Saturday, July 20, 2019

སྐལ་མཉམ་རྒྱུའི་དྲིས་ལན།

དྲི་བ་གཏོང་མཁན་རྩེད་ཐང་ཕུན་ཚོགས་བསྟན་འཕེལ།

དྲི་བ།     ཐར་གསལ་དང་མཆིམས་མཛོད་ནང་། བསམ་བྱུང་གི་བསྒོམས་བྱུང་གི་སྐལ་མཉམ་གྱི་རྒྱུ་བྱེད་པར་གསུངས་པ་དེ་དགོངས་པ་ཇི་ལྟར་འགྲེལ་དགོས་སམ། རང་འགྲེལ་དུ་མེད་པ་གསུངས་འདུག་ལ། དོན་ལ་ཡང་མེད་པ་འདྲ་པོ་འདུག
       ཡང་མཆིམས་མཛོད་ལས་དགེ་བ་སྐྱེས་ཐོབ་ཀྱི་སྐལ་མཉམ་རྒྱུ་ཉོན་མོངས་ཀྱིས་བྱེད་པ་གསུངས་པ་རྣམས་ལན་ཇི་འདྲ་ཞིག་འདེབས་དགོས་སམ།

ལན་ནི།  
                         སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན།།
                         ཐོས་དང་བསམ་བྱུང་ལ་སོགས་པ།།
ཞེས་པའི་རང་འགྲེལ་དུ།
                         འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་
                         བྱུང་བ་རྣམས་ཀྱི་ཡིན་ནོ། །བསམས་པ་ལས་བྱུང་བ་རྣམས་ནི་བསམས་པ་ལས་བྱུང་བ་རྣམས་ཀྱི་
                         ཡིན་ཏེ། བསྒོམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་
                         རྣམས་ནི་ཐོས་པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ། བསམས་པ་ལས་
                         བྱུང་བ་ནི་མེད་པའི་ཕྱིར་རོ།། བསྒོམས་པ་ལས་བྱུང་བ་རྣམས་ནི་བསྒོམས་པ་ལས་བྱུང་བ་རྣམས་
                         ཁོ་ནའི་ཡིན་ནོ།།
ཞེས་འདོད་པ་ན་བསྒོམས་བྱུང་དང་གོང་མ་ན་བསམ་བྱུང་མེད་པར་གསུངས་པས། མཆིམས་མཛོད་ལས་བསམ་བྱུང་གིས་བསྒོམས་བྱུང་གི་སྐལ་མཉམ་གྱི་རྒྱུ་བྱེད་པར་གསུངས་པ་ནི། གྲུབ་མཐའ་གོང་མའི་བཞེད་པ་འཐད་ཕྱོགས་སུ་མཛད་པ་ཡིན་ནམ་སྙམ་སྟེ། རྣལ་འབྱོར་སྤྱོད་པ་བའི་བཞེད་པ་འཐད་ཕྱོགས་སུ་མཛད་པ་གཞན་ཡང་གོང་འོག་ཀུན་ཏུ་མང་ངོ་།། ཐར་གསལ་དུ་དེ་ལྟར་གསུངས་པ་ནི། མཆིམས་མཛོད་ཀྱི་བཞེད་པ་བསྐྱར་བ་ཙམ་ཡིན་གྱི་ ༼ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་རྣམ་ཐར་ནང་། ང་ཚོ་སྣར་ཐང་བ་ཡིན་ན་མཛོད་མཆིམས་མཛོད་ལ་གཙོ་བོར་བྱེད། གསུངས་ཤིང་། ཐར་གསལ་འདི་ཡང་དགེ་འདུན་གྲུབ་པས་མཛོད་ཀྱི་བཤད་ཁྲིད་གནང་སྐབས་སློབ་མ་ (མཚན་མ་དྲན། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་ནང་གསལ།) ཞིག་གིས་ཟིན་བྲིས་གནང་བ་ཞིག་ཡིན་འདུག དེར་བརྟེན་མཆོད་བརྗོད་དུ་དགེ་འདུན་གྲུབ་པར་ཡང་མཆོད་བརྗོད་བྱུང་བ་ཡིན།༽ རང་གི་ལུགས་མིན་པར་སེམས་ཏེ། གནས་བཞི་པར།
                         རང་གི་ས་པའི་བཞི་ཡིན་ཏེ།།
                         གཞན་གྱི་ས་པ་གསུམ་དང་གཉིས།།
ཞེས་པའི་དོན་ཐར་གསལ་དུ་བཤད་པ་ན། དེ་ཉིད་ལས།
                         རང་གི་ས་པའི་འབྲས་བུ་རང་གི་ས་པ་ནི་བྲལ་འབྲས་མ་གཏོགས་པ་བཞི་ཡིན་ནོ།། དེ་མ་གཏོགས་
                         ཏེ། དེ་སས་མ་བསྡུས་པའི་ཕྱིར།   གཞན་གྱི་ས་པའི་ལས་ཀྱི་འབྲས་བུ་གཞན་གྱི་ས་པ་ནི་ཟག་མེད་
                         ཡིན་ན། སྐྱེས་བདག་གཉིས་དང་རྒྱུ་མཐུན་ཏེ་གསུམ་དང་། ཟག་བཅས་ཡིན་ན་སྐྱེས་བདག་གཉིས་སོ༎
ཞེས་ཟག་བཅས་ལ་གཞན་གྱི་ས་པའི་རྒྱུ་མཐུན་གྱི་འབྲས་བུ་མེད་པར་གསུངས་པས། ཟག་བཅས་ལ་གཞན་གྱི་ས་པས་གཞན་གྱི་ས་པའི་སྐལ་མཉམ་གྱི་རྒྱུ་མི་བྱེད་པ་དོན་གྱིས་གོ་བའི་ཕྱིར།
    མཆིམས་མཛོད་ཡིག་ཆུང་དུ།
                         (དེའི་ཤུགས་ལ་དགེ་བ་སྐྱེས་ཐོབ་རྣམས་དང་ཉོན་མོངས་ཅན་རྣམས་ཕན་ཚུན་སྐལ་མཉམ་དུ་
                         བསྟན་ཏེ་དགེ་བ་སྐྱེས་ཐོབ་ཆུང་ངུའི་སྐལ་མཉམ་ཉོན་མོངས་ཅན་ནི་དགེ་རྩ་གཅད་པ་དང་གཉེན་
                         པོས་སྤོང་བའི་དུས་ལྟ་བུའོ།།)                      
ཞེས་གསུངས་པ་འདིས་དགེ་བ་སྐྱེས་ཐོབ་ཀྱི་སྐལ་མཉམ་གྱི་རྒྱུར་ཉོན་མོངས་ཅན་ཡོད་པར་བསྟན་པ་མ་ཡིན་གྱི། དགེ་་སྐྱེས་ཐོབ་དང་ཉོན་མོངས་ཅན་གཉིས་པོ་སོ་སོ་ནས་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པར་མ་ཟད་དམན་པའི་ཡང་སྐལ་མཉམ་གྱི་རྒྱུ་བྱེད་པར་བསྟན་པ་ཡིན་ཏེ།  ཡིག་ཆུང་གི་ཚིག་འདི་དག་གིས་རང་འགྲེལ་གྱི་དོན་བཤད་པ་ཡིན་ལ། རང་འགྲེལ་ལས་ནི་འདི་ལྟར་གསུངས་ཏེ། དེ་ཉིད་ལས།
                         སྐྱེས་ནས་ཐོབ་པ་ཅན་གྱི་དགེ་བའི་ཆོས་རྣམས་ནི་རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་དུ་སྐལ་བ་
                         མཉམ་པའི་རྒྱུ་ཡིན་ཏེ། ཉོན་མོངས་པ་ཅན་རྣམས་ཀྱང་དེ་དང་འདྲའོ།།
ཞེས་སོ།།  དོན་ནི།  དགེ་བ་སྐྱེས་ཐོབ་ཆུང་ངུའི་ཆུང་ངུས་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་གི་མཉམ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་ནས། དགེ་བ་སྐྱེས་ཐོབ་ཆེན་པོའི་འབྲིང་གིས་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའི་བར་མཉམ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་མ་ཟད།  དགེ་བ་སྐྱེས་ཐོབ་ཆེན་པོའི་ཆེན་པོས་ཆེན་པོའི་འབྲིང་གི་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་པ་ནས། དགེ་བ་སྐྱེས་ཐོབ་ཆུང་ངུའི་འབྲིང་གིས་ཆུང་ངུའི་ཆུང་ངུའི་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་པའི་བར་ཏེ། མདོར་ན་དགེ་བ་སྐྱེས་ཐོབ་ཀྱིས་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་བཞིན་དུ་ཁྱད་པར་ཅན་གྱིས་ཀྱང་དམན་པ་ལ་སྐལ་མཉམ་གྱི་རྒྱུ་བྱེད་པས་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། དེ་བཞིན་དུ་ཉོན་མོངས་ཅན་རྣམས་ཀྱང་སྐལ་མཉམ་གྱི་རྒྱུ་བྱེད་ཚུལ་དགེ་བ་སྐྱེས་ཐོབ་དང་འདྲ་བར་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་གྱི་དབྱེ་བ་མེད་པར་དམན་པས་ཁྱད་པར་ཅན་ལ་སྐལ་མཉམ་གྱི་རྒྱུ་བྱེད་པ་བཞིན་དུ་ཁྱད་པར་ཅན་གྱིས་ཀྱང་དམན་པ་ལ་སྐལ་མཉམ་གྱི་རྒྱུ་བྱེད་པས་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན། ཞེས་པ་ཡིན་ཏེ། དེ་ལྟར་ཡང་འགྲེལ་བཤད་རྒྱལ་པོའི་སྲས་ལས།
                         སྐྱེས་ནས་ཐོབ་པ་ཅན་གྱི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ལ་སྐྱེ་བས་ཐོབ་པ་ནི་ནས་ཐོབ་པའོ། །དེ་
                         འདི་དག་ལ་ཡོད་པས་སྐྱེས་ནས་ཐོབ་པ་ཅན་དག་གོ། །རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་དུ་
                         སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་ཆུང་ངུའི་ཆུང་ངུ་རྣམས་ནས་ཆེན་པོའི་ཆེན་པོ་རྣམས་
                         ཁོ་ནའི་བར་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ་ཆེན་པོའི་ཆེན་པོ་ནི་ཆུང་ངུའི་ཆུང་ངུ་རྣམས་ནས་
                         ཆེན་པོའི་ཆེན་པོ་རྣམས་ཀྱི་བར་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །མངོན་པར་འདུ་བྱེད་པ་ལས་
                         བྱུང་བ་མ་ཡིན་པའི་ཕྱིར་མཉམ་པ་དང་ཁྱད་པར་ཅན་དག་ཁོ་ནའི་ནི་མ་ཡིན་ཏེ། སྐལ་བ་མཉམ་
                         པའི་རྒྱུ་མངོན་པར་འདུ་བྱེད་པའི་ལས་བྱུང་བའི་འབྲས་བུ་ནི་དམན་པ་ཡིན་པར་མི་འདོད་ཀྱི་
                         མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་རྣམས་ཀྱང་དེ་
                         དང་འདྲའོ་ཞེས་བྱ་བ་ནི་བརྩལ་བ་ལས་བྱུང་བ་མ་ཡིན་པའི་ཕྱིར་རྣམ་པ་དགུ་པོ་ཐམས་ཅད་ཕན་
                         ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་པས་སྔར་བྱུང་བ་ཐམས་ཅད་ཀྱང་རང་གི་ས་པ་ཕྱིས་འབྱུང་བ་
                         ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ལ་མཉམ་པ་དང་ཁྱད་པར་ཅན་ཉིད་ལ་ལྟས་
                         པ་ནི་མེད་དོ།།
ཞེས་སོ༎  དེ་ལྟར་ན་མཆིམས་མཛོད་ཡིག་ཆུང་གི་གཞུང་ཚིག་དེའི་དོན་ནི།   (སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན།། ཞེས་དགེ་བ་སྦྱོར་བྱུང་ལ་ཟག་མེད་དང་འདྲ་བར་མཉམ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་ཁོ་ན་ཡིན་ཞེས་བཤད་པ་ན། དགེ་བ་སྦྱོར་བྱུང་ཞེས་པ་) དེའི་ཤུགས་ལ་དགེ་བ་སྐྱེས་ཐོབ་རྣམས་ (དམན་པ་དང་མཉམ་པ་དང་ཁྱད་པར་ཅན་གྱི་དབྱེ་བ་མེད་པར་ཕན་ཚུན་སྐལ་མཉམ་གྱི་རྒྱུ་བྱེད་པ་) དང་། (དེ་བཞིན་དུ་) ཉོན་མོངས་ཅན་རྣམས་ (ཀྱང་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་གྱི་དབྱེ་བ་མེད་པར་) ཕན་ཚུན་སྐལ་མཉམ་དུ་བསྟན་ཏེ།  (དཔེར་ན་) དགེ་བ་སྐྱེས་ཐོབ་ (ཆུང་ངུའི་འབྲིང་གིས་) ཆུང་ངུའི་ (ཆུང་ངུའི་) སྐལ་མཉམ་ (གྱི་རྒྱུ་བྱེད་པ་དང་།)  ཉོན་མོངས་ཅན་ (ཆུང་ངུའི་འབྲིང་གིས་ཆུང་ངུའི་ཆུང་ངུའི་སྐལ་མཉམ་གྱི་རྒྱུ་བྱེད་པ་) ནི།  (རིམ་པ་ལྟར་ལོག་ལྟས་) དགེ་རྩ་གཅོད་པ་དང་། གཉེན་པོས་ (ཉོན་མོངས་) སྤོང་བའི་དུས་ལྟ་བུའོ།།  (ཞེས་པ་ཞིག་ཐོབ་བམ་སྙམ་མོ།།)  
༼གུག་ཤད་ (་་་་་་་་) འདི་ནང་ཚུད་པ་རྣམས་ངའི་ཚིག་དང་དཀྱུས་རྣམས་མཆིམས་མཛོད་ཡིག་ཆུང་གི་གཞུང་ཚིག་ཡིན་པ་མཁྱེན་པར་མཛོད།།༽

                         ལེགས་བཤད་གསར་པའི་སྐྱེས་བཟང་འདི།།
                         ཆོས་གྲོགས་ཁྱེད་ལ་འབུལ་ལགས་ན།།
                         ལུང་གི་བསྟན་པ་དར་བའི་སླད།།
                         མ་སྦས་ཀུན་ལ་སྤེལ་བར་མཛོད།།

No comments:

Post a Comment