ་བཞེས་བཞིན་གངས་ལྗོངས་བསྟན་སྲིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་་ཐོག་དྲངས་བདག་ཅག་བོད་འབངས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དུ་གཏོགས་པ་འདས་གསོན་ཇི་སྙེད་མཆིས་པ་རྣམས་འཁོར་བའི་མཐར་ཐུག་བར་ཐུགས་རྗེའི་དོ་ར་ནས་གཞར་ཡང་མི་འདོར་བར་མགོན་དཔུང་དམ་པར་༸ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་པ་དང།  གངས་ཅན་བསྟན་འགྲོའི་བདེ་ཐབས་ཐུགས་བཞེད་བཞིན་ལྷུན་གྱིས་འགྲུབ་པར་གྱུར་ཅིག་གུ།

དུས་ཀྱི་རྒུད་པས་གདུང་བའི་གངས་ལྗོངས་འགྲོའི།།
མགོན་སྐྱབས་ཁྱོད་ཉིད་ལས་གཞན་མ་མཆིས་ན།།
ཞབས་ཟུང་རྟག་པའི་གཤིས་སུ་རབ་བརྟན་ཅིང་།།
ཐུགས་བཞེད་དགེ་མཚན་རིང་མིན་མངོན་འགྱུར་ཤོག།

      ཅེས་ ༸ གོང་ས་ལྷ་མི་རྣམ་འདྲེན་ཆེན་པོ་མཆོག་གི་མཛད་པ་མདོ་ཙམ་བརྗོད་པ་དད་པའི་ཉིན་བྱེད་ཅེས་བྱ་བ་འདི་ནི།  གང་གི་སློབ་བུའི་གྲལ་མཐའ་བར་རློམ་པ་བློ་གླིང་དབུ་མཛད་ཆེན་མོ་བའི་ལས་ཁུར་འཛིན་པ་ཕྲན་རྩེད་ཐང་བ་བསྟན་འཛིན་དཔལ་མཆིག་གིས་རང་སྤྱིལ་ཆོས་ཀྱི་གན་མཛོད་ནས་ཕྱི་ལོ་ ༢༠༡༢ ཟླ་བ་༡༠ ཚེས་༦ སྟོན་པ་ལྷ་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་སོར་མོའི་འདུ་བྱེད་འཁྲོལ་བའི་ལེགས་ཚོགས་སིདྡྷིརསྟུ།།   །།

གདུང་དབྱངས་དད་པའི་འོ་མཚོ།


གྲུབ་པའི་དབང་ཕྱུག་ྋམཚུངས་མེད་བཤེས་གཉེན་ཆེན་པོ་རྒྱ་མཚོ་སྦྱིན་པ་མཆོག་ལ་
        གསོལ་བ་འདེབས་པའི་གདུང་དབྱངས་དད་པའི་འོ་མཚོ་ཞེས་བྱ་བ།


སྐུ་མཚན་དཔེ་ཟིལ་དངར་ལྷམ་མེར་བློ་ལ་འཆར་བཞིན།།
གསུང་ཟབ་མོ་མ་ཡལ་ལྷང་ངེར་ཡིད་ལ་འཁོར་བཞིན།།
ཐུགས་ཞི་དུལ་བག་ཡོད་ལྷན་ནེར་སེམས་ལ་དྲན་བཞིན།།
ཕ་བླ་མར་དད་དོ་བྱང་ཆུབ་བར་དུ་ཟུངས་ཤིག།

ཐུགས་དྲི་མ་མེད་པ་བརྩེ་ཆེན་ཐུགས་རྗེའི་བདག་ཉིད།།
གསུང་དྲི་མ་མེད་པ་ཟབ་རྒྱས་ཆོས་ཀྱི་གཏེར་མཛོད།།
སྐུ་དྲི་མ་མེད་པ་མཐོང་ན་མི་མཐུན་མེད་པའི།།
སྐྱབས་བླ་མ་དྲན་ནོ་སྙིང་གི་ཟེ་འབྲུར་བཞུགས་ཤིག།

སྐུ་འཚོ་ཞིང་བཞུགས་ཚེ་སང་ཕོད་མཇལ་ཡོང་བསམས་ཀྱང་།།
དུས་ད་ལྟ་ཡིན་ན་མཚན་སྙན་ཙམ་ཞིག་ལྷག་པས།།
མཆོག་གསང་གསུམ་མཛད་སྤྱོད་རེ་རེ་ཡིད་ངོར་ཤར་དུས།།
སྐྱོ་དད་དང་གུས་པ་ཕན་ཚུན་འགྲན་བཞིན་འདུག་གོ།

ཐུགས་དམིགས་པ་མེད་པའི་བརྩེ་བས་ཕངས་པ་མེད་པར།།
ཆོས་བདུད་རྩི་དམ་པ་དེ་དང་དེ་དག་བསྩལ་ཅེས།།
དེ་བསམ་གྱིན་བསམ་གྱིན་མིག་ཟུང་མཆི་མས་བརྣང་བཞིན།།
མགོན་བཤེས་གཉེན་དྲན་ནོ་ཆོས་ཀྱི་དབྱིངས་ནས་གཟིགས་མཛོད།།

དུས་སྙིགས་ལྔའི་རང་མདངས་ཚ་རླབས་འཕྱུར་བའི་དུས་འདིར།།
སྒོ་དེ་དང་མ་བསྟུན་སྡེ་སྣོད་གསུམ་ལ་བཅོལ་ནས།།
ཆོས་ཁ་རུ་མ་ལུས་ཞེ་བས་སྒྲུབ་པའི་སྐྱེས་ཆེན།།
རྗེ་ཐེག་མཆོག་བཤེས་གཉེན་དྲན་གྱིན་སྙིང་ནས་དད་དོ།།

རྟེན་དོན་ཆེན་རྙེད་དཀའི་དལ་འབྱོར་རིན་ཆེན་རྙེད་ནས།།
མགོན་བཤེས་གཉེན་ཁྱེད་ལས་ཆོས་ཀྱི་གོ་སྐལ་ཐོབ་པ།།
ངའི་སྒོ་གསུམ་སྤྱོད་པ་རང་ལ་མངོན་དུ་གྱུར་ཕྱིར།།
འདི་རང་མཐུ་མ་ཡིན་ཁྱེད་ཀྱི་དྲིན་དུ་ངེས་སོ།།

ཕྱི་ངེས་འབྱུང་རྣམ་དག་ཚུལ་ཁྲིམས་དག་པའི་དགེ་སྦྱོང་།།
ནང་རིན་ཆེན་སེམས་མཆོག་ཡང་དག་ལྟ་བས་ཕྱུག་ལ།།
གསང་རིམ་གཉིས་ཟབ་མོའི་ཉམས་རྟོགས་དྲོད་ཚད་ལྡན་པའི།།
ཕ་གྲུབ་པའི་དབང་ཕྱུག་རྒྱ་མཚོའི་མཚན་ཅན་མཁྱེན་ནོ།།

ཕྱི་ལུས་ངག་སྤྱོད་པ་ཐ་མལ་ལས་ཀྱང་ཐ་མལ།།
ནང་སེམས་ཀྱི་འཁྱེར་སོ་ཁྱིམ་པར་འགྲན་པ་ལྟར་ཡང་།།
སྐྱབས་མཆོག་གསུམ་འདུས་ཞལ་ཁྱེད་ཀྱི་ཞབས་པད་ཟིན་ཏེ།།
གསུང་བདུད་རྩི་མྱངས་པའི་བཀའ་དྲིན་གང་གིས་གཞལ་ལམ།།

གནས་དག་པའི་ཞིང་ཁམས་གང་ན་ཁྱེད་ཉིད་བཞུགས་ཀྱང་།།
ལས་སྨོན་ལམ་འབྲེལ་བའི་དམ་ཚིག་གཙང་བའི་སློབ་བུ།།
ཡིད་རྙོག་པ་མེད་པས་ཁྱེད་ལ་སྐྱབས་སུ་མཆི་ན།།
ཐུགས་བརྩེ་བ་མ་ལྷོད་བདག་ལ་དགོངས་སུ་གསོལ་ལོ།།

ཉིད་གཤེགས་པའི་འོག་ན་ཤུལ་དུ་ལུས་པ་ངེད་ཅག།
སེམས་རང་སར་མ་གནས་ཁྱེད་ཉིད་རྟག་པར་ཤར་བས།།
དབྱིངས་དག་པའི་ཀློང་ནས་བརྩེ་བའི་སྤྱན་ཞགས་རིང་མོས།།
ལན་གཅིག་གཉིས་མིན་པར་གཏན་དུ་འཆིང་བར་མཛོད་ཅིག།

རྒན་རིན་པོ་ཆེའི་དགོངས་རྫོགས་ཀྱི་ཉིན་མོར་
སློབ་བུ་ཤྲཱི་མིང་པས།


ལྷ་མོ་དབྱངས་ཅན་མ་ལ་ཀ་ཕྲེང་གི་སྒོ་ནས་གསོལ་བ་འདེབས་པ།

ངག་དབང་ལྷ་མོ་དབྱངས་ཅན་མ་ལ་ཀ་ཕྲེང་གི་སྒོ་ནས་གསོལ་འདེབས་
    ཚངས་སྲས་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་ཞེས་བྱ་བ།

༄།    །ནམོགུརུསརསྭསྟིཡེ།

ཀ་མ་ལ་ཡི་མདངས་འཕྲོག་ཅིང་།།
ཁ་བའི་མཛེས་པ་གཅིག་ཏུ་འདུས།།
ག་པུར་འཛིན་པས་སྤྱི་གཙུག་མཛེས།།
ང་རོའི་གདངས་སུ་ཆོས་ཀུན་བཀུག།    ༡

ཅ་ཅོ་མེད་སོགས་མ་འདྲེས་པའི།།
ཆ་ཤས་ཀུན་རྫོགས་མཚོ་བྱུང་མ།།
ཇ་མཆོད་ཙམ་མིན་སྒྲུབ་པས་མཆོད།།
ཉ་རྒྱས་ཟླ་བ་ཇི་བཞིན་དུ།།    ༢

ཏ་ཐཱ་ག་ཏའི་ལུང་རྟོགས་བསྟན།།
ཐ་མལ་བདག་གི་མགྲིན་པའི་མགུར།།
ད་ལྟར་མཛེས་རྒྱན་དུ་གསོལ་ན།།
ན་ཚོད་མཐའ་ལ་མ་གཏུགས་བར།།   ༣

པཀྵུའིབགྲོད་བཞིན་རྟག་བརྩོན་པས།།
ཕ་མེས་གཅེས་ནོར་སྐྱོང་འདོད་བདག།
བ་རྫི་ནག་མོ་ཁོལ་ཇི་བཞིན།།
མ་གཅིག་རེ་བ་འབྲས་ལྡན་མཛོད།།   ༤

ཙཀྲ་ཧྲཱིཾཿལས་བྱས་པ་ནི།།
ཚ་ཟེར་འཕྲོ་བ་སྒོམ་པ་ཡིས།།
ཛ་ཡའི་དགོངས་པ་མ་འཁྲུལ་བ།།
ཝ་ལེར་རྟོགས་པའི་དངོས་གྲུབ་སྩོལ།།   ༥

ཞྭ་སེར་བསྟན་པའི་གྲལ་མཇུག་ཏུ།།
ཟ་ཁ་བུད་པའི་བན་ཆུང་བདག།
འ་ཆད་ཐུག་ཀྱང་ཁྱེད་ཉིད་ལ།།
ཡ་བྲལ་མེད་པར་གསོལ་བ་འདེབས།།   ༦

ར་མདའ་མེད་པའི་ཕྱི་མའི་ཤུལ།།
ལ་མོའི་བགགས་དེར་སླེབས་པའི་ཚེ།།
ཤ་ཐང་འབད་པས་གསོལ་འདེབས་ན།།
ས་ར་སྭསྟི་ཐུགས་རྗེས་དགོངས།།   ༧  

ཧ་ཅང་རེ་བས་གསོལ་གཏབ་དོན།།
ཨ་དོན་དབྱིངས་ནས་ལེགས་གཟིགས་ཏེ།།
ཐུགས་རྗེའི་སྐྱབས་ཀྱི་དོ་ར་ནས།།
ནམ་ཡང་མ་དོར་རྗེས་སུ་ཟུངས།།   ༨

        ཞེས་ངག་དབང་ལྷ་མོ་དབྱངས་ཅན་མ་ལ་ཀ་ཕྲེང་གི་སྒོ་ནས་གསོལ་འདེབས་ཚངས་སྲས་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི།         བློའི་སྣང་བ་ཆེན་པོ་ལྷ་མོ་ཉིད་ལ་རེ་བའི་སྙོམས་ལས་པ་བསྟན་འཛིན་དཔལ་མཆོག་ཏུ་འབོད་པས་ ༢༠༡༡ / ༤ / ༢༥ ཉིན་རྫོགས་པར་སྦྱར་བའོ།།     །།

མཚོ་བྱུང་འཛུམ་ཞལ་གྲོལ་བའི་གླུ་དབྱངས།

ངག་དབང་ལྷ་མོ་ལ་བསྔགས་པ་མཚོ་བྱུང་འཛུམ་ཞལ་གྲོལ་བའི་གླུ་དབྱངས།

སྲིད་ཞིའི་མཛེས་སྡུག་མ་ལུས་གཅིག་བསྡུས་པའི།།
མཚན་དཔེའི་ལང་ཚོ་རྫོགས་ཤིང་ཤེས་བྱའི་གནད།།
རྒྱུད་མངས་སྒྲ་ལས་དྲངས་མཛད་ཚངས་སྲས་མ།།
ལེགས་བཤད་སྣང་བའི་གཏེར་ཆེན་བདག་ལ་སྩོལ།།

ཁྱེད་ཀྱི་སྤྱི་གཙུག་ཟླ་བས་སྤུད་པ་ནི།།
གདུལ་བྱའི་སྐར་ཚོགས་མགོན་དཔུང་བདག་གོ་ཞེས།།
གསལ་བར་མཚོན་ན་བདག་གི་མགྲིན་པའི་སྦུབས།།
ལེགས་བཤད་འོད་དཀར་བྱེ་བའི་དཔལ་དུ་མཛོད།།

རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་ལྷ་མོའི་སྐུར།།
ཤར་ཡང་རྒྱ་མཚོའི་བུ་མོར་མཚན་གསོལ་ན།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་མགུར་ཁང་དེ།།
ལེགས་བཤད་ཆུ་གཏེར་ཆེན་པོའི་ཀློང་དུ་སྒྱུར།།

དཔག་མེད་བསྐལ་པར་ཐུགས་རྗེ་ལེགས་གོམས་པ།།
འདབ་སྟོང་གེ་སར་རྩེ་ན་ལྷུན་ཆགས་པར།།
བཞུགས་པས་གོ་ཕྱིར་ཁྱེད་ལ་རེ་བ་ཡི།།
བུ་ལ་བཏང་སྙོམས་མཛད་པ་ག་ལ་སྲིད།།

རྨད་བྱུང་ལུས་ཕྲའི་ངོ་མཚར་འབུམ་རྫོགས་ཀྱང་།།
ངག་གི་དཔལ་ལ་འདོད་དགུར་དབང་འབྱོར་བའི།།
བསྔགས་པ་དོན་མཐུན་ས་གསུམ་ཡོངས་གང་བས།།
བསྟོད་པའི་སྦྱོར་བ་གཞན་གྱི་གོ་སྐབས་འཕྲོག།

མ་ལྟར་གདུལ་བྱ་བརྩེ་བས་སྐྱོང་བའི་ཕྱིར།།
མ་ཡེངས་རྟག་ཏུ་སེམས་པའི་བུ་ཆུང་ལ།།
མཧཱ་པྲཉྫཱའི་དངོས་གྲུབ་རིངས་བསྩལ་ཏེ།།
མ་གཅིག་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས།།

དུས་གསུམ་རྒྱལ་བའི་ཡུམ་གྱུར་ངག་གི་ལྷ།།
དུས་རྣམས་ཀུན་ཏུ་ཁྱེད་ལ་བདག་རེ་ན།།
དུས་ཀུན་བརྩེ་བས་མ་དོར་བློ་ཡི་ཁྱོན།།
དུས་གསུམ་གསལ་གཟིཌ་མཁྱེན་པའི་རྒྱ་མཚོར་མཛོད།།

གནས་ལུགས་ཟབ་མོའི་སྒོམ་པ་ཕ་མཐར་ཕྱིན།།
ཕྱིན་དྲུག་བསྡུ་བཞིའི་ཉམས་ལེན་ཡོངས་སུ་རྫོགས།།
 རྫོགས་པའི་བྱང་ཆུབ་མངོན་མཛད་བཅོམ་ལྡན་མ།།
 མ་སྐྱེས་ཆོས་ཉིད་ཀློང་ནས་བདག་ལ་གཟིགས།།                                                                       

སྐྱོང་ཞིང་སྲུང་བས་དེ་རྣམས་གནས་ལ་དད།།
དད་ལ་གནས་རྣམས་དེ་བས་སྲུང་ཞིང་སྐྱོང་།།

བརྩེ་བས་མ་བཏང་མ་བས་བརྩེ།།
མ་གཅིག་མ་གཡེལ་མ་གཅིག་མ།།
བུ་ལ་བརྩེ་བས་བརྩེ་ལ་བུ།།
ཐར་པར་རིངས་པ་རིངས་པར་ཐར།།

རྣམ་མཁྱེན་ཆོས་ཀློང་ཆེན་པོའི་དབྱིངས་ཤད་ན།།
ན་ཆུང་དར་ལ་དྲག་པའི་མཛེས་ལྡན་ཞིག།
ཞིག་མེད་རྟག་པའི་རྒྱལ་ས་ཟིན་ན་ཡང་།།
ཡང་ཡང་ང་ཡི་ཕྱོགས་ལ་གཟིགས་པ་དགྱེས།།

སྣ་ཚོགས་སྤྲུལ་པའི་རོལ་གར་མཐའ་ཀླས་པ།།
ད་དུང་ཁྱོད་དུ་ངེས་པ་མ་རྙེད་ཀྱང་།།
བློ་ཡི་འཇུག་པ་ཉིན་བྱེད་དཔལ་ལ་འཁུ།།
དུབ་པའི་ཡིད་ལ་དེ་ཡིས་ངལ་གསོ་བྱིན།།

སྲེད་པའི་འདམ་གྱི་སྐྱོན་ཀུན་བཅད་ཀྱང་སླར།།
གདུལ་བྱའི་འགྲོ་ལ་ཆགས་པས་རྟག་བཅིངས་པས།།
ཁྱོད་ལ་འཁོར་བའི་བུང་བ་གཞོན་ནུ་དེ།།
སྲོག་དང་འབྲལ་ཡང་ཁྱོད་ལ་དམ་དུ་འཁྱུད།།

རྣམ་དག་ཡིད་ཀྱི་ཟླ་ཤེལ་རྩིག་ངོས་ལ།།
དད་པའི་པིར་གྱིས་བྲིས་པའི་ཁྱོད་ཀྱི་སྐུས།།
བྱིན་རླབས་བདུད་རྩིའི་ཟིལ་དངར་སྤྲོ་བ་ན།།
རིག་པའི་དགའ་སྟོན་མྱོང་བའི་ཤིས་པ་འགྲུབ།།

ཁྱོད་ཞབས་བསྙེན་པས་དགེ་མཚན་མང་ཐོབ་ཀྱང་།།
བློ་ཡི་ནོར་ལ་ཆོག་ཤེས་མ་ནུས་ནས།།
སྨྲ་བ་ནམ་མཁའ་མཛོད་ཀྱི་འདུན་པ་ཡིས།།
ཁྱོད་ཞལ་མཐོང་ལ་སྐོམ་པས་ཆུ་འདོད་བཞིན།།

རབ་ཏུ་བྱུང་ནས་ལུས་ཕྲའི་བཞིན་རས་ལ།།
བལྟ་བ་ཙམ་ཡང་བཀག་མོད་ཁྱོད་ཞལ་ལ།།
མཇལ་འདོད་བཙུན་པ་དེ་ཡིས་ཁྱོད་མཐོང་ན།།
ཐུབ་པ་དེས་ཀྱང་དགོངས་ཡངས་ཅིས་མི་སྟེར།།

ལེགས་བཤད་རྣ་བའི་བུ་གར་སིམ་པའི་ཚེ།།
ཁྱོད་ཀྱི་དབྱངས་སུ་ཞེན་ནས་བཙལ་ན་ཡང་།།
མ་ཾམཐོང་སྐྱོ་ནས་ཅི་བྱ་བྲལ་བ་ན།།
སྙན་ཚིག་ཆང་གིས་ཟ་ཟིའི་ཚོར་བ་བསྟེན།།

ཡིད་འོང་ཤེས་རབ་དགའ་མ་གཏན་གྲོགས་སུ།།
ཐོབ་ནས་ཅི་དགར་སྤྱོད་པའི་སྐབས་རྙེད་ན།།
རྙེད་བཀུར་ནོར་སོགས་ཕྲན་ཚེགས་བདེ་བ་དག།
ཡོངས་སུ་དོར་བའི་སྤྲོ་བ་བདག་གིས་བརྟས།།

ཁྱོད་ཀྱི་རྣམ་དཔྱོད་ཉི་མ་ཤར་འདྲ་བ།།
དེ་ནི་བདག་གིས་བྱིན་པའི་ལེགས་སྐྱེས་ཞེས།།
མཚོ་བྱུང་རྒྱལ་མོས་ལྗགས་ཡངས་གྲོལ་ངེས་ཀྱང་།།
ཁྱོད་གསུང་མ་ཐོས་འདི་ནི་བདག་གི་ནོངས།།

འོད་དཀར་ཅན་མས་བསིལ་ཟེར་སྤྲོ་བ་ནི།།
ཛ་ཧུའི་བུ་མོའི་གཟི་བྱིན་ཡིན་ན་བསམས།།
ཆུ་གཏེར་རྒྱས་པའི་རླབས་ཕྲེང་རྒོད་པ་ཡང་།།
གཞུང་ལུགས་རྒྱ་མཚོར་དཔྱོད་པའི་བློ་རུ་བསྒོམས།།

Tuesday, July 16, 2019

རང་གིས་རང་ལ་བཞུས་པ་མི་རྟག་པའི་རྟ་ལྕག

འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།།
ཚེ་མི་བརྟན་རླུང་དམར་ནང་གི་མར་མེ་ལྟ་བུ་ལ།།
བློ་མ་འདྲིས་རྟག་པར་སེམས་པ་འཁྲུལ་བའི་ཕུལ།།
ཉིང་འཁྲུལ་་དེ་རུ་ལྷུང་ཡང་ཟོག་པོ་ཆོས་པར་རློམ།།
ཆོས་བྲེད་ལ་ཤོར་བའི་ཐ་ཤལ་གྱི་མི་བུ་ང་།།
རང་རྒྱུད་ཆོས་ཀྱིས་མ་དུལ་གང་གིས་ཐུལ།།
སྐྱབས་རྒྱལ་ཀུན་འདུས་ཞལ་དྲིན་ཅན་བླ་མ་ཡང་།།
ཕལ་རང་གི་སྣང་ངོར་ཐ་མལ་རང་དུ་ལུས།།
དམ་ཆོས་ཐོས་ལོ་དང་བྱེད་ལོས་མི་ཚེ་ཐལ་ཡང་།།
བློ་ཁེལ་བའི་ཕྱི་མའི་ལམ་རྒྱགས་འདི་ཡིན་མེད་པར།།
ཆ་མེད་པར་གདུག་ཅན་ནད་ཀྱིས་ཟིན་ཏེ།།
བཟློག་ཏུ་མེད་པར་འཆི་བདག་ཁོ་སླེབས་པ་ན།།
ཅི་བྱ་གཏོལ་བྲལ་དུ་འགྱུར་ཏེ་ངུ་ངག་དང་ལྷན་ཅིག།།།
དབུགས་ཀྱི་རྒྱུ་བ་ཇེ་བྲེལ་དུ་བརྩེགས་ཀྱང་།།
བློས་ད་དུང་འཚོ་བའི་རེ་ཐག་མ་ཆད་པར།།
མལ་དང་གདན་ལ་ལག་གིས་དམ་དུ་འཇུས་ནས།།
དངངས་སྐྲག་གིས་བཤང་གཅི་མལ་དུ་འཆོར།།
མིག་ཟུང་ནས་མཆི་མ་ལྷུབ་ལྷུབ་དུ་བཞུར་བཞིན།།
ཤུལ་ཐག་རིང་བའི་ཕྱི་མའི་ལམ་བུ་འགྲིམ་པའི།།
ཆེས་མཐའ་མཇུག་གི་དུས་དེར་བདག་ནི་ཅི་རང་དྲག།
དུས་དེ་ཙ་ན་རེ་ས་དཀོན་མཆོག་ལས་མེད་པས།།
ཚེ་སྔ་ཕྱི་ལས་འབྲས་བསླུ་བ་མེད་པ།།
གཞི་བདེན་གཉིས་ཀུན་བྱང་བདེན་བཞིའི་གནས་ལུགས།།
ལྕེ་རྩེ་རུ་མ་ལུས་ཞེ་ནས་ངེས་པ་རྙེད་པར།།
ཕྱི་བཤོལ་སྤངས་ཤིང་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ།།
རྩོལ་བ་བསྟེན་པ་བྱ་བའི་དོན་པོར་གཟུང་ལ།།
འཆི་དུས་མ་འགྱོད་ཙམ་ཞིག་བྱ་རན་འཕྱིས་གྲབས་འདུག་གོ།

ཤྲཱིས། 
༢༠༡༦.༣.༡༣ ཉིན།

ཉེས་བྱས་སོ་གསུམ།

༈དགག་འགལ་སྡེ་ཚན་བདུན་གྱི་དང་པོ་བདུན།།
༈བདུན་བཀོལ་ཉེས་བྱས་ཉེར་དྲུག་སྒྲུབ་འགལ་ཡིན།།
༈སྒྲུབ་བཅས་སྒྲུབ་འགལ་བཅུ་གཉིས་ལྔ་ཚན་ལྔའི།།
གཉིས་པ་གསུམ་པ་ཀུན་དང་དབྱར་རལ་གཉིས།།
༈གནས་མེད་སྐྱ་རེངས་བདུན་དང་མ་བརླབས་ལྔ།།
དུས་འབྲེལ་བཅུ་གཉིས་དབྱར་རལ་དཔྱད་དགོས་གསུངས།།
༈གསོ་སྦྱོང་མ་བརླབས་གསོ་སྦྱོང་ལ་བརྟེན་གཅིག།
༈དབྱར་ལ་བརྟེན་པ་བརྒྱད་ནི་ལྔ་ཚན་གྱི།།
དབྱར་ཚུལ་མ་བརླབས་བཞི་དང་བཞི་ཚན་གྱི།།
གནས་བསྟེན་གཉིས་དང་དབྱར་རལ་གཉིས་རྣམས་སོོ།།
༈དབྱར་དང་གསོ་སྦྱོང་ལ་བརྟེན་དགུ་མ་གཏོགས།།
ཉེར་བཞི་གནས་མ་བསྟེན་པའི་ཉེས་བྱས་སོ།།

དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ།

དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ་བདུད་སྡེ་མཐར་བྱེད་འདོད་དགུའི་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།།


བྷྱོཿ  རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་དྲག་མོའི་སྐུར།།
ཡོངས་བཞེངས་དམག་ཟོར་རྒྱལ་མོ་རེ་མ་ཏི།།
གདུལ་བྱར་འཚམས་པའི་གང་འདུལ་སྤྲུལ་པའི་གར།།
སྟོན་མཛད་ཡུམ་ཆེན་སྙིང་གི་དཀྱིལ་དུ་བཞུགས།། ༡   

དམ་ཉམས་བསྒྲལ་བའི་ཁྲག་དང་ཞག་གི་མཚོ།།
རྦ་ཀློང་རབ་ཏུ་འཁྲུག་ཅིང་འཁོལ་བའི་དབུས།།   
སྡང་དགྲའི་སྲོག་གི་རྒྱུ་བ་སྐད་ཅིག་ལ།།
གཏོར་བའི་རླུང་ནག་འཚུབ་མའི་ཀློང་དཀྱིལ་ན།། ༢

སྟོང་གསུམ་ཡུད་ཀྱིས་མྱུལ་བའི་རླུང་ཤོག་ཅན།།
སྲིན་པོའི་ཐོད་པས་སྒ་དང་པགས་པས་གཡོགས།།
གདུག་པའི་སྦྲུལ་གྱི་གོང་སྨད་སྲབ་ཐུར་ཅན།།
དྲེའུ་རྐྱང་སེར་གྭ་པའི་གདན་སྟེང་དུ།། ༣   

ཧ་ལའི་མདངས་ལྡན་མར་གད་རི་བོའི་རྩེར།།
མཚམས་སྤྲིན་གསར་པ་ལང་ལོང་གཡོ་བ་ལྟར།།
སྐུ་མདོག་མཐིང་ནག་རབ་ཏུ་རྔམས་པ་ལ།།
དམར་སེར་རལ་པ་ཟིང་བས་དགྲ་སྙིང་འགུལ།། ༤

སྤྱན་གསུམ་གཡོ་བ་གློག་དམར་སྟོང་གིས་མཁྱུད།།
ཤངས་སྦུག་འབར་བའི་ཀློང་ནས་ཧུར་སྒྲ་འཛེར།།
སྲིད་གསུམ་ཟ་བའི་ཞལ་ནས་སྐྱི་གཡའ་བའི།།
གད་རྒྱངས་དྲག་པོས་དགྲ་བགེགས་སྙིང་ཁ་འཐོར།། ༥

གཡས་པའི་ཕྱག་གིས་བེ་ཅོན་གདེངས་ཙམ་གྱིས།།
བདུད་ཀྱི་མགོ་བོ་ཚལ་པ་བརྒྱར་གས་ཤིང་།།
ནལ་བུའི་ཐོད་དུ་ཁྲག་ཞག་དྲོན་མོ་ཡིས།།
ནག་ཕྱོགས་གཟིར་ཡང་བསྟན་འཛིན་བུ་བཞིན་སྐྱོང་།། ༦

བསྟན་གཤེད་སྲོག་རྩ་ཡུད་ཀྱིས་གཅོད་བྱེད་པའི།།
ཕྱག་ཞབས་སེན་མོ་ལྕགས་ཀྱུ་བཞིན་དུ་རྣོ།།
ཡན་ལག་རིད་ཅིང་དམ་ཉམས་དངངས་པའི་ཕྱིར།།
འདོད་པའི་མྱོས་བུམ་ཟུང་ཡང་ཐུར་དུ་དཔྱངས།། ༧

དམ་ལྡན་དུས་ལས་མ་ཡོལ་སྐྱོབ་པའི་བརྡར།།
བདེ་ཆེན་འཁོར་ལོ་རྨ་བྱའི་གདུགས་ཀྱིས་བརྒྱན།།
དཀར་ནག་གོ་ལོག་མི་སྤྱོད་གདམས་པའི་སླད།།
ལྟེ་བ་ཉིན་བྱེད་སྤྱི་གཙུག་ཟླ་བས་སྤུད།། ༨

སྡིག་ཅན་བམ་རོ་གསོལ་བས་བདེ་ཆེན་རྒྱས།།
རིགས་ལྔའི་རྒྱལ་བ་ཐོད་སྐམ་ཚུལ་དུ་བརྗིད།།
བཅད་པའི་མཚམས་ནས་ཁྲག་གི་རྒྱུན་འཛག་པའི།།
དགྲ་བགེགས་མགོ་རློན་ལྔ་བཅུ་མགུལ་དུ་འཆང་།། ༩

སྙན་གཡས་གདོང་ལྔས་གདུག་ཅན་ཀླད་པ་འགེམས།།
གཡོན་དུ་བཙན་དུག་ངར་བའི་འཁྱོག་འགྲོའི་དབང་།།
བསྟན་ལ་གནོད་བྱེད་ཞིང་བཅུ་ཚང་བའི་བགེགས།།
ཁ་རླངས་རྩུབ་མོས་ཆོས་ཀྱི་དབྱིངས་སུ་སྒྲོལ།། ༡༠

མི་པགས་རློན་པས་སྐུ་སྟོད་ཀླུབ་བྱེད་ཅིང་།།
སྟག་པགས་ཤམ་ཐབས་སྦྲུལ་ནག་ཆུན་པོས་བཅིངས།།
ཅི་འདོད་མངོན་ཤེས་འཆར་བའི་དཀར་ནག་ཤོ།།
དྲུམ་ནད་ལ་སོགས་ནད་ཀྱི་རྐྱལ་པ་དང་།། ༡༡

ཚོན་གྱི་དྲུ་གུ་བདུད་ཀྱི་ཁྲམ་ཤིང་སོགས།།
ཁམས་གསུམ་དྲེགས་ལྡན་ཆེ་དགུ་ཟིལ་གནོན་པའི།།
རྔམ་བརྗིད་དྲག་པོའི་ཆོ་ག་ཡོངས་རྫོགས་པ།།
སྲིད་གསུམ་བདག་མོ་སྲིན་མོ་ཆེན་མོར་བསྟོད།། ༡༢

གཞན་ཡང་སྔ་ཕྱིར་རྒྱུ་བའི་ལས་མཁན་ཟུང་།།
བདུད་མོ་བཞི་དང་ཚེ་རིང་མཆེད་ལྔ་དང་།།
བསྟན་མ་བཅུ་གཉིས་ལ་སོགས་དམ་ཅན་ཚོགས།།
ཐོགས་མེད་འཕྲིན་ལས་མ་གཡེལ་སྒྲུབ་ལ་བསྟོད།། ༡༣

ཁྱོད་ལ་རྩེ་གཅིག་གུས་པས་བསྟོད་པ་བདག།
རྒྱལ་བའི་གསུང་རབ་དགོངས་འགྲེལ་བཅས་པ་ལ།།
ཐོས་བསམ་སྒོམ་པས་བྱ་བ་མཐར་ཕྱིན་པའི།།
བར་ཆད་སེལ་ཞིང་མཐུན་རྐྱེན་མ་ལུས་སྒྲུབས།། ༡༤

འདོད་ཁམས་བདག་མོ་སྲིད་གསུམ་དབུལ་སེལ་མ།།
བདག་གིས་ལེགས་ཉེས་ཁྱེད་ལ་བཅོལ་ལགས་ན།།
འཕྲལ་ཡུན་ཆོས་མཐུན་འདོད་དགུ་ཡིད་བཞིན་དུ།།
འགྲུབ་པའི་རྣམ་བཞིའི་འཕྲིན་ལས་སྒྲུབ་པར་མཛོད།། ༡༥

རྒྱལ་ཀུན་གསུང་དབྱངས་གཅིག་བསྡུས་བཞིན་ལག་སྐུ།།
སྒྲ་དབྱངས་ལྷ་མོས་རྨོངས་མུན་སེལ་དང་ལྷན།།
དངོས་གྲུབ་འདོད་དགུར་སྩོལ་མཛད་རེ་མ་ཏིས།།
བར་ཆད་ཉེར་འཚེ་ཀུན་ལས་སྐྱོབ་པར་གསོལ།། ༡༦

བདག་གི་སྒོ་གསུམ་བྱ་བ་བག་མེད་པས།།
ཁྱོད་ཐུགས་དགྱེས་པའི་རེ་བ་ཆེས་ཕྲ་ཡང་།།
རྩེ་གཅིག་གུས་པས་ཁྱོད་ལ་གསོལ་འདེབས་ན།།
དམིགས་མེད་ཐུགས་རྗེས་རེ་བ་འབྲས་ལྡན་མཛོད།། ༡༧

ཡིད་ཀྱི་གུད་དུའང་ཁྱོད་ཉིད་མེད་པ་ཡང་།།
ཁྱོད་ཀྱི་བརྩེ་བས་གཏོང་བར་མི་མཛད་ན།།
འདོད་དོན་ཡོད་དགུ་ཁྱོད་ལ་རེ་བ་དེ།།
བརྩེ་བའི་གདུལ་བྱར་གཞན་ལས་ཅིས་མི་ལྷག། ༡༨

དེ་ཕྱིར་སྐྱེ་ཀུན་རྩ་བའི་བླ་མ་དང་།།
དབྱེར་མེད་ལྷ་མོ་ཞི་ཁྲོར་སྐད་ཅིག་ཀྱང་།།
མི་འབྲལ་སྙིང་ནས་གསོལ་བ་བཏབ་པའི་མཐུས།།
ཁྱོད་ཞལ་མཐོང་ནས་ཚེ་རབས་རྗེས་འཛིན་ཤོག། ༡༩

ནམ་མཁའི་མཐར་ཐུག་མར་གྱུར་འགྲོ་བའི་ཕྱིར།།
ཀུན་མཁྱེན་གྲོང་ཁྱེར་ཆེ་དེར་མ་ཞུགས་བར།།
ལམ་གཙོ་གསུམ་དང་རིམ་གཉིས་རྣལ་འབྱོར་ལམ།།
ཉམས་མྱོང་རྣལ་མ་སྐྱེ་བའི་གྲོགས་བྱེད་ཤོག། ༢༠


           ཅེས་མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ་བདུད་སྡེ་མཐར་བྱེད་འདོད་དགུའི་མཆོག་སྦྱིན་ཞེས་བྱ་བ་འདི་ནི།    རྒྱལ་བ་ཀུན་གྱི་ཡུམ་གཅིག་ངག་དབང་ལྷ་མོ་ཞི་དྲག་ལ་བརྟེན་ནས་འཕྲལ་ཡུན་གྱི་བྱ་བ་ཀུན་འགྲུབ་ཏུ་རེ་བའི་བྷུ་སུ་ཀུ་བསྟན་འཛིན་དཔལ་མཆོག་ཏུ་འབོད་པས།    ཕྱི་ལོ་༢༠༡༡/ ༩/ ༡  ཉིན་མཇུག་རྫོགས་པར་སྦྱར་བའོ།།        །།

ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་བསྟོད་པ།

༄༅། །ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་བསྟོད་པ་ཕན་བདེའི་གྲུ་ཆར་འགུག་པའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ༎

ཨོཾ་སྭ་སྟི།
ཐབས་ཤེས་ཟུང་འཇུག་ལམ་བཟང་གོམས་པས་སྙིགས་ལྔ་ཆེས་ཆེར་དར་ཚེ་ཡང་།། 
རིས་སུ་མ་མཆིས་ཐུབ་པའི་ལུགས་བཟང་འཇིག་རྟེན་སྐྱེ་དགུའི་གསོས་གྱུར་པ།།
རྟེན་འབྲེལ་ཟབ་མོའི་ཚུལ་ལས་བརྩམས་ཏེ་རིས་མེད་འགྲོ་ལ་འདོམས་མཛད་པའི།།
སྨྲ་བ་ཟླ་མེད་ཐུབ་དབང་གཉིས་པ་༧སྐྱབས་གཅིག་བསྟན་འཛིན་རྒྱ་མཚོར་འདུད།། ༡

བསྐལ་མང་སྔོན་ནས་ཐུགས་བསྐྱེད་བཟང་པོས་གངས་ལྗོངས་ཕྱག་མཚན་བཞེས་པ་ལྟར།།
ཁ་བ་རི་པའི་བསོད་ནམས་གཏུགས་ཀྱང་ཐུགས་བརྩེའི་མདུད་རྒྱ་མ་ལྷོད་པར།།
དུས་ཀྱི་གཉན་འཕྲང་ཡང་མཐའ་འདིར་ཡང་ཁ་བ་ཅན་པའི་མགོན་དཔུང་དུ།།
བསམ་བཞིན་སྐུ་ཡི་ཟླ་ཞལ་གསར་པ་མདོ་སྨད་སྟག་འཚེར་ཡུལ་ནས་བཞད།། ༢      

ན་ཚོད་ཤིན་ཏུ་ཕྲ་བ་ཉིད་ནས་སྔོན་གྱི་སྨོན་ལམ་བདེན་མཐུ་ཡིས།།
དམག་ཟོར་རྒྱལ་མོའི་རྡོ་རྗེའི་ཕྱག་རྒྱས་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེར།།
བྱོན་པར་ཆས་ཚེ་གངས་ཅན་པ་རྣམས་བདག་ཅག་མགོན་དང་བཅས་སོ་ཞེས།།
རིང་ནས་བརླག་པའི་རིན་ཆེན་རྙེད་ལྟར་དགའ་བའི་ཅ་ཅོས་ནམ་མཁའ་བཀང་།། ༣      

མཉྫུ་གྷཱོ་ཥ་མི་ཡི་ཚུལ་བཟུང་ཡོངས་འཛིན་བཤེས་གཉེན་དུ་མ་ལས།།
ཟབ་རྒྱས་ཆོས་ཀྱི་བགོ་སྐལ་སྤྱོད་ལ་ཉི་མས་གདུངས་པའི་གླང་ཆེན་བཞིན།།
གཞོན་ནུ་ཉིད་ནས་ཐོས་བསམ་སྒོམ་པས་བློ་གྲོས་རྒན་པོའི་སྙེམས་པ་བཅོམ།།
རིགས་པ་སྨྲ་བ་ཀུན་གྱི་མགོ་ལ་ལེགས་བཤད་གདོང་ལྔའི་སྦར་ཁྱིམ་བཀོད།། ༤      

ཤར་ཕྱོགས་དམར་པོའི་ཚ་རླབས་འཕྱུར་བ་སྦར་མོས་འགེབས་པར་མ་ནུས་ཚེ།།
གངས་ལྗོངས་ལྷ་མི་མགྲིན་དབྱངས་གཅིག་གིས་རེ་ས་ཁྱེད་ལས་མེད་དོ་ཞེས།།
རྒྱལ་སྲིད་ཙབ་རལ་ཉམས་ལ་ཁད་པ་ཁྱེད་ཀྱི་ཕྱག་ཏུ་ནན་གྱིས་གཏད།།
འོན་ཀྱང་མཛངས་འཕྲུལ་ཐབས་མཁས་རྒྱ་མཚོས་བོད་འབངས་བདེ་ཐབས་སྣ་མང་བརྩམས།། ༥           

བསམ་སྦྱོར་ངན་པའི་ཀླ་ཀློའི་རང་གཟུགས་ཉིན་བཞིན་ཇེ་གསལ་གྱུར་པ་ན།།
རྒྱལ་བསྟན་ཆབ་སྲིད་རྨང་ནས་གསོ་ཕྱིར་འཕགས་ཡུལ་ཆིབས་ཞལ་བསྒྱུར་མ་ཐག།
རིང་ནས་དགོངས་པའི་མང་གཙོའི་བདག་དབང་དམངས་ལ་ལྟོས་མེད་བསྩལ་པའི་ཚེ།།
ཀུན་གྱིས་མཐུན་པར་མནའ་གན་ཐུ་མོས་བཀའ་བཞིན་སྒྲུབ་པའི་དམ་བཅའ་ཕུལ།། ༦      

བདེན་པ་བདེན་སར་འཁྱོལ་བར་བྱ་ཕྱིར་དེང་རབས་ཤེས་ཡོན་གལ་ཆེར་དགོངས།།
མ་འོངས་སོན་རྩའི་བོད་ཕྲུག་རྣམས་ལ་དེང་རབས་ཤེས་བྱའི་ལྡེ་མིག་གཏད།།
འཇིག་རྟེན་འདི་ན་གཅེས་ནོར་གཅིག་པུ་བོད་བརྒྱུད་ནང་བསྟན་འོད་པོ་ཆེ།།
མི་ཉམས་འཕེལ་སླད་རིས་མེད་ཆོས་བརྒྱུད་སྲ་བརྟན་ཚུགས་པའི་རྨང་གཞི་གཏིང་།། ༧      

བདེན་མཐའ་གསལ་བའི་རྨད་བྱུང་ཐབས་ལམ་འཚེ་མེད་ཞི་བའི་རྩ་བ་ཅན།།
རྒྱལ་ཕམ་མེད་པར་ཀུན་ལ་འཚམས་པའི་གཉིས་སྨན་དབུ་མའི་ལམ་པོ་ཆེ།།
རིང་མོ་ཞིག་ནས་ཐུགས་ལ་དགོངས་བཞིན་དམར་པོའི་ཕྱོགས་སུ་བསྒྲགས་པ་ན།།
བདེན་མཐའི་སྐྱ་རེངས་ཤར་དང་ལྷན་ཅིག་ཁྱེད་ཉིད་མཇལ་འདོད་ངུ་དབྱངས་གྱེར།། ༨

ཐུབ་པ་མཆོག་དེའི་གདམས་པའི་ཉིང་ཁུ་བྱམས་དང་སྙིང་རྗེའི་རྒྱ་མཚོ་ལས།།
ཉེར་ཐོན་འཚེ་བ་མེད་པའི་མཛད་པས་འཇིག་རྟེན་སྐྱེ་དགུའི་ཡིད་འཕྲོག་སྟེ།།
མཚན་དང་དོན་མཐུན་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་བཀུར་བ་ན།།
སྙན་གྲགས་ཚ་ཟེར་ཕྱོགས་བཅུར་འཕྲོས་པས་ནག་ཕྱོགས་སྙིང་ལ་མུན་པ་བབ།། ༩      

གཞི་ཡི་གནས་ཚུལ་ཇི་ལྟར་ཡིན་ཀྱང་གྲུབ་དོན་གཏན་ལ་འབེབས་པའི་ཚེ།།
དེང་རབས་སྐྱེ་བོའི་བློ་དང་འཚམས་པར་ཟབ་མོ་རྟེན་ཅིང་འབྲེལ་འབྱུང་དོན།།
རྒྱ་ལས་མི་བརྒལ་འདི་དང་བསྟུན་ཞེས་འཇིག་རྟེན་ཀུན་ཏུ་བསྒྲགས་པའི་མཐུས།།
རྟེན་འབྱུང་གཏམ་དེ་རིག་གསར་མཁན་པོའི་གཅེས་ཞིང་ཕངས་པའི་ནོར་དུ་གྱུར།། ༡༠           

རང་གི་ཆོས་ལ་ཨ་འཐས་སེམས་ཀྱིས་ཆོས་ལུགས་གཞན་ལ་དམའ་འབེབས་པ།།
སྤྱི་སྲོལ་འདྲ་ཡང་དེང་གི་དུས་སུ་སྨྲ་བའི་ཉི་མ་ཁྱེད་ཀྱིས་ནི།།
བྱམས་དང་བརྩེ་བ་བཟོད་བསྲན་ལ་སོགས་མཐུན་པའི་བསླབ་བྱ་གཅིག་བསྡུས་ནས།།
སྣ་ཚོགས་ཆོས་ཀྱི་གདམས་པའི་ཉིང་ཁུ་འཇིག་རྟེན་ཀུན་ཏུ་གསལ་བར་བསྒྲགས།། ༡༡      

ཟབ་མོ་རྟེན་འབྱུང་དེ་ཉིད་ངོ་མཚར་འཕགས་མཆོག་ཀླུ་སྒྲུབ་ལས་འོངས་པ།།
དཔལ་ལྡན་ཟླ་བས་བཀྲལ་བ་ཇི་བཞིན་ཉིད་ཀྱིས་ལེགས་པར་དགོངས་པ་གང་།།
རིན་ཆེན་སེམས་དང་ཟུང་དུ་འཇུག་པའི་ལམ་བཟང་དམ་པར་ཉིད་གཤེགས་ནས།།
ཐུགས་ཀྱི་ཉིང་བཅུད་ཟབ་རྒྱས་བདུད་རྩིས་ལྐལ་ལྡན་ཡིད་ཀྱི་ཤིས་པ་བསྒྲུབས།། ༡༢      

གངས་ལྗོངས་བསྟན་སྲིད་ཐུགས་ལ་བརྣགས་པས་གནོད་བྱེད་རྒྱལ་འགོངས་བསྟེན་གསོལ་རྒྱུན།།
སྣུབ་པའི་འཕྲིན་ལས་རིམ་གྱིས་མཛད་བཞིན་བོད་འབངས་སྤྱི་ཡིས་བཀའ་བསྒྲུབས་ཀྱང་།།
ཅོལ་ཆུང་བསོད་དམན་འབྱུང་པོས་རྒྱུད་བསླད་དམར་པོའི་ནོར་གྱིས་བསླུས་པ་འགས།།
ཁུངས་མེད་ཅ་ཅོ་ཕྱོགས་བཅུར་བསྒྲགས་ཀྱང་ཡ་རབས་སུ་ཞིག་ཡིད་རྟོན་བྱེད།། ༡༣

ཐུབ་བསྟན་ཉིན་མོར་བྱེད་པའི་འཕྲིན་ལས་གངས་ཅན་ལྗོངས་སུ་གདལ་བ་ན།།
བསྟན་འཛིན་མཁས་གྲུབ་བྱེ་བའི་རོལ་མཚོ་དཔལ་ལྡན་ན་ལནྜ་ཡི་སྲོལ།།
བཀའ་བབས་མདོ་྄རྒྱུད་གདམས་པའི་ཞལ་ཆབ་སྐྱོངབའི་གངས་ཅན་ཆོས་བརྒྱུད་རྣམས།།
དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་པའི་རྫོགས་ལྡན་བཞིན་རས་གསར་དུ་ངོམས།། ༡༤

མདོར་ན་ཁྱེད་ཀྱི་གསང་གསུམ་མཛད་པར་འགྲན་པའི་ཟླ་ཞིག་འདིར་མཆིས་ན།།
དེ་ནི་ཁྱེད་དེ་ཁྱེེད་ཉིད་ལས་གཞན་ཁྱེད་དང་སྐལ་བ་མཉམ་པ་སུ།།
དེ་ཕྱིར་བདག་ཅག་བོད་འབངས་རྣམས་ཀྱི་མགོན་དཔུང་དམ་པར་བརྟན་བཞུགས་ནས།།
གངས་ཅན་སྐྱེ་འགྲོའི་བསྟན་སྲིད་བདེ་ཐབས་ཐུགས་བཞེད་བཞིན་དུ་ལྷུན་གྲུབ་ཤོག། ༡༥

བདག་ཅག་ཚེ་རབས་སྐྱེ་བའི་ཕྲེང་བར་མགོན་པོ་ཁྱེད་ཀྱིས་རྗེས་བཟུང་སྟེ།།
ངེས་འབྱུང་བྱང་སེམས་ཡང་དག་ལྟ་དང་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལམ།།
ཐུགས་བཅུད་བདུད་རྩི་བུམ་པ་གང་བྱོར་བདག་ཅག་སྙིང་གི་གཟུངས་སྨིན་ཏེ།།
ཇི་སྲིད་འཁོར་བ་མ་སྟོངས་བར་དུ་འགྲོ་བའི་དོན་ལ་སྤྱོད་པར་ཤོག། ༡༦                               

                        ཅེས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསང་གསུམ་མཛད་འཕྲིན་ལས་བརྩམས་ཏེ་བསྟོད་པ་ཕན་བདེའི་གྲུ་ཆར་འགུགས་པའི་དབྱར་རྔ་ཞེས་བྱ་བ་འདི་ནི།   འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་གྱི་འདུས་ལས་ནས་བསྐུལ་བ་བཞིན།   མགོན་པོ་གང་ཉིད་ཀྱི་ཚིགས་སྔ་ཕྱི་གཉིས་ཀའི་མཁན་བུར་གཏོགས་པའི་སྐལ་བ་ཅན།   སྙོམས་ལས་པ་བསྟན་འཛིན་དཔལ་མཆོག་ཏུ་འབོད་པས་ ༢༠༡༡ ཟླ་བ་ ༥ ཚེས་ ༡༥ ཉིན་སྒོ་གསུམ་དང་བ་ཆེན་པོས་རྫོགས་པར་སྦྱར་བའོ།།     །།