Sunday, July 21, 2019

སྐྱེ་མཆེད་ཀྱི་མིང་ཅན་སྐབས་དོགས་ལན།

དྲི་བ་གཏོང་མཁན་རྩེད་ཐང་ཕུན་ཚོགས་བསྟན་འཕེལ།


དྲི་བ།  སྐྱེ་མཆེད་ཀྱི་མིང་ཅན་སྐྱེ་མཆེད་ཀྱིས་བསྡུས་པའི་སྐབས་སུ། འདུ་ཤེས་མེད་པ་པ་དེ་དྲི་རོ་མ་གཏོགས་པའི་སྐྱེ་མཆེད་བཅུས་བསྡུས་པར་གསུངས་འདུག་པས། སྒྲ་ཡི་སྐྱེ་མཆེད་ཀྱིས་བསྡུས་ཚུལ་ཇི་ལྟར་ཡིན་ནམ། སྒྲ་ཡིན་པ་ཡོད་པ་འཇོག་ན་མི་འཐད་པར་མཐོང་སྟེ།
                         མེད་པར་སེམས་དང་སེམས་བྱུང་རྣམས།།
                         འགོག་པའོ་རྣམས་སྨིན་དེ་འབྲས་ཆེ།།
ཞེས་གསུངས་པ་ལྟར་དེ་ལ་རྣམ་སྨིན་ཡིན་དགོས་པས་སོ།། ཞེས་པའི་དྲི་བ་ཞིག་སླེབས་ན་ལན་ཇི་ལྟར་འདེབས་དགོས་སམ།

ལན།     གནས་གཉིས་པར།
                         འགོག་པའོ་རྣམས་སྨིན་དེ་འབྲས་ཆེ།།
ཞེས་པ་ལྟར།  འདུ་ཤེས་མེད་པ་པ་རང་ཉིད་རྣམ་སྨིན་ཡིན་ཀྱང་།  སྒྲ་ལྟ་བུ་རྣམ་སྨིན་གཏན་མ་ཡིན་པ་དང་། གཟུགས་ལ་སོགས་པ་རྣམ་སྨིན་ཡིན་མིན་ཅི་རིགས་པའི་སྐྱེ་མཆེད་དགུ་སྟེ། སྐྱེ་མཆེད་བཅུ་ཁྱོད་ལ་ལྡན་པར་མི་འགལ་བས།  རྣམ་སྨིན་ཡིན་མིན་གང་ཡིན་ཡང་རུང་དྲི་རོ་མ་གཏོགས་པའི་སྐྱེ་མཆེད་བཅུ་དང་ལྡན་པའི་ཆ་ནས་ཁྱོད་དེ་བཅུས་བསྡུས་པ་གསུངས་ཏེ། དཔེར་ན་གཟུགས་སུ་གྱུར་པའི་གང་ཟག་མེད་ཀྱང་ཡང་དག་པར་ངེས་པ་དང་ལོག་པར་ངེས་པ་དང་མ་ངེས་པའི་གང་ཟག་རྣམས་ཕུང་པོ་ལྔ་ཆར་གྱིས་བསྡུས་པར་གསུངས་པ་མི་འགལ་བ་བཞིན་ནོ།། འོ་ན་སྒྲ་ཡི་སྐྱེ་མཆེད་དེ་འདུ་ཤེས་མེད་པ་པ་ལ་ལྡན་ཚུལ་ཇི་ལྟར་ཡིན་སྙམ་ན། དེའི་ཚུལ་ཡོད་དེ། ཟིན་པའི་འབྱུང་བ་ལས་གྱུར་པའི་སེམས་ཅན་ལ་མི་སྟོན་པའི་སྒྲ་ལྡན་པའི་ཕྱིར་ཏེ།  དེའི་ལུས་སམ་ལུས་ཀྱི་ཆ་ཤས་གང་ཡང་བསྒུལ་བསྐྱོད་ལ་སོགས་པའི་ཚེ་སྒྲ་འབྱུང་བ་གང་ཞིག །དེ་ཁྱོད་ཀྱི་སྒྲར་བཞག་དགོས་པའི་ཕྱིར།  དེ་ལྟ་མ་ཡིན་ན། གནས་གཉིས་པར།
                         འདོད་ན་དབང་པོ་མེད་པ་དང་།།
ཞེས་སོགས་ཀྱི་ཐད་ཀྱི་མཆིམས་མཛོད་དུ།
                         དེ་བཞིན་དུ་བརྒྱད་དང་དགུ་དང་བཅུ་དང་ལྡན་པ་དེ་དག་སྒྲ་དང་བཅས་པར་སྐྱེ་ན་ནི་དགུ་དང་
                         བཅུ་དང་བཅུ་གཅིག་དང་ལྡན་པར་འགྱུར་ཏེ། དེ་དག་དང་སྒྲ་གཞན་དུ་བགྲང་བའི་ཕྱིར་རོ།།
                          གཟུགས་ཁམས་ན་ནི་དྲི་རོ་མེད་པའི་ཕྱིར་དབང་པོ་མེད་པ་ནི་དྲུག་དང་། ལུས་ཀྱི་དབང་པོ་དང་
                         ལྡན་པ་བདུན་དང་། དབང་པོ་གཞན་དང་ལྡན་པ་བརྒྱད་དང་། སྒྲ་དང་བཅས་ན་དགུ་ལྷན་ཅིག་
                         སྐྱེ་བ་ཡིན་ལ།  
ཞེས་འདོད་གཟུགས་ན་ལུས་དབང་སྒྲ་དང་བཅས་པར་སྐྱེ་བ་ན་རིམ་པ་བཞིན་རྫས་བཅུ་དང་བརྒྱད་དང་ལྷན་ཅིག་སྐྱེ་བར་གསུངས་པས།  དེ་འདྲ་བའི་སྒྲ་དེ་ངག་གི་སྨྲ་བརྗོད་འབའ་ཞིག་ལ་བཤད་དགོས་ན་ཧ་ཅང་ཐལ་ལམ་སྙམ་མོ།།

No comments:

Post a Comment