གྲུབ་པའི་དབང་ཕྱུག་ྋམཚུངས་མེད་བཤེས་གཉེན་ཆེན་པོ་རྒྱ་མཚོ་སྦྱིན་པ་མཆོག་ལ་
གསོལ་བ་འདེབས་པའི་གདུང་དབྱངས་དད་པའི་འོ་མཚོ་ཞེས་བྱ་བ།
སྐུ་མཚན་དཔེ་ཟིལ་དངར་ལྷམ་མེར་བློ་ལ་འཆར་བཞིན།།
གསུང་ཟབ་མོ་མ་ཡལ་ལྷང་ངེར་ཡིད་ལ་འཁོར་བཞིན།།
ཐུགས་ཞི་དུལ་བག་ཡོད་ལྷན་ནེར་སེམས་ལ་དྲན་བཞིན།།
ཕ་བླ་མར་དད་དོ་བྱང་ཆུབ་བར་དུ་ཟུངས་ཤིག།
ཐུགས་དྲི་མ་མེད་པ་བརྩེ་ཆེན་ཐུགས་རྗེའི་བདག་ཉིད།།
གསུང་དྲི་མ་མེད་པ་ཟབ་རྒྱས་ཆོས་ཀྱི་གཏེར་མཛོད།།
སྐུ་དྲི་མ་མེད་པ་མཐོང་ན་མི་མཐུན་མེད་པའི།།
སྐྱབས་བླ་མ་དྲན་ནོ་སྙིང་གི་ཟེ་འབྲུར་བཞུགས་ཤིག།
སྐུ་འཚོ་ཞིང་བཞུགས་ཚེ་སང་ཕོད་མཇལ་ཡོང་བསམས་ཀྱང་།།
དུས་ད་ལྟ་ཡིན་ན་མཚན་སྙན་ཙམ་ཞིག་ལྷག་པས།།
མཆོག་གསང་གསུམ་མཛད་སྤྱོད་རེ་རེ་ཡིད་ངོར་ཤར་དུས།།
སྐྱོ་དད་དང་གུས་པ་ཕན་ཚུན་འགྲན་བཞིན་འདུག་གོ།
ཐུགས་དམིགས་པ་མེད་པའི་བརྩེ་བས་ཕངས་པ་མེད་པར།།
ཆོས་བདུད་རྩི་དམ་པ་དེ་དང་དེ་དག་བསྩལ་ཅེས།།
དེ་བསམ་གྱིན་བསམ་གྱིན་མིག་ཟུང་མཆི་མས་བརྣང་བཞིན།།
མགོན་བཤེས་གཉེན་དྲན་ནོ་ཆོས་ཀྱི་དབྱིངས་ནས་གཟིགས་མཛོད།།
དུས་སྙིགས་ལྔའི་རང་མདངས་ཚ་རླབས་འཕྱུར་བའི་དུས་འདིར།།
སྒོ་དེ་དང་མ་བསྟུན་སྡེ་སྣོད་གསུམ་ལ་བཅོལ་ནས།།
ཆོས་ཁ་རུ་མ་ལུས་ཞེ་བས་སྒྲུབ་པའི་སྐྱེས་ཆེན།།
རྗེ་ཐེག་མཆོག་བཤེས་གཉེན་དྲན་གྱིན་སྙིང་ནས་དད་དོ།།
རྟེན་དོན་ཆེན་རྙེད་དཀའི་དལ་འབྱོར་རིན་ཆེན་རྙེད་ནས།།
མགོན་བཤེས་གཉེན་ཁྱེད་ལས་ཆོས་ཀྱི་གོ་སྐལ་ཐོབ་པ།།
ངའི་སྒོ་གསུམ་སྤྱོད་པ་རང་ལ་མངོན་དུ་གྱུར་ཕྱིར།།
འདི་རང་མཐུ་མ་ཡིན་ཁྱེད་ཀྱི་དྲིན་དུ་ངེས་སོ།།
ཕྱི་ངེས་འབྱུང་རྣམ་དག་ཚུལ་ཁྲིམས་དག་པའི་དགེ་སྦྱོང་།།
ནང་རིན་ཆེན་སེམས་མཆོག་ཡང་དག་ལྟ་བས་ཕྱུག་ལ།།
གསང་རིམ་གཉིས་ཟབ་མོའི་ཉམས་རྟོགས་དྲོད་ཚད་ལྡན་པའི།།
ཕ་གྲུབ་པའི་དབང་ཕྱུག་རྒྱ་མཚོའི་མཚན་ཅན་མཁྱེན་ནོ།།
ཕྱི་ལུས་ངག་སྤྱོད་པ་ཐ་མལ་ལས་ཀྱང་ཐ་མལ།།
ནང་སེམས་ཀྱི་འཁྱེར་སོ་ཁྱིམ་པར་འགྲན་པ་ལྟར་ཡང་།།
སྐྱབས་མཆོག་གསུམ་འདུས་ཞལ་ཁྱེད་ཀྱི་ཞབས་པད་ཟིན་ཏེ།།
གསུང་བདུད་རྩི་མྱངས་པའི་བཀའ་དྲིན་གང་གིས་གཞལ་ལམ།།
གནས་དག་པའི་ཞིང་ཁམས་གང་ན་ཁྱེད་ཉིད་བཞུགས་ཀྱང་།།
ལས་སྨོན་ལམ་འབྲེལ་བའི་དམ་ཚིག་གཙང་བའི་སློབ་བུ།།
ཡིད་རྙོག་པ་མེད་པས་ཁྱེད་ལ་སྐྱབས་སུ་མཆི་ན།།
ཐུགས་བརྩེ་བ་མ་ལྷོད་བདག་ལ་དགོངས་སུ་གསོལ་ལོ།།
ཉིད་གཤེགས་པའི་འོག་ན་ཤུལ་དུ་ལུས་པ་ངེད་ཅག།
སེམས་རང་སར་མ་གནས་ཁྱེད་ཉིད་རྟག་པར་ཤར་བས།།
དབྱིངས་དག་པའི་ཀློང་ནས་བརྩེ་བའི་སྤྱན་ཞགས་རིང་མོས།།
ལན་གཅིག་གཉིས་མིན་པར་གཏན་དུ་འཆིང་བར་མཛོད་ཅིག།
རྒན་རིན་པོ་ཆེའི་དགོངས་རྫོགས་ཀྱི་ཉིན་མོར་
སློབ་བུ་ཤྲཱི་མིང་པས།
No comments:
Post a Comment