དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ་བདུད་སྡེ་མཐར་བྱེད་འདོད་དགུའི་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།།
བྷྱོཿ རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་དྲག་མོའི་སྐུར།།
ཡོངས་བཞེངས་དམག་ཟོར་རྒྱལ་མོ་རེ་མ་ཏི།།
གདུལ་བྱར་འཚམས་པའི་གང་འདུལ་སྤྲུལ་པའི་གར།།
སྟོན་མཛད་ཡུམ་ཆེན་སྙིང་གི་དཀྱིལ་དུ་བཞུགས།། ༡
དམ་ཉམས་བསྒྲལ་བའི་ཁྲག་དང་ཞག་གི་མཚོ།།
རྦ་ཀློང་རབ་ཏུ་འཁྲུག་ཅིང་འཁོལ་བའི་དབུས།།
སྡང་དགྲའི་སྲོག་གི་རྒྱུ་བ་སྐད་ཅིག་ལ།།
གཏོར་བའི་རླུང་ནག་འཚུབ་མའི་ཀློང་དཀྱིལ་ན།། ༢
སྟོང་གསུམ་ཡུད་ཀྱིས་མྱུལ་བའི་རླུང་ཤོག་ཅན།།
སྲིན་པོའི་ཐོད་པས་སྒ་དང་པགས་པས་གཡོགས།།
གདུག་པའི་སྦྲུལ་གྱི་གོང་སྨད་སྲབ་ཐུར་ཅན།།
དྲེའུ་རྐྱང་སེར་གྭ་པའི་གདན་སྟེང་དུ།། ༣
ཧ་ལའི་མདངས་ལྡན་མར་གད་རི་བོའི་རྩེར།།
མཚམས་སྤྲིན་གསར་པ་ལང་ལོང་གཡོ་བ་ལྟར།།
སྐུ་མདོག་མཐིང་ནག་རབ་ཏུ་རྔམས་པ་ལ།།
དམར་སེར་རལ་པ་ཟིང་བས་དགྲ་སྙིང་འགུལ།། ༤
སྤྱན་གསུམ་གཡོ་བ་གློག་དམར་སྟོང་གིས་མཁྱུད།།
ཤངས་སྦུག་འབར་བའི་ཀློང་ནས་ཧུར་སྒྲ་འཛེར།།
སྲིད་གསུམ་ཟ་བའི་ཞལ་ནས་སྐྱི་གཡའ་བའི།།
གད་རྒྱངས་དྲག་པོས་དགྲ་བགེགས་སྙིང་ཁ་འཐོར།། ༥
གཡས་པའི་ཕྱག་གིས་བེ་ཅོན་གདེངས་ཙམ་གྱིས།།
བདུད་ཀྱི་མགོ་བོ་ཚལ་པ་བརྒྱར་གས་ཤིང་།།
ནལ་བུའི་ཐོད་དུ་ཁྲག་ཞག་དྲོན་མོ་ཡིས།།
ནག་ཕྱོགས་གཟིར་ཡང་བསྟན་འཛིན་བུ་བཞིན་སྐྱོང་།། ༦
བསྟན་གཤེད་སྲོག་རྩ་ཡུད་ཀྱིས་གཅོད་བྱེད་པའི།།
ཕྱག་ཞབས་སེན་མོ་ལྕགས་ཀྱུ་བཞིན་དུ་རྣོ།།
ཡན་ལག་རིད་ཅིང་དམ་ཉམས་དངངས་པའི་ཕྱིར།།
འདོད་པའི་མྱོས་བུམ་ཟུང་ཡང་ཐུར་དུ་དཔྱངས།། ༧
དམ་ལྡན་དུས་ལས་མ་ཡོལ་སྐྱོབ་པའི་བརྡར།།
བདེ་ཆེན་འཁོར་ལོ་རྨ་བྱའི་གདུགས་ཀྱིས་བརྒྱན།།
དཀར་ནག་གོ་ལོག་མི་སྤྱོད་གདམས་པའི་སླད།།
ལྟེ་བ་ཉིན་བྱེད་སྤྱི་གཙུག་ཟླ་བས་སྤུད།། ༨
སྡིག་ཅན་བམ་རོ་གསོལ་བས་བདེ་ཆེན་རྒྱས།།
རིགས་ལྔའི་རྒྱལ་བ་ཐོད་སྐམ་ཚུལ་དུ་བརྗིད།།
བཅད་པའི་མཚམས་ནས་ཁྲག་གི་རྒྱུན་འཛག་པའི།།
དགྲ་བགེགས་མགོ་རློན་ལྔ་བཅུ་མགུལ་དུ་འཆང་།། ༩
སྙན་གཡས་གདོང་ལྔས་གདུག་ཅན་ཀླད་པ་འགེམས།།
གཡོན་དུ་བཙན་དུག་ངར་བའི་འཁྱོག་འགྲོའི་དབང་།།
བསྟན་ལ་གནོད་བྱེད་ཞིང་བཅུ་ཚང་བའི་བགེགས།།
ཁ་རླངས་རྩུབ་མོས་ཆོས་ཀྱི་དབྱིངས་སུ་སྒྲོལ།། ༡༠
མི་པགས་རློན་པས་སྐུ་སྟོད་ཀླུབ་བྱེད་ཅིང་།།
སྟག་པགས་ཤམ་ཐབས་སྦྲུལ་ནག་ཆུན་པོས་བཅིངས།།
ཅི་འདོད་མངོན་ཤེས་འཆར་བའི་དཀར་ནག་ཤོ།།
དྲུམ་ནད་ལ་སོགས་ནད་ཀྱི་རྐྱལ་པ་དང་།། ༡༡
ཚོན་གྱི་དྲུ་གུ་བདུད་ཀྱི་ཁྲམ་ཤིང་སོགས།།
ཁམས་གསུམ་དྲེགས་ལྡན་ཆེ་དགུ་ཟིལ་གནོན་པའི།།
རྔམ་བརྗིད་དྲག་པོའི་ཆོ་ག་ཡོངས་རྫོགས་པ།།
སྲིད་གསུམ་བདག་མོ་སྲིན་མོ་ཆེན་མོར་བསྟོད།། ༡༢
གཞན་ཡང་སྔ་ཕྱིར་རྒྱུ་བའི་ལས་མཁན་ཟུང་།།
བདུད་མོ་བཞི་དང་ཚེ་རིང་མཆེད་ལྔ་དང་།།
བསྟན་མ་བཅུ་གཉིས་ལ་སོགས་དམ་ཅན་ཚོགས།།
ཐོགས་མེད་འཕྲིན་ལས་མ་གཡེལ་སྒྲུབ་ལ་བསྟོད།། ༡༣
ཁྱོད་ལ་རྩེ་གཅིག་གུས་པས་བསྟོད་པ་བདག།
རྒྱལ་བའི་གསུང་རབ་དགོངས་འགྲེལ་བཅས་པ་ལ།།
ཐོས་བསམ་སྒོམ་པས་བྱ་བ་མཐར་ཕྱིན་པའི།།
བར་ཆད་སེལ་ཞིང་མཐུན་རྐྱེན་མ་ལུས་སྒྲུབས།། ༡༤
འདོད་ཁམས་བདག་མོ་སྲིད་གསུམ་དབུལ་སེལ་མ།།
བདག་གིས་ལེགས་ཉེས་ཁྱེད་ལ་བཅོལ་ལགས་ན།།
འཕྲལ་ཡུན་ཆོས་མཐུན་འདོད་དགུ་ཡིད་བཞིན་དུ།།
འགྲུབ་པའི་རྣམ་བཞིའི་འཕྲིན་ལས་སྒྲུབ་པར་མཛོད།། ༡༥
རྒྱལ་ཀུན་གསུང་དབྱངས་གཅིག་བསྡུས་བཞིན་ལག་སྐུ།།
སྒྲ་དབྱངས་ལྷ་མོས་རྨོངས་མུན་སེལ་དང་ལྷན།།
དངོས་གྲུབ་འདོད་དགུར་སྩོལ་མཛད་རེ་མ་ཏིས།།
བར་ཆད་ཉེར་འཚེ་ཀུན་ལས་སྐྱོབ་པར་གསོལ།། ༡༦
བདག་གི་སྒོ་གསུམ་བྱ་བ་བག་མེད་པས།།
ཁྱོད་ཐུགས་དགྱེས་པའི་རེ་བ་ཆེས་ཕྲ་ཡང་།།
རྩེ་གཅིག་གུས་པས་ཁྱོད་ལ་གསོལ་འདེབས་ན།།
དམིགས་མེད་ཐུགས་རྗེས་རེ་བ་འབྲས་ལྡན་མཛོད།། ༡༧
ཡིད་ཀྱི་གུད་དུའང་ཁྱོད་ཉིད་མེད་པ་ཡང་།།
ཁྱོད་ཀྱི་བརྩེ་བས་གཏོང་བར་མི་མཛད་ན།།
འདོད་དོན་ཡོད་དགུ་ཁྱོད་ལ་རེ་བ་དེ།།
བརྩེ་བའི་གདུལ་བྱར་གཞན་ལས་ཅིས་མི་ལྷག། ༡༨
དེ་ཕྱིར་སྐྱེ་ཀུན་རྩ་བའི་བླ་མ་དང་།།
དབྱེར་མེད་ལྷ་མོ་ཞི་ཁྲོར་སྐད་ཅིག་ཀྱང་།།
མི་འབྲལ་སྙིང་ནས་གསོལ་བ་བཏབ་པའི་མཐུས།།
ཁྱོད་ཞལ་མཐོང་ནས་ཚེ་རབས་རྗེས་འཛིན་ཤོག། ༡༩
ནམ་མཁའི་མཐར་ཐུག་མར་གྱུར་འགྲོ་བའི་ཕྱིར།།
ཀུན་མཁྱེན་གྲོང་ཁྱེར་ཆེ་དེར་མ་ཞུགས་བར།།
ལམ་གཙོ་གསུམ་དང་རིམ་གཉིས་རྣལ་འབྱོར་ལམ།།
ཉམས་མྱོང་རྣལ་མ་སྐྱེ་བའི་གྲོགས་བྱེད་ཤོག། ༢༠
ཅེས་མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ་བདུད་སྡེ་མཐར་བྱེད་འདོད་དགུའི་མཆོག་སྦྱིན་ཞེས་བྱ་བ་འདི་ནི། རྒྱལ་བ་ཀུན་གྱི་ཡུམ་གཅིག་ངག་དབང་ལྷ་མོ་ཞི་དྲག་ལ་བརྟེན་ནས་འཕྲལ་ཡུན་གྱི་བྱ་བ་ཀུན་འགྲུབ་ཏུ་རེ་བའི་བྷུ་སུ་ཀུ་བསྟན་འཛིན་དཔལ་མཆོག་ཏུ་འབོད་པས། ཕྱི་ལོ་༢༠༡༡/ ༩/ ༡ ཉིན་མཇུག་རྫོགས་པར་སྦྱར་བའོ།། །།
No comments:
Post a Comment