ངག་དབང་ལྷ་མོ་ལ་བསྔགས་པ་མཚོ་བྱུང་འཛུམ་ཞལ་གྲོལ་བའི་གླུ་དབྱངས།
སྲིད་ཞིའི་མཛེས་སྡུག་མ་ལུས་གཅིག་བསྡུས་པའི།།
མཚན་དཔེའི་ལང་ཚོ་རྫོགས་ཤིང་ཤེས་བྱའི་གནད།།
རྒྱུད་མངས་སྒྲ་ལས་དྲངས་མཛད་ཚངས་སྲས་མ།།
ལེགས་བཤད་སྣང་བའི་གཏེར་ཆེན་བདག་ལ་སྩོལ།།
ཁྱེད་ཀྱི་སྤྱི་གཙུག་ཟླ་བས་སྤུད་པ་ནི།།
གདུལ་བྱའི་སྐར་ཚོགས་མགོན་དཔུང་བདག་གོ་ཞེས།།
གསལ་བར་མཚོན་ན་བདག་གི་མགྲིན་པའི་སྦུབས།།
ལེགས་བཤད་འོད་དཀར་བྱེ་བའི་དཔལ་དུ་མཛོད།།
རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་ལྷ་མོའི་སྐུར།།
ཤར་ཡང་རྒྱ་མཚོའི་བུ་མོར་མཚན་གསོལ་ན།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་མགུར་ཁང་དེ།།
ལེགས་བཤད་ཆུ་གཏེར་ཆེན་པོའི་ཀློང་དུ་སྒྱུར།།
དཔག་མེད་བསྐལ་པར་ཐུགས་རྗེ་ལེགས་གོམས་པ།།
འདབ་སྟོང་གེ་སར་རྩེ་ན་ལྷུན་ཆགས་པར།།
བཞུགས་པས་གོ་ཕྱིར་ཁྱེད་ལ་རེ་བ་ཡི།།
བུ་ལ་བཏང་སྙོམས་མཛད་པ་ག་ལ་སྲིད།།
རྨད་བྱུང་ལུས་ཕྲའི་ངོ་མཚར་འབུམ་རྫོགས་ཀྱང་།།
ངག་གི་དཔལ་ལ་འདོད་དགུར་དབང་འབྱོར་བའི།།
བསྔགས་པ་དོན་མཐུན་ས་གསུམ་ཡོངས་གང་བས།།
བསྟོད་པའི་སྦྱོར་བ་གཞན་གྱི་གོ་སྐབས་འཕྲོག།
མ་ལྟར་གདུལ་བྱ་བརྩེ་བས་སྐྱོང་བའི་ཕྱིར།།
མ་ཡེངས་རྟག་ཏུ་སེམས་པའི་བུ་ཆུང་ལ།།
མཧཱ་པྲཉྫཱའི་དངོས་གྲུབ་རིངས་བསྩལ་ཏེ།།
མ་གཅིག་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས།།
དུས་གསུམ་རྒྱལ་བའི་ཡུམ་གྱུར་ངག་གི་ལྷ།།
དུས་རྣམས་ཀུན་ཏུ་ཁྱེད་ལ་བདག་རེ་ན།།
དུས་ཀུན་བརྩེ་བས་མ་དོར་བློ་ཡི་ཁྱོན།།
དུས་གསུམ་གསལ་གཟིཌ་མཁྱེན་པའི་རྒྱ་མཚོར་མཛོད།།
གནས་ལུགས་ཟབ་མོའི་སྒོམ་པ་ཕ་མཐར་ཕྱིན།།
ཕྱིན་དྲུག་བསྡུ་བཞིའི་ཉམས་ལེན་ཡོངས་སུ་རྫོགས།།
རྫོགས་པའི་བྱང་ཆུབ་མངོན་མཛད་བཅོམ་ལྡན་མ།།
མ་སྐྱེས་ཆོས་ཉིད་ཀློང་ནས་བདག་ལ་གཟིགས།།
སྐྱོང་ཞིང་སྲུང་བས་དེ་རྣམས་གནས་ལ་དད།།
དད་ལ་གནས་རྣམས་དེ་བས་སྲུང་ཞིང་སྐྱོང་།།
བརྩེ་བས་མ་བཏང་མ་བས་བརྩེ།།
མ་གཅིག་མ་གཡེལ་མ་གཅིག་མ།།
བུ་ལ་བརྩེ་བས་བརྩེ་ལ་བུ།།
ཐར་པར་རིངས་པ་རིངས་པར་ཐར།།
རྣམ་མཁྱེན་ཆོས་ཀློང་ཆེན་པོའི་དབྱིངས་ཤད་ན།།
ན་ཆུང་དར་ལ་དྲག་པའི་མཛེས་ལྡན་ཞིག།
ཞིག་མེད་རྟག་པའི་རྒྱལ་ས་ཟིན་ན་ཡང་།།
ཡང་ཡང་ང་ཡི་ཕྱོགས་ལ་གཟིགས་པ་དགྱེས།།
སྣ་ཚོགས་སྤྲུལ་པའི་རོལ་གར་མཐའ་ཀླས་པ།།
ད་དུང་ཁྱོད་དུ་ངེས་པ་མ་རྙེད་ཀྱང་།།
བློ་ཡི་འཇུག་པ་ཉིན་བྱེད་དཔལ་ལ་འཁུ།།
དུབ་པའི་ཡིད་ལ་དེ་ཡིས་ངལ་གསོ་བྱིན།།
སྲེད་པའི་འདམ་གྱི་སྐྱོན་ཀུན་བཅད་ཀྱང་སླར།།
གདུལ་བྱའི་འགྲོ་ལ་ཆགས་པས་རྟག་བཅིངས་པས།།
ཁྱོད་ལ་འཁོར་བའི་བུང་བ་གཞོན་ནུ་དེ།།
སྲོག་དང་འབྲལ་ཡང་ཁྱོད་ལ་དམ་དུ་འཁྱུད།།
རྣམ་དག་ཡིད་ཀྱི་ཟླ་ཤེལ་རྩིག་ངོས་ལ།།
དད་པའི་པིར་གྱིས་བྲིས་པའི་ཁྱོད་ཀྱི་སྐུས།།
བྱིན་རླབས་བདུད་རྩིའི་ཟིལ་དངར་སྤྲོ་བ་ན།།
རིག་པའི་དགའ་སྟོན་མྱོང་བའི་ཤིས་པ་འགྲུབ།།
ཁྱོད་ཞབས་བསྙེན་པས་དགེ་མཚན་མང་ཐོབ་ཀྱང་།།
བློ་ཡི་ནོར་ལ་ཆོག་ཤེས་མ་ནུས་ནས།།
སྨྲ་བ་ནམ་མཁའ་མཛོད་ཀྱི་འདུན་པ་ཡིས།།
ཁྱོད་ཞལ་མཐོང་ལ་སྐོམ་པས་ཆུ་འདོད་བཞིན།།
རབ་ཏུ་བྱུང་ནས་ལུས་ཕྲའི་བཞིན་རས་ལ།།
བལྟ་བ་ཙམ་ཡང་བཀག་མོད་ཁྱོད་ཞལ་ལ།།
མཇལ་འདོད་བཙུན་པ་དེ་ཡིས་ཁྱོད་མཐོང་ན།།
ཐུབ་པ་དེས་ཀྱང་དགོངས་ཡངས་ཅིས་མི་སྟེར།།
ལེགས་བཤད་རྣ་བའི་བུ་གར་སིམ་པའི་ཚེ།།
ཁྱོད་ཀྱི་དབྱངས་སུ་ཞེན་ནས་བཙལ་ན་ཡང་།།
མ་ཾམཐོང་སྐྱོ་ནས་ཅི་བྱ་བྲལ་བ་ན།།
སྙན་ཚིག་ཆང་གིས་ཟ་ཟིའི་ཚོར་བ་བསྟེན།།
ཡིད་འོང་ཤེས་རབ་དགའ་མ་གཏན་གྲོགས་སུ།།
ཐོབ་ནས་ཅི་དགར་སྤྱོད་པའི་སྐབས་རྙེད་ན།།
རྙེད་བཀུར་ནོར་སོགས་ཕྲན་ཚེགས་བདེ་བ་དག།
ཡོངས་སུ་དོར་བའི་སྤྲོ་བ་བདག་གིས་བརྟས།།
ཁྱོད་ཀྱི་རྣམ་དཔྱོད་ཉི་མ་ཤར་འདྲ་བ།།
དེ་ནི་བདག་གིས་བྱིན་པའི་ལེགས་སྐྱེས་ཞེས།།
མཚོ་བྱུང་རྒྱལ་མོས་ལྗགས་ཡངས་གྲོལ་ངེས་ཀྱང་།།
ཁྱོད་གསུང་མ་ཐོས་འདི་ནི་བདག་གི་ནོངས།།
འོད་དཀར་ཅན་མས་བསིལ་ཟེར་སྤྲོ་བ་ནི།།
ཛ་ཧུའི་བུ་མོའི་གཟི་བྱིན་ཡིན་ན་བསམས།།
ཆུ་གཏེར་རྒྱས་པའི་རླབས་ཕྲེང་རྒོད་པ་ཡང་།།
གཞུང་ལུགས་རྒྱ་མཚོར་དཔྱོད་པའི་བློ་རུ་བསྒོམས།།
No comments:
Post a Comment